སྡེ་དགེའི་བླ་སྨན་གྲྭ་མང་ལྷ་རྗེ་འཇམ་དབྱངས་བཟང་པོའི་མཛད་རྣམ་མདོར་བསྡུས།

དྲུང་འཚོ་ཨོ་རྒྱན་བསྟན་འཛིན། སྡེ་དགེ་སྨན་རྩིས་ཁང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25


  

    སྨན་རྩིས་བསྟན་པ་འཛིན་པའི་སྨན་རམས་པ་གྲྭ་མང་ལྷ་རྗེའམ་གཞན་ཕན་འགྱུར་མེད་མཆོག་ནི་མཚན་དངོས་ལ་འཇམ་དབྱངས་བཟང་པོ་གཞན་ཕན་འགྱུར་མེད་ཅེས་ཞུ་ཞིང་། འཁྲུངས་ཡུལ་མདོ་ཁམས་སྒང་དྲུག་གི་ཡ་གྱལ་འབྲི་ཟླ་ཟལ་མོ་སྒང་གི་ཆར་གཏོགས་པའི་གསེར་ལྡན་འབྲི་ཀླུང་དལ་གྱིས་འབབ་པའི་གཡོན་ཟུར་སྡེ་བཞི་དགེ་བཅུ་ཚོགས་པའི་མདོ་ཁམས་རིག་པའི་འབྱུང་གནས་སུ་ཡིན། དེང་གི་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་དབོན་པོ་སྟོད་ཡུལ་ཚོ་ཡ་ཆེ་གྲོང་ཚོ་དུ་ཐང་ཚ་ཚང་ཞེས་སྨན་རྒྱུད་ཅན་གྱི་ཁྱིམ་ཚང་ཞིག་ཏུ་ཡབ་ཚེ་བསྟན་དང་ཡུམ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྲས་སུ་སྤྱི་ལོར་1899ལོར་སྐུ་འཁྲུངས། ཁོང་གི་ཡང་མེས་ལ་དགེ་ལེགས་སྐྱབས་ཞེས་པ་དང་མེས་པོ་ལ་བླ་མ་སྐྱབས་ཞེས་ཞུ། ཡབ་ཚེ་བསྟན་དང་གོང་མ་གསུམ་ཀ་ནི་མི་རབས་རེའི་སྨན་པ་ཡིན། གྲྭ་མང་ལྷ་རྗེ་འཇམས་དབྱངས་བཟང་པོ་ནི་སྨན་བརྒྱུད་བཅུ་གསུམ་པ་ཡིན་ཞེས་བཤད་སྲོལ་མཆིས། སྐུ་ན་ཆུང་དུས་ནས་སྡེ་དགེ་ལྷུན་འགྲུབ་སྟེང་དགོན་ཆེན་དགོན་གྱི་མཁན་པོ་བསམ་གཏན་བློ་གྲོས་མདུན་ནས་བོད་ཡིག་འབྲི་ཀློག་སོགས་དཔྱིས་ཕྱིན་པ་བསླབས། དགུང་ལོ་བཅུ་གཉིས་བཞེས་པའི་ཚེ་ཞང་པོ་ཡ་ལྷ་ཨོ་རྒྱན་མགོན་པོའི་(ཡ་ཆེ་གྲོང་ཚོའི་ལྷ་རྗེའི་དོན།)མདུན་དུ་བོད་ཀྱི་གསོ་རིག་སོགས་བག་ཆགས་འཇོག་པའི་ཐོས་བསམ་འགོ་བརྩམས། སྐུ་ན་བཅོ་བརྒྱད་ལ་བཞེས་དུས་ནས་སྨན་རྩིས་ཐོག་ལ་མཁས་པར་གྲགས། ཐུན་མིན་རིག་གནས་སྐོར་ལ་ལྷ་འབྲོང་དཔལ་ལྡན་ཆོས་རྒྱལ་སོགས་བསྟེན། གྲྭ་མང་ལྷ་རྗེ་ཞེས་པ་ནི་སྡེ་དགེ་ལྷུན་འགྲུབ་སྟེང་དགོན་ཆེན་དགོན་དུ་གྲྭ་མང་བའི་ལྷ་རྗེ་མཛད་པས་མཚན་ལ་ཡང་གྲྭ་མང་ལྷ་རྗེ་ཞེས་ཀུན་ལ་གྲགས། སྡེ་དགེའི་ཆོས་རྒྱལ་གྱི་རྒྱུད་པ་ལྷ་སྲས་ཚེ་དབང་བདུད་འདུལ་གྱི་བླ་སྨན་མཛད། སྤྱི་ལོ་1959ལོར་སྔོན་དགོན་ཆེན་དགོན་དུ་གྲྭ་མང་སྨན་ཁང་གི་རྨང་གཞིའི་སྟེང་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་ནང་དུ་བོད་སྨན་མཉམ་འབྲེལ་སྨན་བཅོས་ཁང་ཞེས་པ་གསར་དུ་བཙུགས་ཏེ་རྒྱུན་མཐོང་གི་ནད་རིགས་དང་བཅོས་དཀའ་བའི་ནད་རིགས་ཁག་ལ་རྒྱུན་སྤྱོད་བོད་སྨན་སྦྱོར་སྡེ་ལྔ་བཅུ་ལྷག་བསྡུ་སྦྱོར་མཛད། ལོ་མང་དུ་ཡུལ་དེའི་སྨན་བཅོས་ཀྱི་རེ་བ་བསྐངས། ནད་གཞིར་བརྟག་བཅོས་བྱ་བའི་བརྒྱུད་རིམ་ནང་དུ་ནད་པ་ལ་བྱམས་དང་སྙིང་རྗེ་ཆེ་ཞིང་སྨན་བཅོས་ལག་རྩལ་ཕུལ་དུ་བྱུང་བ་དང་། ནད་པ་ལ་ཕན་སྐྱེད་ཆེ་བ་བཅས་ཀྱིས་སྡེ་དགེ་པར་ཁང་མཉམ་འབྲེལ་སྨན་བཅོས་ཁང་ནི་དུས་ཡུན་མི་རིང་བར་སྙན་པའི་བ་དན་ཕྱོགས་ཀུན་ཏུ་གཡོ། སྨན་བཅོས་ཁང་དེ་རིམ་བཞིན་དུ་ནད་པའི་དགོས་མཁོ་དང་བསྟུན་ནས་རྒྱ་ཆེར་སྤེལ་བས་སྡེ་དགེའི་བོད་སྨན་འཕེལ་རྒྱས་འགྲོ་བ་ལ་རྨང་གཞི་བརྟན་པོར་བཞག་ཡོད། ལྷ་རྗེ་འདི་ཉིད་སྡེ་དགེ་ལྕགས་ར་དགོན་འཇིགས་བྱེད་ཁང་དུ་སྐུ་མཚམས་བཞུགས་ནས་འཇིགས་བྱེད་དངོས་སུ་ཞལ་གཟིགས་པའི་ལོ་རྒྱུས་མཆིས། སྒོམ་དང་ཉམས་ལེན་ལ་མཁས་པས་རྟོགས་པ་ནམ་མཁའ་དང་མཉམ། གཏོར་མདོས་སོགས་ཆོ་ག་ལ་མཁས་པས་དགོན་ཆེན་དགོན་གྱིས་གཏོར་ཆེན་སོགས་བསྒྲུབས་སྐབས་ཁོང་དབུ་བཞུགས་མེད་ན་ཐབས་མེད་ཆགས་ཞེས་བཤད་སྲོལ་འདུག །ས་ལྟ་དུར་འདེབས་སོགས་སྐར་ནག་རྩིས་ལ་མཁས་པས་སྔོན་སྡེ་དགེའི་ལི་ཐོ་སོགས་ཕབ། སྐུ་ན་བགྲེས་ཙམ་བཞེས་པ་ནས་བཟུང་ཉིན་རེ་ལྟར་དུ་སྔ་དྲོ་སྒོམ་གནས་སུ་བཞུགས་པ་དང་དགོང་མོ་ཞི་བའི་གཅོད་ཚར་རེ་ཆད་མེད་གསུང་བའི་ལོ་རྒྱུས་མཆིས། ལྷག་པར་དུ་ཁོང་ནི་སྨན་གྱི་རིག་གཞུང་ལ་ཐོག་པ་མེད་ཅིང་སྨན་ངོ་ངོས་འཛིན་དང་སྨན་སྦྱོར་སྐོར་ལ་མཁྱེན་རྒྱ་ཡངས་པ། ནད་ཐོག་ལག་ལེན་དངོས་ནང་རིག་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་རྒྱུ་ལ་ཆེས་མཐོང་ཆེན་བྱས་ཏེ་སློབ་མ་རྣམས་ལ་རིག་གཞུང་ཁྲིད་ཞོར་དུ་སྨན་ངོ་ངོས་འཛིན་དངོས་སུ་མཛུབ་སྟོན་གནང་ཡུལ་མེ་ཏོག་མཚལ་ཞེས་སྡེ་དགེ་དགོན་ཆེན་གྱི་ལ་སྟེང་དུ་རྩྭ་སྨན་ཕུན་སུམ་ཚོགས་པར་སྐྱེ་སའི་ཡུལ་མཛེས་སྡུག་ལྡན་པ་ཞིག་མཆིས། གནས་དེར་སློབ་མ་ཚོ་དང་མཉམ་དུ་ཆིབས་རྟ་བཞོན་ནས་ལོ་རེའི་དབྱར་ཟླ་རབ་འབྲིང་སོགས་ལ་སྨན་ངོས་འཛིན་དང་སྨན་འཐུ་བསྒྲུབས་བྱས་ཏེ་ཞག་གྲངས་བཞུགས་སྲོལ་ཡོད། སྨན་བཅོས་ཀྱི་རྒྱུད་རིམ་ནང་ནད་གཞི་བརྟག་དཔྱད་སྐབས་སུ་རྩ་ཆུ་སོགས་ལ་དངོས་སུ་དམར་ཁྲིད་བྱས་ནས་གཞུང་དང་ལག་ལེན་ཟུང་འབྲེལ་བྱས་ཏེ་ཁྲིད་པས་ནད་ངོས་འཛིན་ལ་ཚད་གཞི་མཐོ་བ་དང་ཕན་འབྲས་ཆེ་བ། མ་ཚད་ཕྱུགས་ནད་ཀྱི་རིགས་ལ་སྨན་བཅོས་མཁས་པར་གྲགས། རྩོམ་ཆོས་སྐོར་གཙོ་བོ་ནི་《ནད་སྨན་སྤྲོད་པའི་ཉམས་ཡིག》དང་《ནོར་ཕྱུགས་བཅོས་ཐབས་སྐོར།》 དེ་བཞིན་《འདྲ་ཚབ་བྱིས་པ་མགུ་བའི་རྣ་རྒྱན།》ཞེས་པ་སྨན་གྱི་ཚབ་རིགས་ཀྱི་འདྲ་དཔེའི་པོད་ཆུང་ཞིག་ཡོད་པ་དེ་དཔལ་སྤུངས་ཐང་བླ་ཚེ་དབང་གིས་འབྲུག་ཤོག་ཐོག་བྲིས་ནས་ཟབ་གོས་ཀྱིས་གཡོག་པ་ཞིག་བཞུགས་ཞེས་གསུངས་ཀྱང་ད་ལྟ་མཇལ་རྒྱུ་མི་འདུག ནད་བཅོས་སྐོར་གྱི་ཟིན་བྲིས་དང་མོ་ནད་རིགས་ཀྱི་བརྟག་བཅོས་སྐོར། སྨན་གྱི་བསྡུ་སྦྱོར་སྐོར་གྱི་ཡིག་རིགས་སོགས་མང་པོ་ཡོད་པ་མ་ཚད་སློབ་མའི་གཙོ་བོ་ནི་ཐང་ག་ངག་དབང་རྒྱ་མཚོ་དང་མཁར་ལེགས་བཟོད་པ། དཀར་མཛེས་ཡེ་ཤེས་རྡོ་རྗེ། དཀར་མཛེས་ཨ་དགའ། སྐུ་སྲས་ཚེ་རིང་རྡོ་རྗེ་དང་སྲས་མོ་ཕུར་པ་སྒྲོན་མ་སོགས་ཁམས་ཕྱོགས་ཀྱི་ཡུལ་དུ་སློབ་མ་མང་པོ་གསོ་སྐྱོང་མཛད། སྔ་རྗེས་སུ་སྡེ་དགེ་རྫོང་དང་དཀར་མཛེས་ཁུལ་གྱི་ཆབ་སྲིད་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་སྡེ་དགེ་རྫོང་དང་དཀར་མཛེས་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཐེངས་མང་མཛད་མྱོང་ཡོད། ལྷ་རྗེ་འདི་ཉིད་སྐུ་ཚེ་ཧྲིལ་པོའི་ནང་གཞན་ཕན་འཚོ་བྱེད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་བྱ་བཞག་འབའ་ཞིག་ལ་བརྩོན་པ་དང། ལྷག་པར་དུ་དུས་རབས་ཉི་ཤུ་པའི་ནང་མདོ་ཁམས་སྡེ་དགེའི་ཕྱོགས་ཀྱི་བོད་ལུགས་སྨན་རྩིས་རིག་པའི་བསྟན་འཛིན་གྱི་སྐྱེས་བུ་གཙོ་བོ་ཉིད་དེ་ཡིན། དེ་བཞིན་སྡེ་དགེ་མཉམ་འབྲེལ་སྨན་བཅོས་ཁང་དེ་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་ནང་དུ་བཙུགས་ཡོད་པས་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ཆོས་མཛོད་ཆེན་མོའི་ཕྱི་ནང་ཡོངས་ལ་ཉམས་ཆག་མི་འགྲོ་བར་ནུས་པ་ཤུགས་ཆེར་བཏོན་ཡོད། རྗེ་ཉིད་སྤྱི་ལོ་1964ལོར་དགུང་ལོ་65ལ་སྡེ་དགེ་དགོན་ཆེན་དགོན་དུ་དགོངས་པ་ཆོས་དབྱིངས་སུ་འཐིམ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1