ཕྱི་ལུགས་གསོ་རིག་གི་སྙིང་ཟགས་ནད་ཀྱི་གྱུར་ཚུལ་ལ་རགས་ཙམ་དཔྱད་པ།

གཉའ་རྒྱལ་མཚན། དཀར་མཛེས་ཁུལ་བོད་ལུགས་སྨན་ཁང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25


སྙིང་གི་རྣམ་བཞག་བཤད་པ།

སྙིང་ནི་དོན་ལྔའི་ཡ་གྱལ་ཏེ་ལུས་ཀྱི་སྙིང་པོ་སྟེ་ཤིན་ཏུ་གཅེས་པའམ་གཅོ་བོ་གྱུར་བར་དཔེར་རྒྱལ་པོ་གདན་ལ་བཞུགས་པ་དང་འདྲ་བས་སྤྱིར་ན་ཤིན་ཏུ་གལ་ཆེན་གྱི་དོན་ཞིག་སྟེ། གནས་ནི་བྱང་ཁོག་གི་སྟོད་ཀྱི་ཆར་སྲོག་རྩ་ནག་པོ་ལས་འབྲས་བུ་སྨིན་པ་ལྟར་ཁ་ཐུར་དུ་བལྟས་ཤིང་རྩེ་མོ་ལུས་ཀྱི་གཡོན་ངོས་སུ་ཕྱོགས་པ་སྟེ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་གསོ་བ་རིག་པའི་མིང་ཚིག་འགའ་ཞིག་གི་དོན་གྱི་བཞིན་རས་གསལ་བར་སྟོན་པའི་མེ་ལོང་ལས། བདག་འཛིན་དྲན་པ་གསལ་བའི་རྟེན། །སྲོག་རྩ་ནག་པོ་སྟོད་ཀྱི་ཆར། །བི་དའི་འབྲས་བུའི་སྙིང་པོ་ལྟར། །གནས་པས་སྙིང་ཞེས་བཤད་པ་ཡིན། །ཞེས་གསུངས་པ་ལྟར་དང་། སྙིང་ནི་རླུང་གི་རང་གནས་ཡིན་པས་རླུང་སྤྱི་དང་ཁྱད་པར་རླུང་ལྔའི་ཡ་གྱལ་ཁྱབ་བྱེད་རླུང་གི་རྟེན་དུ་གྱུར་པས་རླུང་དེ་དག་གི་བྱེད་ལས་རྣམས་ཀྱང་སྙིང་ལ་བརྟེན་ཞིང་སྙིང་གི་བྱེད་ལས་ཀྱང་རླུང་གིས་བསྐུལ་བར་བྱེད་པས་རླུང་སྙིང་ངོ་བོ་གཅིག་སྟེ་སྙིང་ལ་དྲན་པའི་དབང་པོ་གསལ་བའི་བྱེད་ལས་གཙོ་བོ་འདི་ལྡན་པ་མ་ཟད། རྒྱུད་ལས། ཁྱབ་བྱེད་རླུང་ནི་སྙིང་ལ་གནས་པ་སྟེ། །ལུས་ཀུན་ཁྱབ་པར་རྒྱུ་ཞིང་འདེགས་འཇོག་འགྲོ། །བརྐྱང་བསྐུམ་འབྱེད་འཛུམ་བྱ་བ་ཕལ་རག་ལུས། །ཞེས་གསུངས་པ་ལྟར་ཁྱབ་བྱེད་རླུང་གི་བྱེད་ལས་ཀྱང་ལྡན་པ་སྟེ། དེ་ཕྱིར་ཕྱི་ལུགས་གསོ་རིག་ཏུ་སྙིང་ལ་འབྱེད་འཛུམ་བྱེད་པའི་ནུས་པ་ལྡན་ཞེས་གསུངས་ལ་དོན་དངོས་ནི་འདི་ཁྱབ་བྱེད་རླུང་གི་བྱེད་ལས་རེད། གཞན་ཡང་རྒྱུད་སྡེ་འགར་སྲོག་འཛིན་རླུང་སྙིང་ག་དང་། ཁྱབ་བྱེད་རླུང་སྤྱི་བོའམ་ཡང་ན་ཡན་ལག་ལ་གནས་པ་སོགས་གསུང་ཚུལ་འདྲ་མིན་སྣ་ཚོགས་འདུག་ཀྱང་དེ་དག་ནི་རྒྱུད་རང་གི་དགོངས་པ་མིན་པས་འདིར་མི་སྤྲོའོ། །

དམུ་ཆུའི་ནད་ཀྱི་རྣམ་བཞག་བསྟན་པ།

 དམུ་ཆུའི་ནད་ནི་རྒྱུ་རྣམ་པར་མ་གྱུར་བའི་རླུང་དང་། མཁྲིས་པ། བད་ཀན། ཆུ་སེར། ཁྲག་བཅས་ཡིན་ལ། རྐྱེན་རྟེན་མེད་དེ་བཤལ་རྗེས་ཟས་སྤྱོད་ལོག་པ་དང་། ཚ་རྗེས་གཏར་བསིལ་དྲག་པ་སོགས་ཀྱིས་ལུས་ཀྱི་མེ་དྲོད་ཉམས་ནས་དྭངས་མ་མ་ཞུ་བ་ལས་བྱུང་བ་དང་། རྟེན་ཅན་ཏེ་གློ་བ་དང་། མཆིན་པ། མཚེར་པ། སྨུག་པོ་སོགས་ཀྱི་ནད་གཞི་རྙིང་པའི་སྟེང་དུ་ཆུ་ནད་འབྱུང་བ་བཅས་གཉིས་ཡོད་དེ། གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད་པའི་གསོ་རིག་དགོས་པ་ཀུན་འབྱུང་ལས། རྐྱེན་གྱིས་སྒོ་ནས་དབྱེ་བ་ནི། །རྟེན་མེད་རྟེན་ཅན་རྣམ་པ་གཉིས། །ཞེས་གསུངས་པ་ལྟར་དང་། སྤྱིར་དམུ་ཆུའི་ནད་ནི་ཐོག་མར་སྐྱ་རྦབ་ནས་འོར་དང་། དེ་ནས་འོར་ནས་གྱུར་བ་སྟེ་ནད་སྟོབས་རིམ་བཞིན་སྐྱེས་ནས་འབྱུང་བ་མང་སྟེ། རྒྱུད་ལས། སྐྱ་རྦབ་རྙིངས་པ་འོར་ནད་ཕྱི་ཆུར་འགྱུར། །འོར་ནད་རྙིངས་པ་དམུ་ཆུར་འགྱུར་བ་ཡིན། །ཞེས་གསུངས་པ་དང་། དེ་བཞིན་གནས་ཀྱི་སྒོ་ནས་བཤད་ན་སྐྱ་རྦབ་ནི་པགས་པར་གནས་པས་ཕྱི་ཆུ་དང་། འོར་ནད་ནི་པགས་པ་མ་ཚད་ཤ་དང་པགས་པའི་བར་དུ་ཁྱབ་པས་བར་ཆུ་དང་། དམུ་ཆུ་ནི་པགས་པ་དང་པགས་འོག་མ་ཚད་དོན་སྣོད་ཕྱི་ནང་ཀུན་ལ་ཁྱབ་པས་ནང་ཆུ་ཞེས་སོ། །

སྙིང་ཟགས་གྱི་གྱུར་ཚུལ་བསྟན་པ།


 ཀླད་པ་དང་སྙིང་དང་དེ་གཉིས་འབྲེལ་བའི་རྩ་སྟེ་གསུམ་གྱི་ནད་ནི་འཛམ་གླིང་ཐོག་ནད་ཁོངས་ཁྱབ་ཆེ་ཤོས་ཡིན་ལ་ཁྱད་པར་དུ་བོད་ཀྱི་སར་མང་བ་སྟེ། ལྷག་པར་དུ་ནད་ཐོག་ཏུ་སྙིང་ནད་ཡུན་རིང་ན་ནས་དབུགས་རྒོད་ཅིང་སྙིང་འདེགས་པ་དང་། ལུས་སྙོམས་ཤིང་ངལ་བ། འཇུ་སྟོབས་ཆུང་ཞིང་ཤ་རིད་པ། ལུས་ཀུན་གཡོ་ཞིང་སྐྲངས་ལ་ཁྱད་པར་འོག་ཏུ་གང་བཅུག་ཡོན་པོར་སྐྲངས་ཆེ་བ། ཚབས་ཆེ་དུས་བྲང་ཁོག་དང་གསུས་ཁོག་ཏུ་ཆུས་ཁེངས་པས་སྙིང་ཆུས་ནུབ་པ། སྙིང་གི་སྐྱི་ལྤགས་འོག་ཆུ་གསོག་པ། དྲི་ཆུ་ཉུང་དུ་སྲི་བ་སོགས་དང་། སྒྲ་རྒལ་མཚོན་རིས་ལས་སྙིང་ཁང་གཡས་པ་དང་སྙིང་ཤག་གཡས་པ་རབ་ཏུ་རྒྱས་པ་དང་། རྩེ་གསུམ་འདམ་མའི་ཟུམ་སྟོབས་ཞན་པ་བཅས་རྟགས་འདྲ་མིན་ལྡན་པའི་ནད་པ་ནི་ཧ་ཅང་མང་བ་སྟེ། འདི་ནི་གཤག་ལས་རིག་པར་གཡས་སྙིང་གི་ནུས་པ་ཉམས་པའི་རྟགས་ཡིན། དེ་དང་བོད་གསོའི་དམུ་ཆུའི་སྤྱི་རྟགས་དང་ཕལ་ཆེར་མཚུངས་ལ་ཁྱད་པར་དུ་སྙིང་སོགས་དོན་སྣོད་ཀྱི་ཕྱི་ནང་ཀུན་ཏུ་ཆུས་ཁྱབ་པ་ནི་དམུ་ཆུའི་རྟགས་གཙོ་བོ་ཞིག་ཏེ། དེལ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་གསོ་རིག་སྐོར་གྱི་མིང་ཚིག་ཉེར་མཁོའི་དོན་གསལ་ལས། འོར་ནད་ཅེས་བཤད་ཕྱི་ཆུ་ཡིན། དེ་ཉིད་མ་ལྡོག་དོན་སྣོད་དུ། །ཤོར་ན་ནང་ཆུའམ་དམུ་ཆུ་ཡིན། །ཞེས་དང་། སྟག་ཚང་ལོ་ཙྰ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་གསོ་བ་རིག་པའི་མིང་ཚིག་འགའ་ཞིག་གི་དོན་གྱི་བཞིན་རས་གསལ་བར་སྟོན་པའི་མེ་ལོང་ལས། ནད་བདག་དམུ་ཡིས་གཏོང་བ་ཡི། །དོན་སྣོད་ཕྱི་ནང་ཀུན་ཁྱབ་པའི། །གདུག་པ་ཅན་གྱི་ཆུ་ནད་ལ། །དམུ་ཆུ་ཞེས་སུ་གྲགས་པ་ཡིན། ཞེས་གསུངས་པ་སོགས་ལ་དཔྱད་ན་ཕྱི་ལུགས་གསོ་རིག་གི་སྙིང་ཟགས་ནི་བོད་ལུགས་གསོ་རིག་གི་དམུ་ཆུའི་ནད་ཀྱི་ཁོངས་སུ་གཏོགས་ཡོད་པ་གསལ་ལོ། །

དམུ་ཆུའི་ནད་ལ་རྐྱེན་རྟེན་མེད་དང་རྟེན་ཅན་གཉིས་ཡོད་ལ་སྙིང་ཟགས་ནི་རྟེན་ཅན་ཏེ་སྙིང་ནད་རྙིང་པ་ལས་བྱུང་བ་ཞིག་ཡིན། སྙིང་ནད་རྙིང་ཞིང་ཡུན་རིང་བས་སྙིང་ལ་བརྟེན་ཞིང་འཚོ་བའི་ཁྱབ་བྱེད་རླུང་གི་སྟོབས་དང་བྱེད་ལས་ཉམས་པ་སྟེ། དེ་བཞིན་སྙིང་གི་འབྱེད་འཛུམ་བྱེད་པའི་ནུས་པའམ་ཉམས་འགྲོ་བ་སྟེ། གཤག་ལས་རིག་པར་སྙིང་འབྱེད་པའི་སྐབས་སུ་འཇིབ་འཐེན་གྱི་ཤེད་འོག་ལུས་ཀྱི་ཆ་ཤས་གང་དུ་གནས་པའི་ཟུངས་ཁྲག་རྣམས་སྡོད་རྩ་ཕྲན་བུ་ནས་ཆུང་བ་དང་། དེ་ནས་ཆུང་བ་ནས་ཆེ་བ། མཐར་ཕྱིར་སྙིང་དུ་ལོག་དགོས་པ་སྟེ། སྐབས་འདིར་སྙིང་འབྱེད་པའི་ནུས་པ་ཉམས་པས་ལུས་ཀྱི་ཆ་ཤས་སུ་གནས་པའི་ཟུངས་ཁྲག་རྣམས་ཕྱིར་ལོག་དཀའ་བས་ཡུན་རིང་ནས་ཁྲག་ངན་ཆུ་སེར་ལ་གྱུར་བ་དང་། དེ་བཞིན་སྙིང་འཛུམ་པའི་སྐབས་སུ་ཟུངས་ཁྲག་རྣམས་བཙིར་གཏོར་གྱི་ཤེད་འོག་འཕར་རྩ་ཆེ་བ་ནས་ཆུང་བ་དང་། དེ་ནས་ཆུང་བ་ནས་ཕྲན་བུ། མཐར་ལུས་ཀྱི་ཆ་ཤས་རྣམས་སུ་སླེབས་པ་སྟེ། སྐབས་འདིར་སྙིང་འཛུམ་པའི་ནུས་པ་ཉམས་པས་ཟུངས་ཁྲག་རྣམས་སྙིང་ནས་སྲོག་རྩར་གཏོར་དཀའ་བས་ཉུང་ཤས་ཕྱིར་ལོག་ཏེ་ཡུན་རིང་ནས་སྙིང་རང་གི་རྩ་ཕྲན་ནས་ཆུ་སེར་དུ་ཟགས་ཏེ་སྐྱི་ལྤགས་སུ་ཁྱབ་པ་སྟེ། དེ་དུས་སྙིང་སྟོབས་ཞན་པ་ཞེས་ལ་ལུས་པོ་ཡོངས་རྫོགས་མ་ཚད་སྙིང་གི་ཕྱི་ནང་ཀུན་ཏུ་ཆུས་ཁེངས་པར་གྱུར་རོ། །

མཇུག་བསྡུ་བ།

མདོར་ན་སྙིང་ཟགས་ཞེས་དཔལ་ལྡན་རྒྱུད་བཞི་གཙོས་པའི་བོད་གསོའི་གཞུང་དུ་གསལ་བར་བཀོད་མེད་པ་སྟེ། གང་གི་ཕྱིར་ཏེ་དུས་རབས་བརྒྱད་པ་དང་དེའི་སྔོན་དུ་རང་རེ་བོད་པ་གཙོས་པའི་མཚོ་བོད་མཐོ་སྒང་འདིར་ནད་འདི་མཐོང་མྱོང་མེད་པར་ཡིན་ནམ་ཟེར་ན་དེའང་མ་ཡིན་ཏེ། སྙིང་ཟགས་ནི་རྐྱེན་རྟེན་ཅན་ལས་བྱུང་བས་རྟེན་སྙིང་ནད་རྙིང་པ་ཞིག་ཡོད་དགོས་པ་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་ལྷན་ཐབས་ལས། རྒྱུ་ནི་རླུང་མཁྲིས་བད་ཀན་ཆུ་སེར་ཁྲག །དེ་ཡང་དྭངས་མ་ཁྲག་མཁྲིས་གློ་མཆིན་ཟགས། །མཆེར་ཟགས་སྨུག་པོའི་ཟགས་ཆུ་ལ་སོགས་པ། །དེ་རྣམས་རྟེན་ཅན་རྒྱུ་ཡིན་དམུ་ཆུའི་རྒྱུ། །ཞེས་གསུངས་པ་ལས་རྟེན་ཅན་ལ་གློ་ཟགས་དང་མཆིན་ཟགས་སོགས་མ་ཚད་པ་ད་རུང་འགར་ཡོད་པར་རྟོགས་ཐུབ་སྟེ། སྙིང་ནི་རླུང་གི་རང་གནས་ཡིན་པས་དམུ་ཆུའི་རྒྱུ་ནི་རླུང་དང་མཁྲིས་པ་བད་ཀན་ཆུ་སེར་ཁྲག་བཅས་ལྔ་ལྡན་ལ་སྙིང་ཟགས་ལ་མཚོན་ན་རླུང་ནི་རང་བཞིན་དུ་དེའི་རྒྱུར་གྱུར་འགྲོ་བ་སྟེ། དེ་ཕྱིར་སྙིང་རླུང་རྙིང་པ་དེ་སྙིང་ཟགས་བྱུང་བའི་རྟེན་ཡིན། རྒྱུད་ཀྱི་སྐྱ་རྦབ་གསོ་བའི་ལེའུ་ལས། རླུང་ནད་སྐྱ་རྦབ་སྙིང་དང་སྲོག་རྩར་གནས། །ཞེས་དང་། རླུང་ནི་གཉིད་ཆུང་སྐྲངས་གསོབ་འཕེལ་འབྲི་ཆེ། །ཞེས་གསུངས་པ་ལས་རླུང་ནད་སྐྱ་རྦབ་ནི་གཙོ་བོར་སྙིང་ལ་གནས་པར་གོ་ཐུབ། དེ་ལ་གསོ་བཅོས་མ་བྱས་པའམ་བཅོས་ཉེས་སོང་ན་རླུང་འོར་ཏེ་ངོ་བོ་སྙིང་གི་འོར་ནད་དུ་གྱུར་བ་སྟེ། རྒྱུད་ཀྱི་འོར་ནད་གསོ་བའི་ལེའུ་ལས། བྱེ་བྲག་རྟགས་ལ་རླུང་འོར་ལུས་འདར་བརྩེ། །སྐྲངས་བརྩུ་གསོབ་ལ་ཉིན་ཆེ་མཚན་མོ་ཆུང་ཞེས་དང་། རླུང་འོར་དེར་གསོ་བཅོས་མ་བྱས་པའམ་བཅོས་ཉེས་སོང་ན་མཐར་རླུང་ཆུ་སྟེ་སྙིང་གི་ཟགས་ཆུར་གྱུར་བ་སྟེ། རྒྱུད་ཀྱི་དམུ་ཆུ་གསོ་བའི་ལེའུ་ལས། རླུང་གྱུར་འཁྲོག་འུར་ཟུག་ཆེ་འཕེལ་འབྲི་བྱེད། །ཆུ་སྔོ་དྲི་མ་སྲི་ལ་དབུགས་ངན་སྡོམ། །ཞེས་གསུངས་པ་བཅས་ལས་རྒྱུད་དུ་དམུ་ཆུ་གསོ་བའི་སྐབས་སུ་སྙིང་ཟགས་ཞེས་དངོས་སུ་མ་བསྟན་ཡང་སྙིང་ལ་བརྟེན་པའི་རླུང་གི་སྐྱ་རྦབ་ནས་དམུ་ཆུའི་བར་གྱི་འཕོ་འགྱུར་ལས་སྙིང་ཟགས་ནི་ཤུགས་སུ་བསྟན་ཡོད་པར་གོ་དགོས། འོ་ན་དེ་ལྟར་རླུང་གྱུར་དམུ་ཆུ་ནི་སྙིང་ཟགས་ཡིན་ན་རྒྱུད་དུ་སྙིང་ཟགས་ཞེས་མིང་དངོས་སུ་མི་བཏགས་པའི་རྒྱུ་མཚན་ཅི་ཡིན་ཟེར་ན། རླུང་གྱུར་དམུ་ཆུ་ནི་རིམ་བཞིན་སྐྱ་རྦབ་ནས་གྱུར་ལ་རྒྱུ་ཉེས་པ་རླུང་ཡིན་པ་དང་། སྙིང་ཟགས་ནི་སྙིང་རླུང་ཡུན་རིང་བ་ལས་བྱུང་ལ་རྒྱུའམ་རླུང་ཡིན་པ་སྟེ། འདི་གཉིས་རྒྱུ་རྟགས་མཚུངས་ཀྱང་རླུང་ཆུར་འབོད་ལ་སྙིང་ཟགས་ཞེས་མ་འབོད་པའི་རྒྱུ་མཚན་ཡང་བོད་ལུགས་གསོ་རིག་གི་བརྟག་བཅོས་རིག་པའི་ཁྱད་ཆོས་ལ་འཁེལ་ཡོད་དེ། ཀུན་གྱིས་མཁྱེན་པ་ལྟར་བོད་ལུགས་གསོ་རིག་གི་ནད་ཐོག་ལག་ལེན་ནི་རྒྱུ་གཅེས་རིག་པར་གཙོ་བོར་བརྟེན་ལ་བརྟག་བཅོས་སྐབས་ནད་བབས་གནས་ལས་ནད་ཀྱི་རྒྱུ་བཙལ་བ་དང་སེལ་བ་གནད་ཆེར་བརྩི་བར་བྱས། དེ་ཕྱིར་སྐབས་འདི་ནད་ཀྱི་གནས་སྙིང་བཅོས་པ་ལས་ནད་ཀྱི་རྒྱུ་རླུང་སེལ་བ་གལ་ཆེ་བས་ནད་མིང་ནི་རླུང་ཆུ་ལས་སྙིང་ཟགས་སུ་མ་བཏགས་པ་ཡིན་སྙམ། དེ་ཕྱིར་ཕྱི་ལུགས་གསོ་རིག་ཏུ་སྙིང་ཟགས་ཞེས་པའི་ནད་འདི་རང་རེ་བོད་ལུགས་གསོ་རིག་ཏུ་ཡོད་པ་མ་ཟད་མིང་ལ་རླུང་གྱུར་དམུ་ཆུ་ཞེས་པ་དེ་ཡིན་པར་གོ་དགོས། གཞན་ཡང་སྙིང་ཟགས་བཅོས་པའི་མྱོང་གྲུབ་ཕྲན་བུ་ཞིག་འདིར་སྤེལ་རེས་ཀྱི་ཚུལ་དུ་ཕུལ་ལ་ཚང་མས་མཐོང་ཆུང་ངམ་སྣང་མེད་མ་བྱས་ནས་ཉམས་ལེན་ཅུང་ཙམ་བྱ་བར་ཞུ། སྙིང་ཟགས་ནི་སྙིང་རླུང་རྙིང་པ་ལས་བྱུང་བས་ངོ་བོ་གྲང་ཆུ་ཡིན་པས་རླུང་དང་མེ་དྲོད་གསོ་བ་གལ་ཆེ། རླུང་སྨན་གང་རུང་དང་། དྭ་ལིས་བཅུ་དྲུག་སྟེང་ཛྰ་ཏི་དང་ལི་ཤི་དང་། སྐྲངས་འབོར་ཆེ་ན་སྤོས་དཀར་བསྣན་པ་དང་། གྲང་ཆུ་ཡུར་དུ་དྲངས་བར་སེ་འབྲུ་ཉི་དཀྱིལ་སྟེང་རྒྱ་ཚྭ་དང་སྡིག་སྲིན་དཀར་པོ་གསེར་གྱི་བྱེ་མ་ཆ་མཉམ་བསྣན་པ། སེ་འབྲུ་དྭངས་བཙོ་བཅས་དང་། སྐབས་སུ་རིན་ཆེན་མང་སྦྱོར་བསྟེན་ནས་ཆུ་ཕྱིར་མི་ལྡོག་པར་བྱས། མདོར་ན་དུས་རབས་གསར་པར་ནད་མིང་གསར་པ་མང་པོ་ཞིག་འདོན་དང་འདོན་བཞིན་པས་ཚང་མས་དེ་དག་ལ་ཞིབ་འཇུག་བྱས་ནས་བོད་སྨན་གྱིས་ཕན་གང་ཐོབ་བྱས་ནས་བོད་ལུགས་གསོ་རིག་གི་བརྟག་བཅོས་རིག་པ་སྔ་བས་འཕེལ་རྒྱས་ཡོང་བའི་སྨོན་འདུན་ཞུའོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1