གསོ་བ་རིག་པའི་གཉེན་པོ་རྩུབ་དཔྱད་གཏར་གའི་ཆ་བྱད་དང་དེའི་ཉེ་མཁོའི་ཆ་བྱད་ལ་དཔྱད་པ།

དྲུང་འཚོ་ཨོ་རྒྱན་བསྟན་འཛིན། སྡེ་དགེ་རྫོང་སྨན་རྩིས་ཁང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25


གསོ་རིག་མཁའ་ལམ་ཕ་མཐའ་བྲལ་དབྱིངས་གཞུང་དོན་སྤྲིན་ཚོགས་དཀྲིགས་པ་ལས། །

གཞུང་དང་ལག་ལེན་དབྱར་རྔ་ལྡིར་བཞིན་མཐུན་མིན་མན་ངག་ཆར་འབེབས་པས། །

འགྲོ་མཆོག་སྲོག་གི་མྱུ་གུ་ནད་མེད་ཡུན་འཚོའི་འབྲས་བཟང་སྨིན་མཛད་པའི། །

སྔོན་བྱོན་གསོ་རིག་བརྒྱུད་པའི་ཚོགས་ལ་སྙིང་ནས་གུས་པས་རྟག་ཏུ་འདུད། །

ཅེས་མཆོད་པར་བརྗོད་པས་སྔོན་བསུས་ཏེ་འདིར་གླེང་བར་བྱ་བ་ནི་གསོ་བ་རིག་པའི་གཉེན་པོ་རྩུབ་དཔྱད་གཏར་གའི་ཆ་བྱད་དང་དེའི་ཉེ་མཁོའི་ཆ་བྱད་ལ་དཔྱད་པ་ཞེས་བྱ་བ་ཡིན་ཏེ། དེ་ཡང་ཡུལ་གངས་ཅན་པའི་གསོ་དཔྱད་ཀྱི་བྱུང་ཚུལ་ལ་མཁས་པ་མང་པོས་ལུང་རིག་ཚད་མ་གསུམ་གྱིས་བསྒྲུབས་ཚུལ་མི་འདྲ་བ་མང་པོ་ཡོད་པ་ནི་སོ་སོར་ལ་རྒྱུ་མཚན་རེ་ལྡན་ཀྱང་ཡོངས་གྲགས་སུ་མཁས་དབང་གོ་འཇོ་དབང་འདུས་མཆོག་གིས་གསུངས་པ་ལྟར་ད་ལོ་སྟེ་སྤྱི་2018ལོར་བོད་ཀྱི་གསོ་བ་རིག་པའི་བསྟན་པ་དབུ་བརྙེས་ནས་ད་བར་ལོ་གྲངས་3875རེད་ཡོད། དེ་བཞིན་དུ་བོད་ལུགས་དཔྱད་བཅོས་རིག་པ་ལའང་དེ་མཚུངས་ཀྱི་ལོ་རྒྱུས་ལྡན་ལ་ལྷག་པར་དུ་བོད་གངས་ཅན་གྱི་ལྗོངས་སུ་འགྲོ་བ་མི་ཡི་རིགས་བྱུང་བ་ནས་ནད་རིགས་སྣ་ཚོགས་དང་འཐབ་རྩོད་བྱས་པར་རྒྱུད་བོད་ཀྱི་གསོ་རིག་པའི་ལག་ལེན་ཐ་ཐོར་གྱི་ས་བོན་ཡང་དུས་མཚུངས་སུ་བྱུང་པ་དང་ཚད་ལྡན་གྱི་ལོ་རྒྱུས་ཡིག་ཆ《དེབ་ཐེར་སྔོན་པོ།》 ལས། བོད་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར་ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བ་བྱས་ན་ཡང་ལུང་དང་རིག་པའི་གནོད་པ་མེད་ཅིང་། ཞེས་སོགས་བསྟན་ཡོད། དེ་ལྟར་གཏར་བཅོས་ལག་ལེན་གྱི་ཐོག་མའི་དུས་ཚོད་འདི་རེད་ཅེས་ཚིག་ཐག་ཆོད་དཀའ་ན་ཡང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་ཟས་ཕན་གནོད་ཤེས་པ་ཙམ་དང་། རྨ་གསར་པ་ལ་མར་ཁུ་བཏང་ནས་རྩ་ཁ་བསྡོམ་པ། སྦང་མའི་འཇིབ་བྱེད་པ་ལ་སོགས་པ་ཀློ་དང་བོད་དུ་མི་ཆགས་པ་ནས་བཟུང་ཡོད། ཅེས་གསུངས་པས་དོན་དུ་དཔྱད་བཅོས་འདི་ལ་མཚོན་ན། བོད་ཀྱི་རྒྱལ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་སྐྱོང་ཞིང་བོན་ཤེས་པ་ཅན་བཅུ་གཉིས་བྱུང་བའི་སྐབས་ལ་མཚོན་ན། གཏོ་བཅོས་དང་གསོ་དཔྱད་ཀྱི་དབྱེ་མཚམས་གསལ་པོ་ཞིག་མེད་མོད། འོན་ཀྱང་སྟོན་པས་དཔྱད་འབུམ་ཁྲ་བོ་དང་སྨན་འབུམ་དཀར་ནག་སོགས་སྨན་དཔྱད་ཀྱི་སྐོར་དུ་མ་ཞིག་གསུངས་ཤིང་། དེ་དག་ཐམས་ཅད་དཔྱད་བུ་ཁྲི་ཤེས་དང་དྲང་སྲོང་ཆེན་པོ་ལ་གཏད་གཉེར་མཛད་ཅེས་དང་དཔྱད་ཀྱི་བྱེ་བྲག་ཏུ་གཏར་འོས་ཀྱི་རྩ་གནད་དགུ་བཅུ་ལ་གཏར་ཁ་བྱས་པས་ཐུན་མོང་གི་ཡོན་ཏན་དུ་རྩ་ནད་དང་ངན་ཁྲག་སྦྱོང་ཞིང་གཟེར་ཟུག་གཅོག ཞེས་པ་སོགས་དང་། དེ་བཞིན་དར་ལྡིང་གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་ལས། འདིར་བཤད་པའི་བཅད་འབྱོར་གྱི་སྨན་ཕལ་མོ་ཆེ་རྣམས་གཤེན་རབ་མི་བོ་ཆེའི་གདུང་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་ཤ་སོས་རུས་འབྱོར་རྒྱུས་མཐུད་ཀྱི་གདམས་པ་དར་ཡ་ཀན་གྱི་རྒྱུད་སོགས་ལ་ལྟོས་ན་མ་མཐར་ཡང་བོད་ལུགས་གཏར་བཅོས་དེ་སྤྱི་ལོ་སྔོན་གྱི་ལོ་1857ཡར་སྔོན་ནས་བོད་ཡུལ་དུ་དར་ཡོད་པ་མཚོན་ཐུབ། ཀྲུང་ལུགས་གསོ་རིག་ལོ་རྒྱུས་ནང་གདོད་མའི་སྤྱི་ཚོགས་ནང་དུ་ལྕགས་རིགས་མེད་པའི་དུས་སུ། རྡོ་དང་ཤིང་རིགས་ལས་གྲུབ་པའི་ཡོ་བྱད་ཐོག་མར་བྱུང་བ་དང་། རྡོ་རིགས་དེ་དག་རྣོ་ཡོད་པ་སོགས་བཅོས་ཏེ་ཐོན་སྐྱེད་ཀྱི་ཡོ་བྱད་བྱས། དེ་དག་རིམ་བཞིན་གསོ་དཔྱད་དུ་བེད་སྐྱེད་དེ་ཚ་དུགས་དང་འཕུར་མཉེ། ཁྲག་དབྱུང་བ་སོགས་ཆ་བྱད་བྱུང་། ད་ལྟ་གྲགས་ཆེ་བའི་ཁབ་ཀྱི་བཅོས་ཐབས་དེའི་ཐོག་མའི་དོད་ནི་རྡོ་ཆས་ཡིན་པ་ངོས་འཛིན་བྱེད་པར་བཤད། དེ་བརྟེན་རང་རེའི་གསོ་རིག་ཡང་ལྕགས་རིགས་མ་དར་གོང་དུ་ཆ་བྱད་རྣམས་རྡོ་ཤིང་དང་རུས་རིགས་ཡིན་པར་གནའ་རྫས་རྟོགས་ཞིབ་ལས་གསལ་ཐུབ། དེ་ནས་གཡུ་ཐོག་གསར་རྙིང་དང་བྱང་ཟུར་རྣམ་གཉིས་ལྷག་པར་དུ་རྒྱལ་དབང་ལྔ་པའི་སྐབས་སུ་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་དང་མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཀོང་རོང་སྨན་བླ་དོན་གྲུབ་སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་གསོ་རིག་མཁས་དབང་མང་པོ་རིམ་པར་རྒྱུད་ནས་བོད་ཀྱི་གསོ་བ་རིག་པ་དང་ལྷག་པར་དུ་དཔྱད་ཀྱི་ཆ་བྱད་སྐོར་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

དང་པོ། ཆ་བྱད་ཀྱི་སྤྱི་དོན་བཤད་པ།

བོད་ལུགས་གསོ་རིག་པའི་གཉེན་པོ་དཔྱད་ཀྱི་ཆ་བྱད་འཆད་པའི་སྐབས་འདིར་འཇམ་རྩུབ་དྲག་པོ་གསུམ་གྱི་དཔྱད་ཀྱི་ཆ་བྱད་བརྒྱ་ཅུ་ཁོ་ན་མ་ཡིན་པར་ནད་རིགས་བརྟག་པའི་ཆ་བྱད་དང་ནད་རིགས་བཅོས་པའི་ཆ་བྱད་སྨན་སྦྱོར་ལ་མཁོ་བའི་ཆ་བྱད་སོགས་མདོར་ན་སྨན་བཅོས་ལག་རྩལ་ལ་མཁོ་བའི་ཆ་བྱད་རིགས་ཡོད་དོ་ཅོག་ལ་གོ་དགོས་སོ། སྐྱེམས་པ་ཚེ་དབང་གིས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་ཚིག་དོན་ཉི་མ་ལས། ཆ་བྱད་ཅེས་པ་གཙགས་བུ་དང་ཐུར་མ་ལྟ་བུ་ལག་ཆའི་མིང་སྟེ། ཆ་ཞེས་པ་སྐབས་དེར་མཁོ་བའི་ལག་ཆ་དང་། བྱད་ཅེས་པ་ལག་ཆ་དེ་རྣམས་ཀྱི་དབྱིབས་བྱད་སྟོན་པའི་དོན་ཡིན། ཞེས་གསུངས་པས་སོ། དེ་ཡང་སྤྱིར་ཆ་ཞེས་པ་བརྗོད་བདེ་བའི་དབང་གིས་དྲངས་པའི་མིང་གི་ཆ་ཤས་ཤིག་ཡིན་པ་སྟེ། རྒྱན་ཆ། མཚོན་ཆ། ལག་ཆ་སོགས་སོ། བྱད་ཅེས་པ་ནི་དབྱིབས་སམ་དཔེ་བྱད་ལ་གོ་རུང་བའོ། དོན་དུ་སྐབས་འདིར་ཆ་བྱད་ཅེས་པའི་གོ་དོན་ལ་བཤད་ན། ཆ་བྱད་ཅེས་པའི་ཆའི་དོན་ནི། གང་ཉེ་བར་མཁོ་བའི་དངོས་པོ་སྟེ། ལག་ཆ་ཞེས་པ་ལྟ་བུ་དང་། བྱད་ཅེས་པའི་དོན་ནི་དེའི་དབྱིབས་ཏེ་དཔེ་བྱད་ཁ་བྱད་ཅེས་པ་ལྟ་བུ། དེ་གཉིས་ཀྱི་སྒྲ་དོན་བསྡུས་པ་ལ་ཆ་བྱད་ཅེས་སོ།གོ་བདེ་བཤད་ན་ནད་གཞི་བརྟག་བཅོས་ལ་མཁོ་བའི་སྨན་པའི་ལག་ཆ་ཡོད་དོ་ཅོག་ལ་ཟེར། ཆ་བྱད་སྤྱི་ཡི་གོ་དོན་འདི་ལ་གཞིགས་ན་དེང་གི་སྨན་བཅོས་ལག་རྩལ་ལ་མཁོ་བའི་ནད་རིགས་བརྟག་དཔྱད་ཀྱི་ལག་ཆ་དང་། སྨན་བཅོས་གཤག་ལས་ལག་ཆ། དེ་བཞིན་སྨན་སྦྱོར་ལ་མཁོ་བའི་ལག་ཆའམ་ཡོ་བྱད་ཡོད་དོ་ཅོག་ལ་གོ་ཆོག་སྙམ། དེ་བརྟེན་སྔོན་བྱོན་གོང་མ་ནས་རིམ་བཞིན་འཕེལ་རྒྱས་སོང་བའི་ཆ་བྱད་བརྒྱད་ཅུའི་སྟེང་བོད་ཀྱི་གསོ་རིག་གཞུང་དང་མཐུན་ཞིང་དེང་རབས་སྨན་བཅོས་ལག་རྩལ་ལ་ཉེ་བར་མཁོ་པའི་ཆ་བྱད་ཀྱི་དབྱིབས་ལེགས་བཅོས་དང་། རྒྱུ་ཆའི་སྤུས་ཀ་ཇེ་ལེགས། རྣམ་གྲངས་ཁ་སྣོན་སོགས་བྱེད་རྒྱུ་ནི་ཤིན་ཏུ་ནས་དགོས་མཁོ་ཆེ། དེ་བཞིན་དུ་དེང་རབས་སྨན་ཁང་གི་ནད་གཞི་བརྟག་དཔྱད་ཁང་(诊断室)དང་སྨན་བཅོས་དང་གཤག་ལས་ཁང་(治疗室和手术室)སྨན་སྦྱོར་ཁང་(制剂室)སོགས་ལ་མཁོ་བའི་ཡོ་བྱད་ཡོད་དོ་ཅོག་བོད་ལུགས་གསོ་རིག་གི་ཆ་བྱད་ཀྱི་ཁོངས་སུ་བསྡུ་དགོས་པའོ། དེ་ལྟར་ཆ་བྱད་ནི་བཤད་རྒྱུད་ལས། ཆ་བྱད་མེད་པའི་སྨན་པ་དེ། གོ་མཚོན་མེད་པའི་དཔའ་བོ་འདྲ། ནད་ཀྱི་དགྲ་དཔུང་ཆོམས་མི་འགྱུར། ཞེས་གསུངས་པ་ལྟར་བོད་ལུགས་གསོ་རིག་གི་སྨན་པ་ཞིག་གི་ངོས་ནས་བཤད་ན་ངེས་པར་དུ་ཆ་བྱད་ཀྱི་རིག་ཚན་འདི་ལ་ཤེས་རྟོགས་དང་ཆ་བྱད་དགོས་མཁོ་ཅན་རྣམས་རྟག་པར་ལུས་ལ་འཆང་ཞེས་གསུངས་པ་ལྟར་ངེས་པར་དུ་ཉེ་བར་ཡོད་དགོས་པའོ། །

གཉིས་པ། གཉེན་པོ་གཏར་གའི་ཆ་བྱད་དངོས་བཤད་པ།

1.གཙགས་བུའི་རྒྱུ་བསྟན་པ།

དེ་ཡང་འདིར་གཙགས་བུའི་རིགས་ཀྱི་གོ་དོན་ནི། རྒྱུད་ལས། ཤ་འདྲ་ཁྲག་དབྱུང་གཙགས་བུའི་སྡེ་བསྟན་པ། ཞེས་གསུངས་པས། གཙགས་བུ་ཞེས་པའི་སྐབས་སུ་ཁྲག་གཏར་བའི་ཆ་བྱད་ཁོ་ན་ཙམ་མ་ཡིན་པར་བོད་ཀྱི་གསོ་བ་རིག་པའི་གཤག་ལས་ནང་དུ་སྤྱོད་པའི་གཤག་གྲི་ཐམས་ཅད་གཙགས་བུའི་རིགས་ཡིན་ཏེ། དཔེར་ན་རྒྱུད་དུ། ཆུ་དྲི་འདྲ་བས་སྐྲངས་ལ་ཞལ་ཞལ་བྱ། སོར་བརྒྱད་ཟོར་བའི་དབྱིབས་ཀྱིས་ལྕེ་སྐྲངས་གཤགགཙགས་འདྲ་བྲང་བ་ཅན་གྱིས་མགོ་རྨ་འདྲ། ཞེས་གསུགས་པ་སོགས་ཀྱིས་རྟོགས་སོ། གོང་དུ་གསུངས་པ་བཞིན་བོད་ལུགས་གསོ་རིག་གི་གདོད་མའི་དུས་ལྕགས་རིགས་མ་དར་བའི་སྐབས་སུ་ཆ་བྱད་ནི་རྡོ་ཤིང་རུས་པ་སོགས་ཡིན་པ་ང་ཚོས་ཚོད་དཔག་བྱེད་ཐུབ་ལ་ལྕགས་རིགས་དར་རྗེས་ཆ་བྱད་མང་ཆེ་བ་ནི་ལྕགསཀྱིས་བཟོས་པ་ཡིན་ཏེ། རྒྱུད་ལས། དང་པོ་ཆ་བྱད་རྣོ་མཉེན་ལྡན་པའི་ལྕགས། ཞེས་དང་། དེའུ་དམར་བསྟན་འཇིན་ཕུན་ཚོགས་ཀྱིས། རྒྱུ་ནི་ཁུངས་བཟང་ཤིས་པའི་ལྕགས་སྣ་ལྔ། དེ་ཡང་རྣོ་ངར་མཉེན་ལྡན་ཞུན་ཐར་གཅེས། གསུངས་པ་ལྟར་མཉེན་ལྕགས་མ་ཡིན་པའི་ཕོ་ལྕགས་ཁ་དོག་ནག་ལ་བརྡུང་རྗེས་དམར་བ་སྟེ་དེང་སང་རླངས་འཁོར་གྱི་ལྕགས་ཀམ་པན(钢板)རིགས་ཏེ་ཁུངས་བཟང་ཤིས་པའི་ལྕགས་སྣ་ལྔ། དེ་ཡང་གཙགས་བུ་གང་ལ་བརྡེག་ཀྱང་ཐོགས་མེད་དུ་ཕུག་ཐུབ་པའི་རྣོ་དང་རྒྱུན་རིང་པོར་རྣོ་མི་ཉམས་པའི་ངར། སོ་མི་གྲུག་པའི་མཉེན་ཆ་ལྡན་ཅིང་འབར་འབུར་མེད་པར་ཁོད་སྙོམས་ཤིང་སྲབ་ལ་མཛེས་ཆ་དང་ལྡན་པ་ཞིག་དགོས། འོ་བཟང་སྦྱིན་པས། གཏར་བྱད་ཀྱི་ཆ་བྱད་ནི་རྣོ་ཞིང་མཉེན་ངར་ཅན་གྱི་ལྕགས་ཞུན་མཐར་ལེགས་པར་བྱས་པ་ལ། ཞེས་གསུངས་པ་དང་། གཞན་ཡང《རྒྱུ་བཞི》། དང་འགྲེལ་པ《བེེ་སྔོན།》སོགས་ལས་གསེར་གྱི་གཙགས་བུ་ཞེས་གསལ་བ་དང་། གཡུ་ཐོག་གསར་མས། སྤྲི་བཙན་འོག་ཏུ་རྣག་ཁུག་ན། གསེར་གྱི་རྩགས་བུས་དབྲལ་ལ་དབྱུང་། ཞེས་སོགས་གསུངས་པ་དང་གཙགས་བུའི་རྒྱུ་ལ་སྙིང་པོ་བསྡུས་པ་སོགས་ལས་ཤིང་གི་ཡལ་ག་དང་ཕྱུགས་ཀྱི་རྨིགས་པ་རྡོ་དུམ་སེན་མོ་སོགས་ལྕགས་མ་ཡིན་པའི་གཏར་སྤྱད་ལ་མཁོ་བའི་ཆ་བྱད་ཕྲ་མོ་ཡིན་ཞེས་གསུངས་པ་ལྟར་རོ། །

2.གཙགས་བུའི་རིགས་ཀྱི་དབྱེ་བ་བསྟན་པ།

བཤད་རྒྱུད་ཆ་བྱད་ལེའུ་ལས་གཙགས་བུའི་ཆ་བྱད་ལ་དབྱེ་བ་དྲུག་བསྟན་ཡོད་དེ། དེ་ཡང་ཤ་འདྲལ་ཁྲག་དབྱུང་གཙགས་བུའི་སྡེ་བསྟན་པ། བྱེའུ་སྦུ་གུའི་སྒྲོ་འདྲ་སོར་དྲུག་པ། ཤ་གསེབ་ཁྲག་རྩ་རྐྱང་པ་འདེབས་ལ་སྦྱར། ལྟག་ཉལ་རྩེ་རྣོ་སྣོད་ཀ་རྩེ་ཆུང་གཏར། སྟ་རེའི་ཁ་འདྲ་རུས་སྟེང་རྩ་ལ་གཏར། ཆུ་དྲི་འདྲ་བས་སྐྲངས་ལ་ཞལ་ཞལ་བྱ། སོར་བརྒྱད་ཟོར་བའི་དབྱིབས་ཀྱིས་ལྕེ་སྐྲངས་གཤག །གཙགས་འདྲ་བྲང་བ་ཅན་གྱིས་མགོ་རྨ་འདྲ། ཞེས་བཤད་རྒྱུད་ནས་བསྟན་པ་ནི་གཏར་གའི་གཙགས་བུ་ཁོ་ན་མ་ཡིན་པར་དྲག་དཔྱད་གཤག་བཅོས་ཀྱི་རིགས་སུ་འགྲོ་བའི་གཤག་གྲིའི་གཙགས་བུའི་རིགས་ཀྱང་བསྟན་ཡོད། ཕྱི་མ་རྒྱུད་ལས། མགར་བ་མཁས་པས་སྦུ་གུའི་སྒྲོ་འདྲའི་དབྱིབས། རྩེ་སྒུར་ཚེས་གཉིས་ཟླ་བ་ལྟ་བུའམ། ལྟག་ཉལ་སོ་དྲང་བྲང་བ་ཅན་དང་ནི། སྟ་རེའི་ཁ་འདྲ་ཀུན་ཀྱང་སྲིད་སོར་དྲུག ཞེས་ཕྱི་མ་རྒྱུད་ནས་བསྟན་པའི་གཙགས་བུའི་རིགས་ནི་གཙོ་བོ་གཏར་གའི་གཙགས་བུའི་རིགས་ཁོ་ན་བསྟན་ཡོད་དོ། །

དེ་ཡང་། 1.གཙགས་བུ་བྱེའུ་སྦུ་གུའི་སྒྲོ་འདྲ་བ། 2.གཙགས་བུ་ལྟག་ཉལ། 3.གཙགས་བུ་སྟ་རེ་ཁ་འདྲ། 4.གཙགས་བུ་ཆུ་གྲི་འདྲ་བ། 5.ལྕེ་ཟོར(གག་པའི་ལྕེ) 6.གཙགས་འདྲ་བྲང་བ་ཅན་ཆེ་ཆུང་གཉིས(དྲས་གཙགས)རིགས་གཅིག་ལ་བཞག་པ་དང་དྲུག །དེའི་སྒང་ལ་ཕྱི་མ་རྒྱུད་ནས་བསྟན་པའི། 7.གཙགས་བུ་རྩེ་སྒུར་ཚེས་གཉིས་ཟླ་བ་དང་། 8.སོ་དྲང་ཅན་གཉིས་བཅས་སྔ་ཕྱི་བསྡོམས་ན་རྒྱུད་ལས་དངོས་བསྟན་དུ་གཙགས་བུ་ལ་སྤྱིའི་དབྱེ་བ་བརྒྱད་བསྟན་ཡོད། དེ་ཡང་དེང་སང་གཙགས་བུ་དེ་རིགས་ལན་གཅིག་བེད་སྤྱོད་ཅན་(一次性)གྱི་རང་བཞིན་བཟོ་ཐུབ་ན་དེ་བས་ལེགས་སྙམ། དེལ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས། སྤྱི་དབྱིབས་བྱི་འུའི་སྒྲོ་འདྲ་རྩེ་མོ་སྒུར། དཔྲལ་རྩེ་ཚེས་གཉིས་ཟླ་བ་འདྲ་བ་འམ། ལྟག་ཉལ་སོ་ཐད་དྲང་ལ་བྲང་བ་ཅན། གྲི་ཡི་དབལ་ཁ་ལྟ་བུ་བྱ་བ་ཡིན། ཞེས་དབྱེ་བ་བདུན་དུ་གསུངས་པ་དང་། ཡང་དེ་ཉིད་ལས། བྱེ་བྲག་རྒྱས་པར་གནས་ཆེད་ཉི་ཤུ་དྲུག གསུངས་ཀྱང་དཔྲལ་བར་རྟ་གྲིའི་ཁ་འདྲ་དང་། ཞེས་དབྱེ་བ་བརྒྱད་དུ་བསྟན་ཡོད། ཡང་དེ་ཉིད་ལས། འོན་ཀྱང་གནས་ལ་གང་འཚམ་སྣ་ཚོགས་དབྱིབས། ཚད་སོགས་མ་ངེས་མགར་བའི་ལག་ཆ་འདྲ། རྩར་བརྒྱར་རང་རང་ཁ་ཕྱེད་བར་དུ་བསྒྱུར། ཞེས་གསུངས་པ་དང་། བཤད་རྒྱུད་ལས། དེ་ལྟར་ཆ་བྱད་ནད་དང་གང་མཁོ་སྤྱད་ཅེས་གསུངས་པས་ནད་པར་ཁྲག་གཏར་བའི་གནས་ཀྱི་དབང་གིས་གཙགས་བུ་ཡང་ཁ་ཆེ་ཆུང་སོགས་རིགས་མི་འདྲ་བར་བྱུང་བ་ཏེ། དེའང་དེ་ལ་དམར་པས་བྱེ་བྲག་རྒྱས་པར་གནས་ཆེད་ཉི་ཤུ་དྲུག་ཅེས་གཏར་གའི་གཙགས་བུའི་རིགས་ཉི་ཤུ་རྩ་དྲུག་བསྟན་ཡོད་པ་དང་། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལས། དེ་ནས་གཏར་སྤྱད[དཔྱད]ཀྱི་ཆོ་གའི་ལེའུ་བཤད་པར་བྱའོ། མགར་བ་མཁས་པས་ཆོ་ག་བཞིན། བརྡུངས་པའི་གཏར་སྤྱད[དཔྱད]ཉི་ཤུ་དྲུགསྤུ་ནི་ཆོད་པར་ནུས་པ་དག ཕལ་ཆེར་སོར་ནི་དྲུག་པ་བྱ། གཟུགས་ལེགས་སོ་ནི་ལེགས་པ་དང་། གཟུང་བར་བདེ་བ་ཉིད་དུ་བྱ། ཡ་ཡོ་མེད་ཅིང་འཐར་ལེགས་པའི། ཤིན་ཏུ་རྣོ་བའི་ལྕགས་ལས་བྱ། རྩེ་མོ་ཤིན་ཏུ་ལེགས་བརྡུངས་ལ། ཨུཏྤལ་སྔོན་པོའི་མདོག་འདྲ་བའི། ཞེས་གསུངས་པ་ལྟར་རོ། དེ་ལྟར་གཏར་གའི་གཙགས་བུའི་རིགས་དེ་དག་ལ་ཡང་བྱང་ལུགས་དང་ཟུར་གྱི་ལུགས་གཉིས་ཡོད་པར་ཤེས་གལ་ཆེའོ། །

3.ཉེ་བའི་ཆ་བྱད་བཤད་པ།

དེ་ཡང་གཏར་ག་རྒྱག་པའི་སྐབས་སུ་གཙོ་བོའི་ཆ་བྱད་གཙགས་བུའི་རིགས་དག་ཕུད་ངེས་པར་དུ་འཛོམས་དགོས་པའི་ཉེ་མཁོའི་ཆ་བྱད་རིགས་ལ་ཉེ་བའི་ཆ་བྱད་ཅེས་སྔ་གཞུང་གི་ཐ་སྙད་ལས་གསལ་ལ། སྙིང་པོ་བསྡུས་པ་ལས། ཉེ་བའི་ཆ་བྱད་ཁབ་ལོང་དང་ཐག་པ་རས་དང་ཐོ་བ་དང་། འབྲིང་(འབྲེང)བུ་རྒྱུ་མ་ལྕེ་རྟ་རྔ། ཡལ་ག་སེན་མོ་ཁ་སོ་དང་། དུས་དང་སྨིན་དང་ལག་རྐང་དང་འཇིགས་དང་དགའ་བ་དེའི་བྱའི། བྱེ་བྲག་ཐབས་ནི་ཤེས་པའོ། མཁས་པས་བློ་ཡིས་དཔྱད་པར་བྱ། ཞེས་རྩ་བ་ནས་གསུངས་ཤིང་དེའི་དོན་ལ། ཟླ་ཟེར་ལས། ཆ་སྤྱད་དང་འདྲ་ཞིང་དེའི་བྱ་བ་རྫོགས་པར་བྱེད་ནུས་པ། རྡོ་ཁབ་ལེན་ལ་སོགས་པ་ཉེ་བའི་ཆ་བྱད་ཅེས་བྱའོ། འོ་བཟང་བློ་བཟང་སྦྱིན་པས། གཞན་ཡང་ཁྲག་སྣོད། བལ་སྤུ་སྣུམ་ཅན། བལ་ཐག བསྙལ་གདན། ཏིལ་མར་གྱིས་བསྔགས་པའི་རྨ་དཀྲིས། རྨ་སོས་སྨན། ཚྭ་མར་སོགས་གང་འདུ་བ། ཞེས་གསུངས་སོ། སྙན་བརྒྱུད་བེ་བུམ་ནག་པོ་ལས། ད་ནི་ལག་ལེན་དམར་ཁྲིད་སྟོན། རྒྱབ་རྟེན་གཡོག་དང་རྡོ་གྲང་སྣོད། ཆུ་དང་འབྲུ་དང་རྩའུ་རྣམས། ཚད་ལྡན་གང་ནས་བསག་པ་གཅེས། སྟན་ཞིང་ཟིལ་ཆེ་རྒྱབ་ཏུ་བཞག བག་ཡོད་འཁྱུག་པས་ཁྲག་སྣོད་བཟེད། ཅེས་གསུངས་པ་ལྟར། ཁྲག་གཏར་བའི་སྐབས་སུ་གཏར་ཆས་གཙགས་བུའི་རིགས་དག་ཕུད་ངེས་པར་དུ་འཛོམས་དགོས་པའི་ཉེ་བའི་ཆ་བྱད་ནི་བསྙལ་གདན་དང་བསྙལ་ཐག །གཙགས་གདན(རྩ་མི་འགྱུར་བའི་ཆེད་དུ་རྩ་གནོན་བྱེད་ཀྱི་ཡོ་བྱད)། སྨྱུག་སྐམ་དར་དྲིལ། དུག་སེལ་སྨན(碘酒和酒精)སྲིན་བལ། ཁྲག་སྣོད་རིགས་ཆེ་ཆུང་། དཔྱད་ཁྲི་སྟེ་དེང་དུས་ཀྱི་(手术台)ལྟ་བུ་ཞིག་བོད་ལུགས་གསོ་རིག་གི་ཁྱད་ཆོས་དང་མཐུན་པ་ཞིག་བསྐྲུན་དགོས་པ་དང་དེ་བཞིན་སྨན་པའི་འདུག་སྟེགས། རྨ་དཀྲིས། ཐི་གུ གཅུས་ཤིང་། ཁྲག་གཅོད་རྨ་སྨན། ཆུ་གྲང་། རྡོ་གྲང་། ཕྱིང་པ་ཆུར་བཅུག ཚྭ་མར། ཨ་ས། རླུང་སྐྱེད་པ་དང་ཁྲག་གིས་འབོག་པ་ལ་རྩམ་བདུག་དང་བུ་རམ་རུས་ཐང་སོགས་དང་མྱུར་སྐྱོབས་སྨན་རིགས་ངེས་པར་དུ་སྟ་གོན་དགོས། དེ་བཞིན་དུ་གཙགས་བུ་བརྡར་ཡུལ་འཇམ་བརྡར། ཀོ་སེར། དེ་ཡང་གཙགས་བུའི་གཞུག་སྣོད(ད་ཉི་ཟླའི་ཁ་སྦྱོར་དང་། བི་ཇིའི་སྒོ་གཉིས་མ། རྒྱུག་རིལ་མ། གཡུ་ཐོག་གི་སྒོ་བཞི་མ། བྲང་ཏིའི་མིག་ཤིང་མ། ཆེར་རྗེའི་འབྱོང་ཤུལ་མ། གཉའ་པ་དང་མཐའ་གཞི་དར་པོའི་ལུགས་གཉིས། གྲི་སྤུངས་མ་སོགས་ལུགས་མང་བའོ)གཙགས་བུ་དུག་ཕྲལ་གྱི་བཙོ་སྣོད། སྨན་པའི་ཁ་རས་དང་ལག་ཤུབ་སོགས་ཉེ་བའི་ཆ་བྱད་འདི་དག་ནི་གཏར་བཅོས་བྱེད་པའི་སྔོན་དུ་མེད་དུ་མི་རུང་བ་ཡིན།

གསུམ་པ། མཇུག་བསྡུ་བ།

རྒྱུད་ལས། དེ་ལྟར་ཆ་བྱད་ནད་དང་གང་མཁོ་སྤྱད། ཅེས་གསུངས་པ་དང་། དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས། འོན་ཀྱང་གནས་ལ་གང་འཚམ་སྣ་ཚོགས་དབྱིབས། ཚད་སོགས་མ་ངེས་མགར་བའི་ལག་ཆ་འདྲ། རྩ་བརྒྱར་རང་རང་ཁ་ཕྱེད་བར་དུ་བསྒྱུར། ཞེས་གསུངས་པ་ལྟར། གོང་གི་སྔོན་བྱོན་མེས་པོའི་དགོངས་དོན་ལ་གཞིགས་ན་གྲངས་དང་དབྱིབས་སོགས་མ་ངེས་པར་མགར་བའི་ལག་ཆ་དང་འདྲ་བས། དེང་གི་ནད་གཞི་བརྟག་བཅོས་དང་། བདེ་ཐང་ལུས་སྦྱོང་། སྨན་རིགས་སྦྱོར་བཟོ་ལ་མཁོ་བའི་ཆ་བྱད། ཉེ་བའི་ཆ་བྱད་རིགས་ཀུན་གསར་བསྐྲུན་བྱེད་ཆོག་པ་ཤུགས་སུ་རྟོགས་ནུས། དེ་ལྟར་དེང་སྐབས་བཟོ་ལས་འཕེལ་རྒྱས་ཚད་མཐོར་སླེབས་པའི་དུས་འདིར་བོད་ཀྱི་ཤིང་བཟོ་སོགས་ཀྱིས་དེང་གི་འཕྲུལ་ཆས་བེད་སྤྱོད་བྱེད་པ་ཇི་བཞིན་ང་ཚོ་བོད་ཀྱི་སྨན་པ་རྣམས་ཀྱིས་ཀྱང་སྔོན་གྱི་ཆ་བྱད་ཀྱི་རྨང་གཞིའི་སྟེང་བོད་ལུགས་གསོ་རིག་གི་ཁྱད་ཆོས་དང་མཐུན་ཅིང་དེང་རབས་བཟོ་རྩལ་གྱིས་མཛེས་ཤིང་བཀོལ་སྤྱོད་བདེའི་སྤུས་ལེགས་ཀྱི་ཆ་བྱད་རིགས་དང་ཉེ་བའི་ཆ་བྱད་རིགས་གསར་བསྐྲུན་དང་བེད་སྤྱོད་ཐུབ་པར་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་ལ་འཁེལ་འདུག་སེམས། གང་ཡིན་ཞེ་ན། བོད་ལུགས་གསོ་རིག་ལས་ཆ་བྱད་ཅེས་པའི་ཐ་སྙད་འདི་ནི་དོན་རྒྱ་ཆེན་པོ་ཞིག་ལ་གོ་དགོས་སྟེ། གཉེན་པོ་བཞི་ལས་དཔྱད་བཅོས་ཀྱི་ཆ་བྱད་ཁོ་ན་མིན་པར་གོང་དུ་གསུངས་པ་བཞིན་བོད་ལུགས་གསོ་རིག་གི་ལག་ལེན་ལ་མཁོ་བའི་ཡོ་བྱད་རིགས་ཡོད་དོ་ཅོག་ཆ་བྱད་ཀྱི་ཁོངས་སུ་བསྡུ་དགོས་པ་ཡིན་པས་སོ། །

འདིར་རང་ཉིད་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན། བླང་དོར་འབྱེད་པའི་བློ་གྲོས་སོགས་ཀྱིས་དབེན་པས་བརྗོད་བྱའི་ནང་དོན་དང་བརྗོད་བྱེད་ཚིག་ལ་འགལ་འཁྲུལ་མི་ཉུང་བ་ཡོད་སྲིད་པས་མཁྱེན་ལྡན་རྣམས་ཀྱིས་རིན་བྲལ་སྐྱོན་བརྗོད་ཡོད་པར་ཞུ། །

དེ་ལྟར་བདག་བློ་བྱིས་པའི་ཁབ་མིག་ལས། །

གསོ་རིག་ཀུན་གསལ་རྒྱང་ལ་ལྟ་ཁུལ་བགྱིས། །

མ་རྟོགས་ལྟ་སྣང་སྨིག་རྒྱུར་འཁྲུལ་སྲིད་པས། །

བཀའ་སྲུང་སྨན་བླ་ཞང་བློན་སྤྱན་སྔར་བཤགས།

ཤུ་བྷཾ།  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1