རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་བཅུ་དགུ་པ་རེབ་གོང་དུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-19


        ཟླ7པའི་ཚེས19ཉིན་རྒྱལ་ཡོངས་བོད་སྐད་སྨྱན་སྦྱོར་མཐུན་སྦྱོར་ལས་གཉེར་ཚོགས་འདུ་སྐབས་བཅོ་བཅུ་དགུ་པ་རེབ་གོང་གསེར་མོ་ལྗོངས་དུ་ཚོགས་པ་དང་། ཐེངས་འདིའི་ཚོགས་ཡུན་ཉིན་ལྔ་ཡིན་ཞིང་། རྨ་ལྷོ་བོད་ཡིག་ཚགས་པར་ཁང་དང་རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་རེད།

        རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ནི་ལོ་རེར་ཐེངས་རེར་འཚོགས་བཞིན་ཡོད་ལ། ད་ལོའི་ཚོགས་སྟེང་དུ་རྨ་ལྷོ་ཁུལ་དམངས་ཆེན་ཀྲུའུ་རིན་ཀླུ་རྒྱལ་ཚེ་རིང་དང། རྨ་ལྷོ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་སྒྲོག་པུའུ་པུའུ་ཀྲང་ལི་ཞུའེ་ཅོན།བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཁོངས་མིའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན། རྨ་ལྷོ་ཚགས་པར་ཁང་གི་ཧྲེ་ཀྲང་ངམ་སྤྱི་ཁྱབ་རྩོམ་སྒྲིག་པ་པ་ཀའོ་ཀོང་ཀྲི། རྨ་ལྷོ་ཚགས་ཁར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པའམ་རྨ་ལྷོ་ཁུལ་རྩོམ་རིག་མཐུན་ཚོགས་ཀྲུའུ་ཞི་རྡོ་རྗེ་ཚེ་བརྟན་བཅས་མགོ་ཚུགས་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

        ཐེངས་འདིར་ད་དུང་སྔོན་མའི་རྨ་ལྷོ་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཀའོ་བན་ལིན། སངས་རྒྱས། ཀྲའོ་ཧྲིན་ལིན། རིན་ཆེན་རྡོ་རྗེ། སྔོན་མའི་རྨ་ལྷོ་བོད་ཡིག་ཚགས་པར་ཁང་གི་ཀྲུའུ་རིན་ཀླུ་བྱམས་རྒྱལ་བཅས་མགོ་ཁྲིད་རྒན་པ་གདན་ཞུ་ཞུས་ཏེ་གུས་པའི་ཁ་བཏགས་ཕུལ་བ་རེད།


        ཐེངས་འདིའི་ཚོགས་འདིར་བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་བོད་ཡིག་གསར་འགྱུར། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། དཀར་མཛེས་ཉིན་རེའི་ཚགས་པར། རྔ་བའི་ཚགས་པར། གཞིས་རྩེ་ཚགས་པར། བདེ་ཆེན་ཉིན་རེའི་ཚགས་པར་དང་། བོད་ལྗོངས་བརྙན་འཕྲིན་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཁམས་པའི་བརྙན་འཕྲིན་ཁང་། ཀྲུང་གོ་བོད་ཀྱི་དྲ་བ། མཚོ་སྔོན་ཞིང་ཆེན་མཉམ་སྦྲེལ་དྲ་བའི་གསར་འགྱུར་ལྟེ་གནས། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས་སོགས་པེ་ཅིན་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་སོགས་ཞིང་ལྗོངས་ཀྱི་བོད་ཡིག་ཚགས་པར་ཁང་དང་དུས་དེབ་ཁང་། རྒྱང་སྒྲོག་བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་བྱད་ལས་ཁུངས40དང་གསར་འགྱུར་ལས་སྒྲུབ་པ70ལྷག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ཡོད།   


        གྲོས་ཚོགས་ལས་བསྟན་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ཏེ་ལོ་འཁོར70ལོན་པའི་ལོ་ཡིན་ལ། རྨ་ལྷོ་བོད་ཡིག་ཚགས་པར་སྤེལ་ནས་ལོ་འཁོར20ལོན་པའི་ལོ་ཡང་ཡིན་ཞིང་། ཐེངས་འདིའི་གྲོས་ཚོགས་ནི་སྐབས་དང་པོའི་མཚོ་སྔོན་རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན་གཟབ་རྒྱས་ངང་ཚོགས་པའི་མཛད་སྒོར་འཁེལ་ཡོད་པ་དང་།དགའ་བ་ཀུན་འཛོམས་ཀྱི་ཉིན་འདིར་པེ་ཅིང་། བོད་ལྗོངས། ཀན་སུའུ། ཡོན་ནན་སོགས་གསར་འགྱུར་སྨྱན་བྱེད་ལས་ཁུངས་ནས་འོངས་པའི་མགོ་ཁྲིད་དང་ཆེད་མཁས་པ། གསར་འགོད་པའི་སྡེ་ཁག་གི་གྲོགས་པོ་ཚོ་དང་མཉམ་དུ་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་རེབ་གོང་གསེར་མོ་ལྗོངས་ནས་ལྷན་འཛོམས་བྱུང་ཞིང་། དེས་རྒྱལ་ཡོངས་བོད་སྐད་སྨྱན་བྱེད་བྱ་བའི་ཉམས་མྱོང་བརྗེས་རེས་དང་སྨྱན་བྱེད་མཉམ་སྒྲུབ་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད།

        ཚོགས་ཡུན་ཉིན་ལྔའི་རིང་དུ་ཚགས་པར་ཁང་སོ་སོའི་ཉེ་བའི་ལོ་གཅིག་རིང་གི་ཕུལ་བྱུང་གསར་འགྱུར་དང་དཔྱད་རྩོམ། དྲ་བ་དང་བརྙན་འཕྲིན། རླུང་འཕྲིན། སྨྱན་བྱད་གསར་པའི་གསར་འགྱུར་དང་ལེ་ཚན་སོགས་ལ་དཔྱད་འདེམས་བྱ་བ་དང་། ལས་ཁུངས་སོ་སོས་ཕྱོགས་བསྡུས་བྱས་པའི་ལོ་གཅིག་ནང་འཕྲད་པའི་གསར་བྱུང་མིང་བརྡ་གཅིག་གྱུར་བྱ་རྒྱུ་ཡིན་ཞིང་། ད་དུང་གྲོས་ཚོགས་སུ“བོད་ཡིག་གཙོ་འདོན་སྨྱན་བྱད་ཀྱིས་སྨྱན་བྱད་གསར་པའི་དུས་རབས་ལ་ཇི་ལྟར་སྣེ་ཁྲིད་བྱེད་པ”ཞེས་པ་བརྗོད་དོན་དུ་བཟུང་བའི་གླེང་སྟེགས་སྤེལ་རྒྱུ་ཡིན་ཞིང་། གཙོ་འདོན་སྨྱན་བྱད་ཀྱི་གླེང་ཕྱོགས་སྣེ་ཁྲིད་དང་གཙོ་འདོན་སྨྱན་བྱད་ཀྱི་སྣང་བརྙན་འཛུགས་སྐྲུན། གཙོ་འདོན་སྨྱན་བྱད་མཐུན་སྦྱོར་སོགས་ཀྱི་གནད་དོན་ཐད་གཏིང་ཟབ་པའི་སྒོ་ནས་བགྲོ་གླེང་བྱ་རྒྱུ་རེད།


        གྲོས་ཚོགས་ཀྱི་སྐབས་སུ་འཐུས་མི་རྣམས་རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་དང་། རེབ་གོང་དྲུག་པའི་ཀླུ་རོལ། ཁམས་ར་རྒྱལ་ཁབ་རིམ་པའི་ནགས་ཚལ་ས་གཤིས་སྤྱི་གླིང་བཅས་སུ་བཅར་འདྲིར་བསྐྱོད་རྒྱུ་རེད།
        ཚོགས་འདུའི་སྟེང་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཚགས་པར་ཁང་དང་ཡོངས་འཛིན་གཉིས་ཀྱིས་འགན་སྒྲུབ་བྱ་རྒྱུ་གཏན་ཁེལ་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1