ལོ་17རིང་ཁོང་གིས་ཐང་ག་བརྒྱ་ཕྲག་ཁ་ཤས་བཞེངས་ཤིང་སྨྱུ་གུ་ཁྲི་2ཙམ་ཟད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ་། སྤེལ་དུས། 07-24


༄༅༎ལོ་17རིང་ཁོང་གིས་ཐང་ག་བརྒྱ་ཕྲག་ཁ་ཤས་བཞེངས་ཤིང་སྨྱུ་གུ་ཁྲི་2ཙམ་ཟད།
      སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་ལ་ཀུན་གྱིས་ཤམ་བྷ་ལ་ཞེས་འབོད་ཀྱི་ཡོད་ལ། ཟླ་7པའི་ཞོགས་པ་ཞིག་ལ་རྫོང་གྲོང་མཐའ་འཁོར་གྱི་རི་ལུང་ཚང་མར་སྨུག་པ་འཐིབས་ཤིང་ལྷ་ཡུལ་དང་གཉིས་སུ་མ་མཆིས། ད་ལོར་ལོ་31ལ་སླེབས་པའི་ལྷ་བཟོ་ཕྲུག་ཕྲུག་གིས་དུས་ཚིགས་འདིར་སློབ་ཕྲུག་ཚོ་ཁྲིད་ནས་ལྗོངས་སུ་འགྲོ་བར་དགའ། 
     ཕྲུག་ཕྲུག་ནི་ས་གནས་དེ་གར་སྐད་གྲགས་ངེས་ཅན་ལྡན་པའི་ལྷ་བཟོ་ཞིག་ཡིན་ལ། ཁོང་ལོ་14ནས་བཟུང་སྐྱ་རིས་དང་ཚོན་ལྡེབ་པ་སོགས་ནས་འགོ་བརྩམས་ཏེ་ལྷ་བཟོ་བར་སློབ་སྦྱོང་བྱས་ལ། ལོ་གསུམ་གྱི་རྗེས་སུ་རང་ཚུགས་ངང་རི་མོ་འབྲི་ཐུབ་པར་གྱུར། ལོ་17གྱི་རིང་ལ་ཁོང་གིས་སྨི་ངོས་གྲུ་3000ལྷག་ཙམ་གྱི་ལྡེབས་རིས་དང་ཐང་ག་བརྒྱ་ཕྲག་ཁ་ཤས་བཞེངས་པ་དང་། སྨྱུ་གུ་ཁྲི་གཉིས་ལྷག་ཟད་དུ་བཅུག་པ་རེད། ན་ནིང་། ཕྲུག་ཕྲུག་གིས་《དར་གོས་ལམ་བུའི་ལྷོ་རྒྱུད་ཀྱི་ལས་དབང་གཅིག་པ་དང་། རྒྱ་རིགས་དང་བོད་རིགས་ཁྱིམ་ཚང་གཅིག་པ》ཞེས་པའི་རི་མོར་བརྟེན་ནས་སྐབས་དེའི་རིག་རྩལ་ལས་རིགས་ཀྱི་རི་སྐྱེས་མེ་ཏོག་བྱ་དགའ་མཐོ་ཤོས་ཐོབ། ད་ལོར་ཁོང་གིས“རྒྱུད་གཅིག་ལམ་གཅིག་དང་བོད་རྒྱ་འཆམ་མཐུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་གསར་རྩོམ་བྱས་པའི་ཐང་ག་ཆེན་པོ་ཡང་མཇུག་འགྲིལ་རྩིས་ཡོད། 
     སྲོལ་རྒྱུན་གྱི་ཐང་ག་ནི་བོད་ཀྱི་རིག་གནས་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང་། དེ་དག་ལ་རས་གཞི་བརྡར་བ་དང་། སྐྱ་ཐིག་འཐེན་པ། ཚོན་ཁ་བརྒྱོང་བ། གསེར་བྲིས་འཐེན་པ། མདངས་རྒྱག་པ་སོགས་གོ་རིམ་སྣ་ཚོགས་བརྒྱུད་དགོས་པ་རེད། རང་བྱུང་རྒྱུ་ཆའི་ཚོས་གཞི་བཟོས་པས་ལོ་ངོ་བརྒྱ་ཕྲག་ཁ་ཤས་སོང་ཡང་ཚོན་མདངས་སྔར་བཞིན་འགྱུར་བ་མེད། ཕྲུག་ཕྲུག་གི་རི་མོ་ཁང་དུ་ཚོན་རྩི་སྣ་ཚོགས་བླུག་སྣོད་དཀར་ཡོལ་ཆུང་བ་བརྒྱ་ཕྲག་གིས་ཁེངས་འདུག རི་མོའི་ཁ་དོག་སྔར་ལས་སྙོམས་པོ་ཡོང་པའི་ཆེད་དུ་ད་དུང་རང་ཉིད་ཀྱི་ཐབས་ལ་བརྟེན་ནས་ཆེད་སྤྱོད་སྲུབ་དཀྲུག་འཕྲུལ་འཁོར་བཟོས་ཡོད།
     ཕྲུག་ཕྲུག་གིས་ཕྱག་ཕྲེང་རྫོང་གི་ཁྱིམ་སྒོའི་འགྲམ་དུ་རི་མོ་ཁང་བཙུགས་ནས་སློབ་ཕྲུག་4བསྡུས་པ་རེད། དུས་རྒྱུན་མི་མང་པོས་ཁོང་གི་སྐད་གྲགས་གོ་ནས་ཁོང་གི་རི་མོ་ཁང་དུ་རི་མོ་ལ་ལྟ་བར་ཡོང་གི་ཡོད་པ་དང་། ཁོང་གིས་ཀྱང་ངང་རྒྱུད་རིང་པོའི་སྒོ་ནས་འགྲེལ་བཤད་དང་རི་མོ་འབྲི་སྟངས་སྟོན་བཞིན་ཡོད། “ང་འདི་ལྟ་བུའི་འཚོ་བར་ཧ་ཅང་ཡིད་ཚིམ་ལ། ངས་ཐང་ག་མུ་མཐུད་རྒྱུན་འཛིན་ཐུབ་པ་མ་ཟད། ད་དུང་དངོས་པོ་གསར་པ་དེ་བས་མང་བ་དག་ཐང་གའི་ངོར་འབྲི་ཐུབ་ཀྱི་ཡོད”ཅེས་བརྗོད། འབྱུང་འགྱུར་ལ་ཕྱོགས་ཚེ་ཕྲུག་ཕྲུག་གིས་ཡིད་ཆེས་དང་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
༄༅༎ལོ་17རིང་ཁོང་གིས་ཐང་ག་བརྒྱ་ཕྲག་ཁ་ཤས་བཞེངས་ཤིང་སྨྱུ་གུ་ཁྲི་2ཙམ་ཟད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1