ལོ་སྟོད་དུ་བོད་ལྗོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1340.97སྣེ་ལེན་ཞུས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ་། སྤེལ་དུས། 07-22


༄༅༎ལོ་སྟོད་དུ་བོད་ལྗོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1340.97སྣེ་ལེན་ཞུས་པ།
      ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་ད་ལོའི་ལོ་སྟོད་དུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1340.97སྣེ་ལེན་ཞུས་ལ། ལོ་གོང་མའི་དུས་མཚུངས་ལས་20.2%འཕར་ཡོད། དེའི་ནང་མངའ་ཁོངས་སུ་འཛུལ་བའི་ཡུལ་སྐོར་བ་མི་ཐེངས་ཁྲི་11.86སྣེ་ལེན་ཞུས་ལ། ལོ་གོང་མའི་དུས་མཚུངས་ལས་10.5%འཕར་བ་དང་། རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1329.11སྣེ་ལེན་ཞུས་ལ། ལོ་གོང་མའི་དུས་མཚུངས་ལས་20%འཕར་ཡོད། 
     ད་ལོའི་ལོ་སྟོད་དུ་བོད་ལྗོངས་ཀྱི་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་149.36ཟིན་པ་མངོན་འགྱུར་བྱུང་ལ། དེ་ལོ་གོང་མའི་དུས་མཚུངས་ལས་19.8%འཕར་ཡོད། 
     ཞིང་འབྲོག་པ་དེ་བས་མང་པོ་ཐད་ཀར་ཡུལ་སྐོར་ཐོན་ལས་ནང་ཞུགས་པ་དང་འབྲེལ་དེའི་ནང་ནས་ཁེ་ཕན་ཐོབ་ཡོད། ལྷ་སའི་སྟོད་ལུང་བདེ་ཆེན་ཆུས་སྤང་ཕུ་གྲོང་ཚོས་ཡུལ་གཞན་དུ་གནས་སྤོས་བའི་སྲིད་ཇུས་ལྟར་རྒྱལ་ལམ་109འགྲམ་དུ་སྤོས་ཤིང་། གྲོང་ཚོའི“བདེ་སྐྱིད་བོད་ཁྱིམ་སྤྲོ་ཁང་”ཞེས་པའི་གནས་ཚང་རྩེ་གྲ་དེས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ལ། ད་ལོ་ཡུལ་སྐོར་བ་མི་ཐེངས་7000ལྷག་ཙམ་སྣེ་ལེན་ཞུས་པ་རེད། “བདེ་སྐྱིད་བོད་ཁྱིམ་སྤྲོ་ཁང་”གིས“སྲིད་གཞུང་+ཁེ་ལས་+མཉམ་ལས་ཁང”ཞེས་པའི་ཐོན་ལས་དབུལ་སྐྱོར་བྱེད་སྟངས་སྤྱད་དེ་དུད་ཚང་100ཡི་ཡུལ་གཞན་དུ་གནས་སྤོས་བའི་མི་413གྱི་ངལ་ནུས་རང་བཞིན་གྱི་ཡོང་འབབ་དང་། གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ། རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་བཅས་མཉམ་དུ་སྤར་ཡོད་པ་རེད། 
     བོད་ཀྱི་རིག་གནས་མྱོང་ཚོར་བྱེད་པ་དེ་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་མཁན་གྱི་རེ་སྒུག་གསར་པ་ཞིག་ཏུ་གྱུར་ཡོད། ལྷ་ས་གྲོང་ཁྱེར་གྱིས་གསར་གཏོད་བྱས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཞེས་པ་དེ་ཡུལ་སྐོར་བ་མང་ཆེ་བས་ལྷ་སར་ངེས་པར་དུ་ལྟ་དགོས་པའི་ལེ་ཚན་ཞིག་ཏུ་གྱུར་ཡོད། 《འུན་ཤིང་ཀོང་ཇོ》ལ་འཁྲབ་སྟོན་པ་ཁྱོན་བསྡོམས་མི800ལྷག་ཙམ་ཡོད་ལ། དེའི་ནང་དུ་ས་གནས་དེ་གའི་ཞིང་འབྲོག་པས་95%བཟུང་ཡོད། ཁོང་ཚོས་ཉིན་མོར་ལས་ཀ་དང་ཞིང་ལས་ལས་པ་དང་། དགོང་མོ་འཁྲབ་སྟོན་བྱས་པས་མི་རེར་ཟླ་རེར་ཆ་སྙོམས་འབབ་འཕར་སྒོར་སུམ་སྟོང་བཞི་སྟོང་ཙམ་ཡོང་གི་ཡོད། ད་ལོའི་ལོ་སྟོད་དུ་འཁྲབ་སྟོན་ཐེངས་60ལྷག་ཙམ་བྱས་པ་དང་ཡུལ་སྐོར་བ་མི་ཐེངས་ཁྲི་10ལྷག་ཙམ་སྣེ་ལེན་ཞུས་ལ། རིམ་རྩིས་བྱས་ན་འཛིན་བྱང་བཙོང་བའི་ཡོང་འབབ་སྒོར་ཁྲི་4000ཟིན་ཡོད། 
     བོད་ལྗོངས་སུ་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་དང་ཡུལ་སྐོར་བ་མང་བའི་དུས་ཚིགས་ཀྱི་ཧེ་བག་མངོན་གསལ་དོད་པས། དབྱར་ཁར“སྒོ་འཛིན་རག་དཀའ་བའི”གནས་ཚུལ་ཐོན་ལ། དགུན་ཁར་བལྟོས་བཅས་ཀྱིས་ཉུང་དུ་ཕྱིན་ཡོད། “དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པ”སོགས་ཀྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བའི་དབང་གིས་བོད་ལྗོངས་དགུན་དུས་ཀྱི་ཡུལ་སྐོར་དེ་དར་ཁ་གཤགས་པ་ནས་གཏིང་རྡོ་དབྱུག་ནས་མདུན་དུ་བསྐྱོད་པའི་མཆོང་སྐྱོད་བྱུང་ཡོད། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་དམངས་ཕྱུག་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་ཉིན་བཞིན་མངོན་གསལ་དོད་པར་འགྲོ་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1