ཕོ་བའི་གཉན་འབྲས་དང་མིད་པའི་གཉན་འབྲས་ཀྱི་གཉིས་ཀྱི་རྟགས་བཅོས་བདུད་རྩིའི་ ཟེགས་མ་བཞུགས།

པད་མ་རྣམ་རྒྱལ། དཀར་མཛེས་ཁུལ་བོད་སྨན་ཁང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25


 རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་འགྲོ་བའི་གཉེན། །ཅི་འདོད་རེ་བ་སྐོང་མཛད་ཡིད་བཞིན་དབང་། །དྲན་པ་ཙམ་གྱིས་ནད་དཔུང་འཇོམས་མཛད་པ། །སྨན་བླ་གཉིས་པ་གཡུ་ཐོག་མགོན་པོར་འདུད། །སྲིན་པའི་གསོ་དཔྱད་གཅིག་དུ་བསྡུས་ན་ཡང་། །བཟློག་མེད་གཉན་འབྲས་འཇིགས་ལས་མི་ཐར་ཞེས། །ཕྱོགས་མཐར་སྤྲིན་གྱི་སྨྲ་བཞིན་ཁྱབ་པ་འདི། །འགོག་པར་བྲལ་ཡང་བདག་མགྲིན་ལམ་ནས་ཐལ། །སྦྱོང་བརྩོན་ཤེས་རབ་དམན་པ་བདག་བློའི་ཡུལ། །ཁྱབ་མིག་ལྟར་དོག་གསོ་རིག་ཀུན་གསལ་ཁམས། །རྒྱུ་སྐར་མངོན་པར་མཐོང་བ་བློ་འདས་ཀྱང་། །ཕྱོགས་ཙམ་རིག་པའི་དཔྱད་གཞི་འདི་རུ་སྤྲོ། །
དང་པོ། རྩམ་དགོས་པ། 
དེ་ལ་འདིར། ཕོ་བའི་གཉན་འབྲས་དང་མིན་པའི་གཉན་འབྲས་གང་རུང་གི་ཟིན་པའི་་ནད་པ་ཁ་ཤས་ལ་སྨན་དཔྱད་སོགས་བྱེད་ཁུལ་བྱས་ཀྱང་། ན་ཟུག་དྲག་པོས་བཏབ་པའི་ནད་པ་ཁ་ཤས་རིམ་བཞིན་ན་ཟུག་ཆུང་ངུར་གྱུར་ཐུབ་པ་ཙམ་དང་། ཟས་སྐོམ་ཅུང་ཟད་ལས་མིན་པར་མི་འགྲོ་བ་ཡིན་ན་འགྲོ་ཐུབ་པ་ཙམ་གྱུར་ཡང་། ཟླ་བ་ཁ་ཤས་ནས་ནད་འདི་ཕྱིར་ལོག་བྱུང་འདུ་པས། དེར་བརྟེན་ནད་དེར་ཕན་ངེས་པའི་གསོ་ཐབས་གཅིག་ཡོད་ན་ཅི་མ་རུང་སྙམ་ནས་བཀོད་པ་ཡིན། 

གཉིས་པ། རྒྱུ་མཚན་བཤད་པ། 
དེང་སྐབས་རྒྱ་ནག་པས། ཨེ་ཀྲེན་ཟེར་བའི་ནད་དང་གཉན་འབྲས་གཉིས་ནད་གཅིག་་་རེད་སྙམ། དེང་ཡང་མན་ངག་ལྷན་ཐབས་ལས། གཉན་རིམས་ཤ་རུས་རྩར་བེམ་འབྲས་ཞེས་པ། གསུངས་པ་དེ་ཇི་ལྟར་གྲུབ་སྙམ་ན། མན་རྒྱུད་ལས། ཁོང་ནད་ཀུན་གྱི་རྩ་བ་མ་ཞུ་བ། གསུངས་བཞིན་ལུས་ཟུངས་ཀྱི་དྭངས་མ་མ་ཞུ་བའི་ཁྲག་ངན་ཆུ་སེར་རྩ་མིག་ཏུ་བྱེར་བ་རླུང་གིས་བསྒྲིལ་བས་རྣམ་པར་གྱུར་བ་ནད་ཀྱི་ངོ་བོ་གདུག་ཅན་གྱི་གཉན་དེ་ལྷན་སྐྱེས་ཀྱི་སྲིན་དང་་བསྡོངས་བས་དེ་ཉིད་ཤ་རུས་རྩ་ལ་ཞེན་པའི་གནས་དེར་སྲ་མཁྲེགས་སུ་གྱུར་ཞིང་། དྭངས་མ་རྒྱུ་བའི་ལམ་བཀག་ནས་ཟུངས་སུ་འགྲོ་མི་བཅུག་ལ་འཐེན་འགྲོ་བའི་རྐྱེན་གྱིས་གསོ་དཀའ་བའི་གཉན་འབྲས་ཀྱི་ནད་དེར་ཕོག་ཡུལ་མི་འདྲ་བ་དུ་མ་ཡོད་ལ། དེ་བསྡུས་ན་ཤ་འབྲས། རུས་འབྲས། རྩ་འབྲས་གསུམ་དུ་འདས་སོ། 

གསུམ་པ། རྒྱུ་རྐྱེན། 
གཉན་འབྲས་ཀྱི་ནད་འབྱུང་བའི་རྒྱུ་རྐྱེན་ནི། རང་ལས་ལྷན་སྐྱེས་པའི་རྒྱུ་དུ་གསུམ་གྱི་་་བསྐྱེད་པའི་ཚེ་རབ་སྔ་མའི་ལན་ཆགས་ཀྱི་བདག་པོ་དང་། འཕྲལ་རྐྱེན་ས་བདག་ཀླུ་གཉན་་་སོགས་དྲག་པོའི་གདོན་དང་། དཀོར་ཟས་དང་རྐུ་འཕྲོག་སོགས་མི་དགེ་བའི་ལས་གང་རུང་་་བསགས་པ་དང་། ཟས་སྐོམ་རུལ་སྐྱུར་གྱི་རིགས་དང་། འཇུ་དཀའ་བའི་ཟས་སྐོམ་བསྟེན་དྲགས་པ་དང་། སྤྱོད་ལམ་དྲག་ཤུལ་སོགས་ཁམས་དང་མི་འཕྲོད་པའི་ལས་བསྒྲུབས་ལས་བྱུང་བ་་་དང་། གཞན་ཡང་ཕོ་བ་སྨུག་པོའི་ནད་དང་། བད་ཀན་ཕོ་ཐོགས་དང་གྲེ་ཐོགས་སོགས་ཀྱི་ནད་གཞུག་གཉན་འབྲས་སུ་འགྱུར་འགྲོ་བ་མང་། 

བཞི་པ། ཕོ་བའི་གཉན་འབྲས་ཀྱི་ནད་རྟགས། 
གཉན་འབྲས་ཕོ་བར་བབས་པའི་ནད་རྟགས་ནི། ཐོག་མར་ཕོ་བ་རིམ་གྱིས་ན་ཞིང་ལུས་ཀྱི་ཟུངས་སྟོབས་ཉིན་རེ་བཞིན་དུ་ཉམས། རྩ་ཞན་ཅིང་ཞར་བར་འཕར། ཆུ་མདོག་དཀར་སེར་ལྦུ་བ་ཚག་སྒྲ་དང་བཅས་ཏེ་སངས་རྐྱེན་པ་འབྱུང་། ནད་པ་སྤྲོ་ཐུང་འདོད་སྲེད་ཆེ་རུ་གྱུར། བར་དུ་ཕོ་བ་ཚ་ཤར་བྱེད་ཅིང་ལག་པས་རེག་ཉུལ་བྱེད་སྐབས་སྲ་ཞིང་འབར་འབུར་ཅན་གྱི་སྐྲངས་པའི་རྣམ་པ་ཅན་ཞིག་ཡོད་པ་དེ་གཡོ་འགུལ་མི་བྱེད་ཅིང་། མཐའ་མཚམས་ཀྱང་གསལ་པོ་མི་མངོན། བེ་སྣབས་འཛད་མེད་གྱེན་དུ་སྐྱུགས་ཅིང་། ཟས་སྐོམ་ཡང་མི་ཞུ་ནས་སྐྱུགས་པར་འགྱུར། ཐ་མར་ཁྲག་རྩ་དང་རྨེན་བུར་བརྒྱུད་ནས་བྱེར་བའི་རྐྱེན་གྱིས་སྐེ་སྨད་ཀྱི་རྨེན་བུ་སོགས་སྐྲངས། ནད་རང་གནས་སུ་མ་ཞི་ནས་གཞན་གནས་སུ་ལོག་པའི་ནད་རྟགས་་སོགས་འབྱུང་ངོ་། 

ལྔ་པ། འབྲས་སྐྲན་གཉིས་ཀྱི་ཁྱད་པར། 
འབྲས་ཕལ་ཆེར་དང་སྐྲན་གཉིས་སྐྲངས་པའི་ནད་ཡིན་པས་ནོར་འཁྲུལ་འབྱུང་སྲིད་ལ། རྒྱུད་ལས། དེ་བཞིན་སྐྲན་དང་ཁོང་འབྲས་བཅོས་ཐབས་འཕྲུལ། །ཞེས་གསུངས་པ་ནི་སྐྲན་དང་འབྲས་གཉིས་ཀྱི་ཁྱད་པར་གྱི་དབྱེ་བ་རིག་པས་འཕྲུལ་ནས་ནད་འདི་གཉིས་མི་ནོར་བར་་་་གཟབ་ནན་གྱིས་སོ་སོར་བརྟག་དགོས་གསུངས་པའི་དོན་ཡིན་ལ། དེ་ཡང་ཕོ་འབྲས་ཀྱི་སྐྲངས་པ་ནི་འབར་འབུར་ཅན་ཡིན་ལ་ཕོ་སྐྲན་གྱི་སྐྲངས་པ་འཇམ་པའི་རང་བཞིན་ཡིན་པས་མི་་་ནོར། ཕོ་སྐྲན་གྱི་སྐྲངས་པ་མཐའ་མཚམས་མངོན་ཞིང་འབྲས་ལ་མི་མངོན་པས་མི་ནོར། འབྲས་ནི་ཁྲག་རྩ་དང་རྨེན་བུ་རྒྱུད་ནས་བྱེར་ཞིང་སྐྲན་ནི་བྱེར་བ་མེད་པས་མི་ནོར། འབྲས་ནད་ཀྱིས་དྭངས་མའི་བཅུད་རྫས་རྣམས་ཟུངས་སུ་འགྲོ་མི་འཇུག་པའི་རྐྱེན་གྱིས་ཟུངས་སྟོབས་ཉིན་རེ་བཞིན་ཏུ་ཟད་ཅིང་སྐྲན་ནི་དེ་ལྟར་ཙམ་མིན་པས་མི་ནོར། 

དྲུག་པ། རྨེན་བུའི་ནད་དང་གཉན་འབྲས་གཉིས་ཀྱི་དབྱེ་འབྱེད། 
རྨེན་བུ་སྐྲངས་ཚད་གཉན་འབྲས་ཀྱི་ནད་དུ་ངོས་བཟུང་བར་རིགས་སམ་ཟེར་ན་དེ་ཡང་མ་ངེས་ཏེ། གཉན་རིམས་ཀྱི་ཁོངས་གཏོགས་རྨེན་བུའི་སྐྲངས་པའི་ནད་ཅིག་ཀྱང་ཡོད་ལ། དེ་རྒྱུད་ལས། རྐྱེན་ནི་དྲག་ཤུལ་སོགས་ཀྱིས་རླུང་ཁྲག་འཁྲུགས། །དེ་དག་ཚིགས་སུ་བབས་པ་བཤད་ན་ཡང་། །ཕལ་ཆེར་སྐེ་མཇིག་མིག་ཟུར་སྣེ་ས་རུ། །སྐྲངས་པའི་མདོག་དང་ཆེ་ཆུང་སྲ་སྙི་དྲོད། །ཟུག་གཟེར་སྨིན་པ་དཀའ་སླ་འཕེལ་བྲི་སོགས། །སྣ་ཚོགས་འབྱུང་བས་རིགས་བརྒྱད་གསུངས་མོད་ཀྱང་། །གནས་དེར་ལྦ་བ་ཉུང་གཤེར་འཁྱགས་འདྲ་ཞིང་། །ཞེས་གསུངས་པ། གཉན་འབྲས་ནི་མན་ངག་ལྷན་ཐབས་ལས། དབྱེ་བ་སྐབས་འདིར་ཕྱི་ནང་གཉིས་སུ་བསྡུས། །ཕྱི་རྟགས་རྩ་རྒྱུད་ཕྲ་འདར་སྐྲངས་མནན་སྲ། །ཤ་ཡི་འབྲས་ནི་ཉུང་གཤེར་འཁྱགས་པ་འདྲ། །རུས་འབྲས་་་་རུས་པ་མདོག་འགྱུར་རྩི་ཉམས་ཟ། །ཡང་ན་རུས་སྟེང་ལྕགས་ཀྱིས་གཟེར་བཏབ་འདྲ། །རྩ་འབྲས་སྐྲངས་ཤིང་སྦྲུལ་ནག་ཁྲོས་པ་འདྲ། །ཕོ་འབྲས་སྐྲན་ལྟར་རེག་པ་སྲ་བའམ། །མི་མངོན་གཏིང་ནུབ་ཟས་ལ་འཁྲེན་པ་སྟེ། །སྨིན་ནས་གྱེན་ཐུར་གཉིས་ཀར་རྣག་རྡོར་འགྱུར། །གསུངས་པ་ལྟར་རྨེན་བུའི་ནད་དང་འབྲས་གཉན་གྱི་ནད་གཉིས་ཉུང་གཤེར་འཁྱགས་པ་འདྲ་ཞེས་པ་གཅིག་པོའི་སྒོ་ནས་ནད་གཅིག་ཏུ་བཟུང་བར་མི་བྱ་ཞིང་། སྐྲངས་པ་སྲ་ཡང་དབྱིབས་འབར་འབུར་ཡིན་མིན་དང་། ལུས་ཤ་ཆད་མིན་སོགས་ཞིབ་ཏུ་བརྟག་པ་གལ་ཆེ། 

བདུན་པ། མིད་འབྲས་སློང་རྐྱེན་དང་བརྟག་ཐབས། 
མིད་འབྲས་སྤྱིའི་རྐྱེན་ནི་ཕོ་འབྲས་དང་འདྲ་ལ། ཁྱད་པར་ཟས་སྐོམ་གང་རུང་ཚ་དྲགས་པ་དང་སྲ་བའི་རིགས་སོགས་གྱུར་མིད་བྱས་པས་མིད་པ་བསྣད་པ་དང་། བཤུས་པའི་རྐྱེན་་་་དང་། གྱེན་རྒྱུའི་རླུང་འཁྲུགས་པ་སོགས་ཀྱིས་འབྱུང་། ནད་རྟགས་ཐོག་མ་ཟས་མིད་དཀའ་བ་ཙམ་དང་། བྲང་ཁོག་བསྡམས་པ་ཙམ་ལས་རྟགས་ཆེར་མི་གསལ་ཡང་། ལུས་ཀྱི་ཤ་རིམ་བཞིན་ཟད་པར་འགྱུར། བར་དུ་ཟས་སྐོམ་གང་རུང་བསྟེན་པ་རྣམས་སྐབས་རེ་ཕོ་བར་འགྲོ་ཐུབ་པ་་ཙམ་འགྱུར་ཡང་། ཐེངས་རེར་མིན་པ་འགགས་ནས་ཉུང་ཙམ་ཡང་མི་འགྲོ། ཐེངས་རེར་ཕོ་བར་ཟས་ཅུང་ཟད་ཙམ་རེ་སོང་ཡང་ཞུ་མི་ཐུབ་ནས་གྱེན་དུ་སྐྱུགས་འོངས་ཐ་མར་ཆུ་སྐྱུར་མེད་པར་གྱུར་ནས་བེ་སྣབས་ཟད་མེད་དུ་སྐྱུགས། ཟས་སྐོམ་མིད་པ་འགགས་ནས་མི་འགྲོ་ཞིང་ནད་བྱེར་བའི་རྐྱེན་གྱིས་སྐེ་སྨད་ཀྱི་རྨེན་བུ་སྐྲངས་ཤིང་བླ་གཉན་གྱི་ནད་ལྡང་བ་སོགས་ཀྱིས་རྟགས་འབྱུང་ངོ་། 

བརྒྱད་པ། བད་ཀན་མགུལ་འགགས་དང་མིད་པའི་གཉན་འབྲས་གཉིས་ཀྱི་དབྱེ་བ། 
བད་ཀན་མགུལ་འགགས་དང་མིད་པའི་གཉན་འབྲས་གཉིས་ནད་ཀྱི་ངོ་བོ་གཅིག་ཏུ་བཟུང་བར་རིགས་སམ་ཞེས་ན་མ་ངེས་ཏེ། རྒྱུད་ལས། བད་ཀན་མགུལ་འགགས་ཞེས་བྱ་ཕོ་བ་དང་། །བྲང་དང་གློ་བར་བད་ཀན་རྒྱས་པ་ཡིས། །བད་ཀན་རླངས་པ་གློ་ཡུ་མིད་པར་ཆགས། །
དཔེར་ན་དོང་བའི་ངོས་སུ་ཞོ་ཆགས་འདྲ། །ཞེས་གསུངས་པས། བད་ཀན་མགུལ་འགགས་ནི་གློ་ཡུ་དང་མིད་པར་བད་ཀན་གྱི་རླངས་པ་ཟོ་བའི་ངོས་སུ་ཟོ་མར་ལྟར་ཆགས་པའི་ནད་དེ་ཐུར་དུ་བབས་ན་བད་ཀན་ཕོ་ཐོགས་ཡིན་ཞིང་། དེ་ལྟར་མི་འཚོ་བའི་ནད་ཅིག་ཡིན་སྙམ་ན་མ་་ངེས་ཏེ། ནད་རྟགས་དང་པོ་དང་བར་མ་གཉིས་སུ་བྱུང་ན་སྨན་པ་མཁས་པ་དང་འཕྲད་ན་་བཅོས་ཐུབ་ལ་ཐལ་མའི་རྟགས་ཀུན་ཚང་ན་འཆི་བ་ལས་མ་འདས། དེ་ཡང་མན་ངག་ལྷན་་་ཐབས་ལས། ཐོག་མ་བར་གྱི་ནད་རྟགས་མཁས་པས་འཚོ། །ཐ་མའི་རྟགས་ཀུན་ཚང་ན་འཆི་་་བར་འདུག ། ཞེས་གསུངས་པས། གཉན་འབྲས་ནི་སྲ་མཁྲེགས་ཀྱི་རྣམ་པ་ཅན་ཞིག་ཡིན་པས་་ནད་ཀྱི་ངོ་བོ་གཅིག་ཏུ་བཟུང་བར་མི་བྱའོ། 

དགུ་པ། བཅོས་ཐབས་སྤྱི་བསྟན་པ། 
དེ་ཡང་གཉན་འབྲས་ཀྱི་ནད་དེ་འཐོར་མ་ཚར་བའི་སྔོན་དུ། དེའི་གཉེན་པོ་ཟས་སྤྱོད་་་སྨན་དཔྱད་བཞི་ལས། དང་པོ། དཀར་པོ་ཟས་དང་རྐུ་ཕྲོག་སོགས་མི་དགེ་བའི་ལས་བསགས་་པའི་ཟས་དང་། ཟས་རུས་སྐྱུར་མ་སྨིན་པའི་རིགས་དང་། འཕར་སྤྱང་གི་བསད་པའི་ཤ་དང་། 
རྦབ་གྲིར་ཤི་བའི་ཤ། རྔ་ཕྲན་དང་ར་ལུག་གི་ཤ། རྩམ་པ་དང་གྲོ་ཕྱེ་རྙིང་བ་དང་། ཤ་མར་རྙིང་པ་སོགས་ཀྱི་རིགས་རྣམས་དང་། སྒོག་བཙོང་དང་། ཟས་རིགས་སྣུམ་གྱི་ནང་དུ་བརྔོས་པ་དང་། མེར་བསྲེག་པ་དང་སྲ་བའི་རིགས་སོགས་སྤང་ནས་ཡང་ཞིང་འཇུ་སླ་བའི་གསར་བཅུད་ཟས་ཀྱི་ལུས་ཟུངས་གསོ་བ་ལ་འབད་པ་བྱའོ། གཉིས་པ། སྤྱོད་ལམ་དྲག་དལ་རན་པའི་སྒོ་ནས་སྒྲིབ་སྦྱང་ལ་འབད་ནས་གནས་གོས་དྲོ་བ་བསྟེན། འཁྲིག་སྤྱོད་སྤང་འཁོལ་འཛིངས་བྱེད་སར་དང་འུར་ཟེང་བྱེད་སར་མི་འགྲོ་ལ། གཙོ་བོར་སེམས་བདེ་ཞིང་སྐྱིད་དགོས་པ་ནི་གནད་དམ་པའོ། གསུམ་པ། སྨན་གྱི་བཅོས་ཚུལ་ནིམན་ངག་ལྷན་ཐབས་ལས། ཁོང་འབྲས་སྨིན་དུ་མི་གཞུག་་་་་གསར་དུས་བཅོས། །དང་པོ་སྨྱུང་བྱ་བོང་ང་བྱི་ཏང་ག ། དུག་ཉུང་སྒྲོན་ཤིང་ཕོ་བ་རིས་བསྐོལ་བླུད། །ཞེས་པའི་ཐང་སུམ་གཉིས་བསྡུད་ཏེ་ཉིན་ཁ་ཤས་བཏག་རྗེས་སྤྱི་བཅོས་སྐབས་ཀྱི་ཁོང་སྨན་བསྟེན་གསུངས་པའི་སྨན་ནི། སྤྱི་རུ་ཁོང་ལ་ཁྱུང་ལྔ་སྟེང་། དངུལ་ཆུ་ཀླུ་བདུད་རྡེ་རྗེ་བྲག་སྤོས་དང་། གསང་བའི་སྨན་བསྣན་བཏང་ལ་ཁོང་གཉན་བསྲུང་། གསུངས་པ་ལྟར་གྱི་ལག་ལེན་རྣམས་མ་མཆུག་པར་དགོས་ལ། དེ་ཡང་ཁྱུ་ལྔའི་སྦྱོར་ཚད་ནི། ཤ་རུས་རྒྱུས་པ་སྙིང་ཁྲག་བྱ་་་་ཁྱུང་ལྔ། བཞི་གཅིག་གསུམ་གཉིས་ཕྱེད་དང་སུམ་ཆ་སྦྱར། གསུངས་པའི་སྦྱོར་ཚད་ལྟར་བྱས་ན་རྒྱུད་ཀྱི་དགོངས་པ་ལྟར་ཡིན་ཡང་། འདིར་མཁའ་འགྲོ་གཏད་ཀྱི་རྒྱ་མདུད་ཀྱི་སྦྱོར་ཚད་ལྟར་ནི། ཤ་ཨ་རུ་ར་སྲང་གང་ཞོ་དོ་ལ་རུས་རུ་རྟ་ཞོ་གསུམ། རྒྱུས་པ་ཤུ་དག་ཞོ་དགུ། སྙིང་སྨན་ཆེན་ཞོ་དྲུག ཁྲག་གླ་རྩི་ཞོ་གང་སྐར་ལྔ་བཅས་ཀྱི་ཚད་གཞིའི་སྨན་རྣམས་མང་ཉུང་ཇི་ལྟར་སྦྱར་ཡང་དེ་ལྟར་སྦྱར་ལ་སྨན་རྣམས་སོ་སོར་བཏུལ། གཉིས་པ་འབྲུ་ལྔས་དབང་བསྐུར་བྱིན་རླབས་ཚུལ་བཞིན་བྱ་ཞེས་པ། འབྲུ་ལྔས་དབང་བསྐུར་བྱ་བ་ནི། སྨན་ལྔ་པོ་དེ་རྣམས་རིན་པོ་ཆེའི་སྣོད་དུ་སོ་སོར་བླུགས་ལ་སྟེགས་གཙང་མའི་ཁར་པད་མ་འདབ་བཞི་ཕྱོགས་མདོག་དབུས་མཐིང་ག་བྲིས་ལ། དབུས་སུ་ཨ་རུ་ར། ཤར་རུ་རྟ། ལྷོར་སྨན་ཆེན། ནུབ་ཏུ་གླ་རྩི། བྱང་དུ་ཤུ་དག་རྣམས་་་བཀོད། སློན་དཔོན་གཙང་སྦྲ་ལ་གནས་པས་ཕྱག་ན་རྡོ་རྗེ་གཏུམ་པོའི་གོང་བསྙེན་ཐེབས་པས་ལྷའི་བསྐྱེད་རིམ་གསལ་བའི་ངང་ནས། སྨན་ལྔ་བསངས་ཆུས་བྲན་ལ། སྭ་བྷ་ཝས་སྟོངས་བར་་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ་གཞུ་ལྟར་བུའི་འཆང་བཟུང་ལ་ཡི་གེ་ཡཾ་སྔོན་པོ་མཚན་པ། མཆོག་མ་གཉིས་ལ་གཡོ་བ་བ་དན་གྱི་རྣམ་པ་རླུང་དར་ལྕེ་ལྟར་བསྐྱོད་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བ། དེའི་སྟེང་དུ་ཡི་གེ་ཀཾ་དཀར་པོ་གསུམ་ལས་ཐོད་སྒྱེད་ལྟག་ནང་དུ་བསྟན་པ་གསུམ་གྱི་ཁར་ཨཱཿལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་དཔྲལ་བར་རང་ལ་བསྟན་པའི་ནང་དུ་པད་མ་འདབ་མ་་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་ཟེ་འབྲུ་མཐིང་ག་འོད་དང་ལྡན་པའི་དབུས་ཀྱི་ཟེ་འབྲུ་ལ་ཨོཾ་ལས་ཨ་རུ་ར་སྔོན་པོ་མཐིང་ཞུན་ལྟ་བུ་ཤར་གྱི་འདམ་མ་ལ་ཨཱཿརུ་རྟ་དཀར་པོ་དངུལ་ཆུ་ལྟ་བུ། ལྷོའི་འདབ་མ་ལ་ཧྲྰིཿལས་སྨན་ཆེན་སེར་པོ་གསེར་བཙོ་མ་ལྟ་བུ། ནུབ་ཀྱི་འདབ་མ་ལ་ཁ་ལས་གླ་རྩི་དམར་པོ་མཚལ་ལྟ་བུ། བྱང་གི་འདབ་མ་ལ་ཎི་ལས་ཤུ་དག་ལྗང་གུ་མར་གད་ལྟ་བུ་གྱུར་བར་བསྒོམ་ལ་ཨོཾ་ཨྰཿཧྲྰི་ཁ་ཎི་ཨོཾ་ཨྰཿཧྰུཾཿལན་གསུམ་བརྗོད་པའི་མཐའ་མའི་ཧྲུཾ་གྱི་སྐབས་སུ་རང་གི་སྣ་བུག་གཡོན་ནས་རླུང་ཧྰུཾ་གྱི་དབྱིབས་ཅན་འཕྲོས། བདུན་གྱི་་་་རླུང་དཀྱིལ་ལ་ཕོག་རླུང་གཡོས་མེ་སྦར་ཐོད་པ་དྲོས། རྫས་རྣམས་ཁོལ་ཞིང་ཕྱུར་བས་མ་དག་པའི་ཉེས་སྐྱོན་གྱི་ཚོགས་དང་མཆིས་ལྦུ་བའི་ཚུལ་དུ་ཕྱིར་ལུད། དག་པའི་དྭངས་མ་རོ་དྲུག་་་དང་ལྡན་པས་གདོན་བགེགས་ཉེས་ཚོགས་མ་ལུས་པ་གཞོམ་པ། ནུས་པ་བརྒྱད་དང་ལྡན་པས་མཚན་ཉིད་ཤིན་ཏུ་འཛོམས་པ། ཞུ་རྗེས་རོ་ནུས་གསུམ་དང་ལྡན་པས་ཉེས་པ་གསུམ་ལྷག་མེད་ཞི་བར་བྱེད་པའི་མཐུ་དང་ལྡན་པའི་བདུད་རྩིའི་རང་བཞིན་དུ་འགྱུར། ཨོཾ་ཨྰ་ཧྲྰུཾ། ལན་གསུམ། ཨོཾ་ཨྰཿཧྲྰིཿ་ཁ་ཎི་ས་རྦ་སིངྡྷི་ཕ་ལ་ཧྲྰུཾཨྰཿཞེས་ལན་ལྔ་བརྒྱ་བཟླས་སོ། གསུམ་པ་ལག་ལེན་ནི། འདུལ་གཞོང་སོགས་ཀྱི་ཆས་ལེགས་པར་བསྒྲིགས་ཏེ་གཙང་སྦྲ་དང་ལྡན་པའི་སྒོ་ནས་ཁྱུང་ལྔའི་སྦྱོར་བ་འདི་ལ་ཡང་མདོག་བཞིའི་ལག་ལེན་མ་ཤེས་ན་ཁྱུང་ལྔ་སྦྱོར་བའི་སྨན་པ་མིན་་ཞེས་དང་། མདོག་ནི་སྨུག་ནག་སྔོ་མཐིང་བཞི་ཏུ་འགྱུར་གསུངས་བཞིན་བྱ་དགོས་ཏེ། དེ་ཡང་རྡོ་གཞོང་ནང་དུ་ཨ་ར་དང་བཙན་དུག་གཉིས་དུ་བསྲེས་ལ། བྱིས་པའི་ནད་མེད་ལོ་བརྒྱད་་་ལོན་པའི་དྲི་ཆུའམ་དགེ་སློང་གཙང་མ་ནད་མེད་གང་རུང་གི་ཆུས་གར་སླ་ཞོ་ཙམ་བྱས་ལ་་འདམ་བཏགས་ཉིན་གཅིག་ལེགས་པར་བྱས་པས་སྨན་གྱི་ཁ་མདོག་སྨུག་པོར་འགྲོ། དེ་ནས་རུ་རྟའི་ཕྱེ་མ་བཏབ་ལ་ཉིན་གཅིག་ཙམ་འདམ་བཏགས་བྱས་པས་ཁ་མདོག་སྔོན་པོར་འགྲོ། དེ་ནས་གསང་སྨན་སོགས་ཁ་ཚར་གྱི་སྨན་དང་། གུ་གུལ་ལྷད་མེད་ཆུས་བཞུས་པའི་དྭངས་མས་འདམ་བཏགས་ཉིན་གཅིག་བྱས་པས་ཁ་མདོག་མཐིང་ནག་གམ་མཁའ་དྭངས་པ་ལྟ་བུ་་་་་་འགྱུར། དེ་ནས་དགེ་སློང་ནད་མེད་ཀྱི་དྲི་ཆུར་གླ་བ་ནག་པོའི་རྩི་ལེགས་པར་སྦྱངས་པའི་ཁུ་་་བས་འདམ་བཏགས་ཇ་ཡུན་ཙམ་བྱས་ལ་གར་སླ་ཟན་ཙམ་གྱུར་ཚེ། ལག་པ་གཙང་མ་བཀྲུས་ནས་མར་དཀར་ཅུང་ཟད་ལག་པར་བྱུགས། དེ་ནས་རིལ་བུ་ཚད་མཐུན་ལྟར་དྲིལ་ལ་རིལ་་་་ཆགས་བྱ། དར་སྔོན་གྱི་ཁུག་མར་བླུགས་ཏེ་གྲིབ་མ་རུལ་བ་ལེགས་པར་བསྐམས། བཞི་པ་བྱིན་གྱིས་བརླབས་པ་ལ། རིལ་བུ་རྣམས་མཚན་ལྡན་གྱི་ཐོད་པར་བླུགས་ལ་དར་སྔོན་གྱིས་ཁ་བཀབ་ནས་དཀྱིལ་འཁོར་དུ་བཞག་ཅིང་། ཁྱུང་ལྔ་དེ་ཉིད་མཁའ་ལྡིང་ནག་པོ་ལ་བརྟེན་ནས་བྱིན་་གྱིས་བརླབས་པའམ་རིག་འདུས་བྱ་ཁྱུང་ལ་བརྟེན་ནས་བྱིན་གྱིས་རླབས་པ་གང་རུང་གི་་་་་་དབང་ལུང་བརྒྱུད་པ་ཡོད་པ་ལྟར་དུ་ཁྱུང་ལྔ་རྣམས་བསྒྲུབས། ལྔ་པ་བཅང་ཚུལ་ནི། དར་སྔོན་གྱིས་བཏུལ་ལ་རླུང་ལྷགས་ཉི་ཆར་སོགས་མི་འགྲོ་བའི་པར་བུ་ལྟ་བུར་བཅུག་ནས་མི་ལག་མི་འགྲིལ་ཉམས་གྲིབ་སོགས་ལ་འཛེམ་ཞིང་འགྲོ་ཚེ་ལུས་དང་འབྲལ་མེད་དུ་འཆང་། སྡོད་ཚེ་་་་མཆོད་བཤམ་གྱི་དབུས་སུ་བཞག་གོ གཞན་ཡང་དངུལ་ཆུ་ནི་དྲག་འདུལ་རྡོ་རྗེ་ཐིག་པ་དགོངས་ལ། དེའི་ལག་ལེན་ནི། ལྕགས་ལྕོགས་མེ་ཐོག་བཙུགས་ནས་མུ་ཟི་བཞུ། དེའི་ནང་དུ་་་་དངུལ་ཆུ་བླུགས་ཏེ་ཤིང་བུས་དཀྲུགས། སྐྱོགས་དངོས་འབྱར་བ་རྣམས་བཀོག་ནས་ཞིབ་པར་བཏུལ་བ་དེའོ། ཡང་གསང་བའི་སྨན་བསྣན་ནི། རི་ཁ་བྱང་བལྟས་སུ་སྐྱེས་པའི་ཕུར་ནག་སད་ཀྱིས་མ་ཁྱེར་་པའི་ཁཎ་ཌ་ཡིན། 

བཅུ་པ། ཁྱད་པར་གྱི་བཅོས་ཐབས་བསྟེན་པ། 
ཐོག་མར་ཕོ་བའི་གཉན་འབྲས་དང་མིན་པའི་གཉན་འབྲས་གང་རུང་ལ་ལྟོ་སྨུང་བར་་བྱས་ནས་བོང་ང་ལྔ་ཐང་ཉིན་ཁ་ཤས་བཏང་བའི་རྗེས་སུ་ཁོང་གཉན་བསྲུང་བར་དགུ་སྦྱོར་དང་། མན་ངག་བསིལ་སྦྱོར་གཉིས་ལྟག་སྤྲོད་བྱས་ནས་ཉིན་ཁ་ཤས་གཏོང་། ཕོ་བར་གཟེར་ཆེ་ན་ཅོང་ཞི་ཅུར་ནིས་ཀྱི་སྟེང་དུ་ཚ་ལ་ཆུ་བཅད་བུངས་མཉམས་བསྣན་པའི་ཕྱེ་མ་དང་གཉན་བསྲུང་དགུ་སྦྱོར་གཉིས་ཕྱིང་དྲིལ་བྱ། གཞན་ཡང་གྲུབ་ཐོབ་རིལ་དཀར་དང་། བྲག་ཞུན་དགུ་པ། གཡུ་དྲིལ་བཅུ་གསུམ། བཙོ་བཀྲུ་ཟླ་ཤེལ་སོགས་འབྲེལ་ཡོད་པའི་སྨན་རྣམས་དང་གཉན་་་་་བསྲུང་དགུ་པོ་གཉིས་ཕྱིང་དྲིལ་ལམ་ལྟག་སྤྲོད་གང་མཚམས་ཀྱིས་བཅོས་པར་བྱའོ། ཕོ་བར་་་གཟེར་ཟུག་ཆེར་མེད་པའི་ནད་ལ་སེ་འབྲུ་བཞི་པའམ་ལྔ་པ་གང་རུང་གཏོང་། ཁོང་གཉན་་་བསྲུང་དགུ་སྦྱོར་གཉིས་ལྟག་སྤྲོད་གཏོང་། གཞན་ཡང་བདེ་བྱེད་སྙོམས་ལྡན་དང་བཅོ་ལྔ་དྲག་སྦྱོར། ཕག་མོ་གྲུབ་པ་སོགས་འབྲེལ་ཡོད་ཀྱི་སྨན་རྣམས་དང་གཉན་བསྲུང་དགུ་པ་གཉིས་ལྟག་སྤྲོད་གཏོང་། སྨུག་པོ་རྐྱེན་གྱིས་ཁྲག་རུལ་འཁྲུ་སྐྱུགས་བྱེད་པ་ཡིན་ན། ཐང་ཆེན་ཉེར་ལྔའི་སྟེང་དུ་ཁ་གུར་འདབ་ལོག་དང་དོམ་མཁྲིས་ཀྱི་ཁ་ཚར་བཏབ་ན་ཁྲག་ལམ་གཅོད། གཉན་བསྲུང་དགུ་སྦྱོར་དང་བད་ཀན་སྨུག་པོའི་སྨན་གང་རུང་ལྟག་སྤྲོད་བྱའོ། གཞན་ཡང་ཕན་བདེ་བང་མཛོད་ལས། ཅོང་ཞི་བྲག་ཞུན་ཨ་རུས་དུ་བ་སྙོམས། སེ་འབྲུ་སུག་སྨེལ་སྒ་སྐྱ་པི་ལིང་དང་། ཕོ་བ་རིལ་ལྔས་བད་ཀན་གྲང་བ་འཇོམས། གསེར་མེ་དུག་ཉུང་ཏིག་ཏས་མཁྲིས་པ་སེལ། མ་ནུ་འུ་སུ་སྟར་བུ་བསེ་ཡབ་བཞིས། བད་ཀན་སྨུག་པོའི་ཉེས་པ་རབ་ཏུ་ཞི། རྒྱམ་ཚྭ་ཁ་རུ་ཚྭ་དང་བུལ་ཏོག་གསུམ། ཅུང་ཟད་ཁ་བླང་མ་ཞུ་བེ་སྣབས་གཅོད། གུར་གུམ་སྐྱུ་རུ་ཨུཏྤལ་བ་ཤ་ཀ། རུ་རྟ་པྲི་ཡང་ཀུ་ཡིས་མཆིན་ནད་ཞི། དེ་སྟེགས་རླུང་ཤས་ཆེ་ན་ཛྰ་ཏིའམ། ཡང་ན་ད་ལིའམ་ཅོང་ཞི་རྒོད་་་་བཏུལ་བསྣན། ཅོང་ཞི་ཉེར་ལྔ་བད་ཀན་ནད་ལ་བསྔགས། གྲང་ཤས་ཆེ་ན་སེ་འབྲུའི་སྡེ་ཚན་་་བསྐྱེད། མཁྲིས་ཤས་ཆེ་ན་གསེར་མེའི་སྡེ་ཚན་བསྐྱེད། ཁྲག་ཤས་ཆེ་ན་གུར་གུམ་ལ་སོགས་བསྐྱེད། མང་ན་རྒྱམ་ཚྭ་སོགས་གསུམ་པོའི་སྟེང་དུ་ད་ལིས་ནུས་བསྲེགས་དང་། ཅོང་ཞིའམ་རྡོ་ཐལ་་བསྲེག་པ་ལྔ་བུངས་བསྐྱེད། སྦྱོར་བ་འདི་ཡིས་སྤར་འཕྲིའི་ལག་ལེན་གནད། ནད་དང་བསྟུན་ལ་ལེགས་པར་སྦྱར་ཤེས་ན་བད་ཀན་སྐྱ་སྨུག་གྲང་མཁྲིས་བད་ལྡན་དང་། བད་ཀན་མིད་འཆུས་ལ་སོགས་བད་ཀན་རིགས། ཕོ་མཆིན་གཅོང་ནད་ཟུག་རྔུ་གཏིང་ཞེན་སོགས། ནད་རིགས་བརྒྱ་ཕྲག་ཉི་མས་བ་མོས་བཞིན། འཇོམས་པར་ངེས་སོ་ཨ་ཛི་ཏ་ཡིས་སྤེལ། གསུངས་ལྟར་ནད་གང་ཞིག་ཤས་ཆེ་བའི་གཉེན་པོའི་སྤར་འཕྲིའི་ལག་ལེན་རྣམས་མ་འཆུས་པར་བྱས་ལ་གཉན་་་་་བསྲུང་དགུ་སྦྱོར་དང་ལྟག་པ་སྤྲད་ནས་གཏོང་། གཞན་ཡང་རྡོ་རྗེ་བདེ་ཆེན་གླིང་པས། ཚྭ་་་་་་གསུམ་གཡག་ལུག་རྭ་དང་རྟ་རྨིག་གཞོབ། །རྡོ་ཞུན་ཚ་ལ་རུ་རྟ་བཟང་དྲུག་སྦྱར། །མ་ཞུ་གསར་རྙིང་ལྷེན་སྐྲན་དམུ་འོར་དང་། །ཕོ་འབྲས་སྐྱ་རྦབ་ལ་སོགས་སེལ་བར་བྱེད། །ཅེས་དང་། ཕན་་་་བདེའི་བང་མཛོད་ལས། བཞུ་བྱེད་མེ་ལྕེ་དཀར་པོའི་དབུས། །བཤིག་བྱེད་ཁྲོ་ཆུའི་རྦ་རླབས་་་་་འཕྱུར། །གཅོད་བྱེད་ཐོག་གི་ཟེར་མ་འཁྲུགས། །ཕོ་བའི་བེ་སྣབས་མཁའ་ལ་འཕེན། །སྐྲན་གྱིས་་་གྲོང་ཁྱེར་ཐལ་བར་བརླགས། །གྲང་རྣག་མཚོ་མོ་གཏིང་ནས་སྐེམ། །ཁོང་འབྲས་རི་བོ་རྩེ་ནས་་་བསྙིལ། །བྱ་སླ་དོན་ཆེན་ཤིང་ཏུ་གསང་། །མི་ཕམ་རྣམ་རྒྱལ་ཁྱད་ཆོས་སོ། །གསུངས་པ་འདི་་་་་་གཉིས་ནི་གྲང་ཤས་ཅན་ལ་ལྷག་པར་ཟབ་པས་གཉན་བསྲུང་དགུ་སྦྱོར་དང་ལྟག་པ་སྤྲས་ནས་གཏོང་བར་བྱའོ། མིད་པ་ཚ་འགགས་དང་གྲ་འགགས་གང་རུང་ལ་ཐོག་མར་སྤྱི་བཅོས་ལྟར་བྱས་རྗེས། མན་ངག་གསེར་སྒྲོམ་བཀའ་རྒྱ་མ་ལས། སེ་འབྲུ་སྲང་ལྔ། སྟར་བུ་སྲང་གསུམ། འུ་སུ་་་སྲང་བཞི་རྣམས་ཀྱི་ཕྱེ་མ་སོགས་སོ་ཕག་བསྐོལ་ཁུའི་ནང་དུ་ཀ་ར་ནོན་ཙམ་བཏབ་ནས་སྨན་རྟ་བྱ། གཞན་ཡང་། མ་ནུ་སྲང་གང་། སེ་འབྲུ་སྲང་གང་། ཀ་ར་སྲང་གསུམ། རྡོ་ཐལ་སྲང་གསུམ་བཅས་ཞིབ་བཏག་གོང་སྨན་དང་ལྟག་སྤྲད་བྱེད་ནས་ནངས་ནུབ་གཉིས་ཀར་བསྟེན། གུ་རྒྱཿས་མ་ཡཿརྒྱ་རྒྱཿགཞན་ཡང་། མིད་འཆུས་སྤྱི་སྨན་དང་བེ་ཁྲག་ཉེར་ལྔ། གོ་གྲེ་བཅུ་བདུན་སོགས་་་འབྲེལ་ཡོད་ཀྱི་སྨན་གང་རུང་གཉན་བསྲུང་དགུ་སྦྱོར་དང་ལྟག་པ་སྤྲད་ནས་གཏོང་། རྒྱ་ཞང་ཁྲོམ་གྱི་གཏེར་སྨན་ལས་ཚ་འགགས་ལ། བསེ་རུ་རྒྱ་རུ་སྤང་སྤོས་ལི་ག་དུར། བསེ་ཡབ་ཙན་དན་དཀར་དམར་ཨ་རུ་ར། བཟང་དྲུག་དུར་བྱིད་ཞད་ཙམ། བོང་ང་ཞད་ཙམ། རེ་རལ་ཤིང་ཚ་ཚ་ལ་གླ་རྩི་རྣམས་ཀྱི་ཕྱེ་མ་གཏོང་། གྲང་འགགས་ལ་ཚྭ་སྣ་ཚོགས་ཚད། རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ་བྲག་ཚྭ་ལན་ཚྭ་ཚྭ་དཀར་དང་། ཟི་ར་དཀར་ནག་བྲག་ཞུན་དང་། སེ་འབྲུ་པི་ལིང་ཞད་ཙམ་རེ། རྭ་སྣ་ཚོགས་ཐལ་བ་བསྲེ། མཆོག་ཏུ་ཅོང་ཞི་བསྲེ་བ་གཅེས། འདི་ལས་ཟབ་པ་མེད་ཅེས་གསུངས། ཡང་། ཚ་འགགས་སྨན་དང་གྲང་འགགས་སྨན། སོ་སོ་ཐད་ཐད་གཞུང་བཞིན་བྱ། དེ་ལ་དང་པོ་སྐྱུགས་ན་གོང་གི་སྨན་སྟེང་དུ། བཙོད་དང་ལ་ཕུག་ན་ལེ་ཤམ། ན་ག་གེ་སར་པུས་པ་དང་། སེ་་འབྲུ་ཁ་ར་ཚྭ་དང་པི་པི་ལིང་། ཅོང་ཞི་ཀ་ར་སྦྱར་བྱས་ནས། ཆུས་ཕུལ་སྲོད་དང་ཐོ་རངས་བཏང་། ཁ་ཚར་བུལ་ཏོག་ཤིང་ཀུན་བཏང་ཡང་རུང་། དང་ག་མི་བདེ་བད་ཀན་བེ་སྣབས་་་་་སྐྱུགས་པ་སེལ། ཡང་ཁ་ལྕེ་གྱོང་དང་གྲེ་བ་སྐམ་པ་ལ། གོང་གི་གཞུང་སྨན་དེའི་སྟེང་དུ། སྤང་རྒྱན་དཀར་པོ་བོང་ང་དཀར་པོ་དང་། ལི་ཤི་ཅུ་གང་ཨ་རུ་ར་དང་ནི། ཏིག་ཏ་ཤིང་མངར་གསེར་གྱི་མེ་ཏོག་དང་། རུ་རྟ་རྩ་མཁྲིས་པུ་ཤེལ་རྩེ་དང་ནི། གསེར་ཤིང་བར་གྱི་ཤུན་པ་པར་པ་ཏ། ཀ་ར་སྦྱར་ལ་ཆུ་ཡིས་འཕུལ་ལ་བཏང་། ཁ་ཁ་གྲེ་བ་སྐམ་པ་དང་། གྲེ་འབྲུམ་བུ་རྣམས་སེལ་བར་བྱེད། བྲང་ཚ་ཆུ་སྐྱུར་སྐྱུགས་པ་ན། ཅོང་ཞི་སེ་འབྲུ་པི་པི་ལིང་། མ་ནུ་སྨུག་པོ་གུར་གུམ་དང་། རུ་རྟ་སྐྱུ་རུ་བ་ཤ་ཀ། ཀ་ར་སྦྱར་བ་ཆུ་ཡིས་འཕུལ། སྒྲེག་པ་འོང་དང་ཕོ་འདེགས་གཟེར། བྲང་ཚ་ཆུ་སྐྱུར་སྐྱུགས་པ་སེལ། ཡང་གཅིག་ལུ་བརྒྱལ་ལངས་བ་དང་། རོ་སྟོད་ནུ་འཇིང་སྦྲགས་ནས་་གཟེར། གཞུང་གི་སྨན་སྦྱོར་སྟེང་དུ་ལ། ཙན་དན་དཀར་པོ་ཅུ་གང་དང་། གུར་གུམ་ལི་ཤི་ཏིག་ཏ་དང་། བ་ལེ་ཀ་དང་ལི་ག་དུར། གེ་སར་རྣམ་གཉིས་བ་ཤ་ཀ། སྲོ་ལོ་རྒུན་འབྲུམ་པི་པི་ལིང་། རུ་རྟ་ཧོང་ལེན་པུ་ཤེལ་ཙེ། ཟི་ར་ཤིང་མངར་ཀ་ར་སྦྱར། ལུད་པ་རྣག་ཁྲག་ལུ་བ་དང་། ལུ་བརྒྱལ་་ལངས་པ་རྣམས་ལ་ཕན། སྙིང་མི་བདེ་ནས་གཟེར་བ་ན། ཛྰ་ཏི་ཨར་ནག་སྙིང་ཞོ་ཤ། མ་ནུ་རུ་རྟ་ཅུ་གང་དང་། ཤིང་ཀུན་ཨ་རུ་གུ་གུལ་དཀར། ན་ག་གེ་སར་པི་པི་ལིང་། ཤུ་དག་ཏང་ཀུན་ཁ་རུ་ཚྭ་དང་ནི། ཀ་ར་སྦྱར་བས་སྙིང་ནད་ཐམས་ཅད་སེལ། ཡང་ན་མཆིན་པ་མ་བདེ་ན། གསེར་གྱི་མེ་ཏོག་སྐྱེར་བར་ཤུན། གི་ཝམ་གུར་གུམ་བ་ལེ་ག ཏིག་ཏ་དུག་མོ་ཉུང་དང་ནི། ཨུཏྤལ་བྲག་ཞུན་བ་ཤ་ཀ། རུ་རྟ་ཅུ་གང་སུག་སྨེལ་དང་། ཨ་རུ་མཚེ་ལྡུམ་པི་ལིང་དང་། ཀ་ར་སྦྱར་བས་མཆིན་ནད་སེལ། ཁྲག་རྒྱས་མཁྲིས་པ་གང་ཡང་ཕན། ཕོ་བ་སྦོས་ནས་མ་བདེ་ན། གུར་གུམ་ལི་ཤི་གི་ཝང་དང་། ཨ་རུ་མཚེ་ལྡུམ་གསེར་མེ་ཏོག འཇམ་འབྲས་གླ་རྩི་བསེ་རུ་མཚལ། བྱི་རིལ་སང་སྤོས་བ་ལེ་ཀ། བོང་དཀར་རུ་རྟ་ཙན་དན་དཀར། འབྲས་གསུམ་ཀ་ར་སུམ་འགྱུར་སྦྱར། སྦོས་འཁྲོག་ཐམས་ཅད་སེལ་བར་བྱེད། དེ་རྣམས་ཚ་འགགས་རིགས་རྣམས་སེལ། བསྡེབ་དང་སྦྱར་ཚོད་བརྟག་ཐབས་རྣམས། མཁས་པའི་དྲུང་དུ་གཏུག་པར་བྱ། མི་ཤེས་མཁས་འདོད་སྙིང་རེ་རྗེ། དེ་ཕྱེར་བརྟག་ཐབས་མ་ནོར་མཛོད། བདེན་རྫུན་ལག་ཏུ་ལོངས་ལ་ལྟོས། ཞེས་གསུངས་བཞིན་ནད་མ་ནོར་བར་ཞིབ་ཏུ་བརྟགས་པ་གལ་ཆེ། ཡང་། ཕ་དམ་པ་རིན་པོ་ཆེའི་མིད་འབྱར་དང་ཕོ་ཐོགས་བཅོས་ཐབས་གྱི་ནང་ནས་སྨན་ནི། དོམ་མཁྲིས། གི་ཝང་། གླ་རྩི། རྒྱ་ཚྭ། བཟང་དྲུག་དང་བཅུ་པོ་ཞིབ་པར་བཏུལ་ལ། ནངས་པ་སྔ་མོར་གཡག་རོག་པོ་སྣ་དང་རྣ་བ་མ་ཕུག་པ། འབྲས་བུ་མ་བཅད་པའི་ཁྲག་དྲོན་མོ་ཕུལ་གང་ཙམ་གྱི་སྨན་ཐུན་ཆེ་ཆུང་འབྲིང་གསུམ་བཟོས་ལ། ཐུན་ཆེ་བ་གཡག་ཁྲག་གིས་དེད། རྒྱབ་ཏུ་ཆང་རྒན་གྱི་སྙིང་ཁུ་ཕུལ་གང་གིས་དེད། དེ་བཞིན་དུ་ཐུན་ཆུང་འབྲིང་གཉིས་ཀྱང་ནང་མ་རེ་རེ་གཉིས་ལ་རིམ་བཞིན་བཏང་བས་ཕན་ངེས་ཡིན་གསུངས་སོ། 

བཅུ་གཅིག་པ། ཟབ་མོ་སྔགས་ཀྱི་བཅོས་ཐབས། 
གནམ་ཆོས་མིད་འབྱར་བཅོས་ཐབས་ལས། རང་ཉིད་ཨ་ཙ་ར་སྐུ་མདོག་སྨུག་པོ་རྒྱལ་པོ་མིག་ཀོང་བ་གདོང་ཉག་པ། སྣ་ཆེ་བ། ཨོག་ཚོམ་བྲང་གི་གཞི་མདོར་སླེབས་པ། ཁ་ནས་མེ་འབར་བ། སྣ་ནས་དུ་བ་འཐུལ་བ། ཕྱག་གཡས་ན་ཁྱི་དཀར་སྣ་དམར་འཛིན་པ། གཡོན་ན་གསེར་གྱི་སྦྲུལ་ཞགས་བསྣམས་པ་བསྒོམ། ལྕེ་ཐོག་ཏུ་མེ་ཡིས་ས་བོན་རཾ་ཡིག་དམར་པོ་གཅིག་བསྒོམ། དེ་ལ་མེ་འུར་འུར་འབར་འབར་བསྒོམ། སྔགས་བཏོན་པས། མེའི་ཁ་ལ་ཤིང་བསྣན་པ་ལྟར་འུར་་འུར་འབར་འབར་བསྒོམ། མཆིལ་མ་མིད་ཐེབས་ཀྱང་མེ་ལྕེ་ཚ་དྲོད་དང་བཅས་པ་སོང་བས་ལུས་ཀྱི་ནང་ཐམས་ཅད་གང་བས། ནད་གདོན་ཐམས་ཅད་ལྷག་མ་དང་བཅས་པ་རྣམས་བསྲེག་ནས་ཐལ་བ་ནག་བུན་ནེ་སོང་བར་བསྒོམ། མཆིལ་མ་མིད་དུས་མེ་ལྷབ་ལྷབ་འབར་འབར་་་བསམ། ལུས་ཀྱི་ནད་གདོན་སྐྲངས་ལ་བསྡུ། སྐྲངས་པ་མར་ལ་དམིགས་ནས། མེས་དམར་ལམ་་་བཞུས་པར་བསམ་ལ། སྡུད་སྔགས་ནི། ཨོཾ་ནཱ་ག་རྰ་ཙ་པྲ་ཤ་ཀ། མོ་ཡོ་ཐ་རོ་བ་མ་ནི་ར་བ་མ་ར་མ་ཡེ་སྭ་ཧཱ། གནོད་བྱེད་ལ་རྦད་སྭ་ཧཱ། གསོད་སྔགས། སྤྲི་ནཱ་གཱ་ཀ་ཤིག་ཤིག ཆམ་ཆམ་གཏུབ་གཏུབ། ཛ་ཛཿ། རྗེད་གཅོད་སྔགས་ནི། ཨོཾ་ཤྭ་སོང་སོང་པྲ་ན་ན་ཡེ་ཤག་ཕྱེས་སྭ་ཧྰ། སྔགས་འདོན་དུས་ཚིགས་གཞན་གྱིས་བར་མ་ཆོད་པ་གལ་ཆེ་སྒྲ་ཆུང་ངུར་འདོན། ཟབ། མངྒལཾ། 

བཅུ་གཉིས་པ། སྦྱོང་གི་བཅོས་ཐབས། 
དེ་ཡང་ནད་འཐོར་བ་རྣམས་སྨན་སྔགས་ཀྱིས་བསྡུས། ནད་མ་སྨིན་པ་སྨིན་པར་བྱས་ནས་ཐུལ་བའི་རྗེས་སུ་ལུས་ཟུངས་ཀྱི་ཐུབ་མིན་དང་། བཤལ་དགྲ་ཡོད་མེད་སོགས་ལེགས་པར་་་བརྟག་རྗེས་ཉེས་སྐྱོན་ཡོད་ན་སྨན་སྔགས་སོགས་ཀྱིས་བཅོས། མེད་ན་སྦྱོང་གི་སྔོན་འགྲོའི་ལྟ་་གོན་སོགས་ཕྱི་རྒྱུད་ནས་བཤད་པ་ལྟར་ཆས་ལེགས་པར་བསྒྲིགས། ཐོག་མར་སྣ་སེལ་ཨ་རུ་མཆུ་རིང་། ལྕུམ་རྩ། ཆུ་རྩ། རྒྱ་ཚྭ། པི་ལིང་། ཀོ་ལ། གཡེར་མ། ལྕམ་པ་རྣམས་ཀྱིས་འཁྲོག་ཐང་གཏོང་། གཉིས་པ། སྦྱོང་སྨན་གྱི་དངོས་ནི། དུར་བྱིད། སྔོན་བུ། ཁྲོན་བུ། དན་ད། ཐར་ནུ། ཆུ་རྩ། ཨ་རུ་མཆུ་རིང་། ཚ་ལ་བཅས་ཞིབ་པར་གཏུལ་ལ། གོང་གི་སྤྱི་སྨན་གང་རུང་ཆ་གསུམ་ལ་སྦྱོང་སྨན་ཆ་གཉིས་བསྲེས་ནས་སྔ་དྲོད་གཏོང་། སྡྱོང་ཐེངས་གཉིས་གསུམ་བྱས་རྗེས་ཆུ་ཁོལ་གྱིས་སྨན་བཏང་། སྦྱོང་དག་ཚར་བའི་རྗེས་སུ་འབྲས་ཐུག་སོགས་ཀྱིས་སྦྱོང་བཅད་པར་བྱའོ། 

བཅུ་གསུམ་པ། དཔྱད་ཀྱིས་བཅོས་ཐབས། 
ཕོ་བའི་འབྲས་གཉན་ལ་སྨན་ཡུན་དུ་བསྟེན་པས་ནད་ཇེ་དྲག་ཏུ་སོང་བའི་རྗེས་གཅོད་ལ་ལྷེན་གསང་དང་། མེ་མཉམ་ཁ་གསུམ། སྐྲན་གསང་བཅས་མེ་བཙའ་ལྔས་བསྲེགས་རྗེས་ནད་ཇེ་བདེ་རུ་སོང་ན་ཟླ་གཅིག་ཙམ་ནས། བྲག་ཞུན་དཀར་ནག་མཚམས་དང་། དེ་ནས་ཡར་ཚོན་གང་གི་ས་དང་། དེ་ནས་ཡང་ཚོན་གང་ཡར་འཇལ་བ་བཅས་གསུམ་ལ་མེ་བཙའ་བཞག ནད་གྱེན་དུ་དེད་པའི་རྟགས་སོགས་བྱུང་ན་འོག་གི་གྲེ་ཐོགས་ལྟར་བཅོས། གྲེ་བའི་གཉན་འབྲས་དཔྱད་ཀྱིས་བཅོས་ཐབས་ནི། ནད་པ་རང་གི་ལག་པ་གཡས་པའི་དཔུང་མགོ་ལ། ནད་པ་རང་གི་ལག་པ་གཡོན་པས་འཇུ། གཡོན་པའི་གྲུ་མོ་ལ་ནད་པའི་ལག་པ་གཡས་པས་འཇུས་ནས།  གཡས་གཡོན་དང་སྟེང་འོག་སོགས་སུ་ནངས་ནུབ་གཉིས་ལ་ཐེངས་གསུམ་མམ་དེ་ལས་མང་དུ་བསྐོར་དགོས་ཀྱང་། ཉིན་རེ་བཞིན་ཇེ་མང་དུ་གཏོང་བ་ལས་ཉིན་དང་པོ་ནས་མང་དུ་བསྐོར་བར་མི་བྱ། དེ་བཞིན་གཡོན་པའི་དཔུང་མགོ་ལ་གཡས་པས་འཇུ། གཡས་ཀྱི་གྲུ་མོ་ལ་ལག་པ་གཡོན་གྱིས་འཇུས་ནས་གོང་ལྟར་ཉིན་བཞིན་བསྐོར་བར་བྱའོ། གྲེ་བ་གཉན་འབྲས་ཀྱི་གཉན་ཚད་ཆོག་ཚར་རྗེས་མེ་བཙའི་ར་བ་དགུ་བསྐོར་འཇོག་པར་བྱ་དགོས་ལ། དེའི་འཇོག་ཚུལ་ནི་སྐེ་སྟོང་ཙ་ར་ཁུང་དུ་མེ་བཙའ་གཅིག་བཞག་དེ་ནས་ཞག་གསུམ་ནས། སྐེ་སྟོང་ནས་་གྱེན་དུ་ཚོན་ཕྱེད་བཅལ་བའི་སར་ནད་ཚང་འོག་མ་ཡིན། དེའི་གཡས་གཡོན་དུ་ཚོན་རེ་བཅའ་བའི་སར་མེ་བཙའ་གཉིས་བཞག ཡང་ཞག་གསུམ་སོང་རྗེས་ནད་ཚང་འོག་མ་ནས་གྱེན་དུ་ཚོན་ཕྱེད་གཞལ་བའི་སར་ནད་ཚང་གོང་མ་ཡིན། དེའི་གཡས་གཡོན་དུ་ཚོན་རེ་བཅལ་བའི་སར་མེ་བཙའ་གཉིས་བཞག དེ་བཞིན་ནད་ཚང་ཆེན་མོ་ནས་གྱེན་དུ་གཞལ་ལུགས་དང་། དེའི་ཕན་ཚུན་ཚོན་གང་རེའི་སར་མེ་བཙའ་འཇོག་ལུགས་སོགས་གོང་ལྟར་བྱས་ནས་སྐེ་རྨེན་གྱི་བར་དུ་གདབ། དེ་ཡང་ནད་ཚང་གོང་འོག་དང་ཨོལ་གོང་གི་སྟེང་དུ་མེ་བཙའ་འཇོག་པ་ནི་སྤང་བར་བྱའོ། དེ་ཡང་ཞག་གསུམ་སོང་རྗེས་ཕྱིའི་འབྲོས་འཕྲང་བསྡམས་པ་ནི། ཕྲག་མིག་ནས་སྐེ་སྟོང་བར་ཚོན་་རེ་ཚོན་ཕྱེད་རེ་སྤེལ་མར་གཅིག་རྗེས་གཅིག་མཐུད་དུ་མེ་བཙའི་ཕྲེང་གདབ་བོ། ནད་གྱེན་དུ་ཐོན་པའི་རྟགས་ལྕེ་རྒྱས་པ་དང་། སྐད་འགགས་པ་སོགས་བྱུང་ན་ལྕེ་རྩ་གཡས་གཡོན་གང་རུང་དུ་ཁྲག་གཏར། ཁྲག་ཆོད་དཀའ་ན་ཁ་ནང་དུ་ཆུ་འཁྱགས་ཀྱིས་ཡང་ཡང་དུ་བཀང་བས་ཆོད། ལྕེ་ཐོག་ཏུ་འབྲུམ་པ་བྱུང་ན་ལྕེ་བཞར་གྱི་གྲིས་བཞར། གཞན་བད་ཀན་ཕོ་ཐོགས་དང་གྲེ་ཐོགས་ལ་གཞན་སྨན་བོང་ང་ལྔ་ཐང་དང་གཉན་བསྲུང་དགུ་སྦྱོར་གཉིས་མིད་པ་བཅོས་ཚུལ་གྱི་སྨན་དཔྱད་སོགས་གཅིག་ཡིན་པས་དེ་ལྟར་བྱ། སྨན་མར་སོགས་ཀྱིས་ལུགས་ཟུངས་གསོ། ལོག་གནོན་ལ་རིན་ཆེན་རིགས་ཀྱི་སྨན་གང་འཕྲོད་རིག་པས་དཔྱད་ནས་གསོ་བར་བྱ་བ་ལ་བརྩོན་པར་བྱའོ། 
བགྲངས་འདས་བོད་ཀྱི་གསོ་རིག་འགྲོ་བའི་མིག ། 
འོད་ཟེར་སྟོང་ལྡན་འཕྲོད་ནས་ཞིང་ཀུན་ཁྱབ། །
རིང་མིན་གཞན་གྱི་ཚེ་རིག་མནཡུ་གིའི་ཚལ། །
ཤེས་ལྡན་རིག་པས་བརྗོད་བྲལ་དཔལ་འདི་ཉམས། །
གླིང་འདིར་སྔ་ཤོས་སྐྱེ་གནས་བོད་མིའི་རིགས། །
སྔོན་ཆད་རང་གཞན་ཕན་བདེ་བསྒྲུབ་ནུས་པའི། །
རྣམ་དཔྱོད་ཤེས་བྱའི་རྩལ་གྱིས་ཆ་རྫོགས་ནས། །
དེང་སྐབས་དཔྱད་གསུམ་བཏང་ན་ཡིད་རེ་མུག། 
གཡེལ་མེད་བསམ་གཏན་རྟོགས་པའི་ཤེས་རབ་ཀྱིས། །
སྙིང་རྗེའི་ཡུལ་ཡུན་དུ་མནར་བའི་ནད། །
བློ་ལས་དོར་མེད་རྒྱལ་སྲས་སྤྲོད་བཟང་ལ། །
ཐ་ཚིག་མི་འདའ་བརྩོན་པ་མཐར་ཕྱིན་ཤོག ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1