བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་སློབ་གྲྭའི་ལོ་ངོ་ཉི་ཤུ

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ་ སྤེལ་དུས། 07-25


༄༅༎བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་སློབ་གྲྭའི་ལོ་ངོ་ཉི་ཤུ
    1999ལོར་བོད་ལྗོངས་རི་འཛེག་སློབ་གྲྭ(ད་ལྟའི་མིང་བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་སློབ་གྲྭ)དངོས་སུ་བཙུགས་པ་རེད།
     སློབ་སྤྱི་ཚེ་རིང་བསམ་གྲུབ་ཀྱིས་ངོ་སྤྲོད་བྱེད་པར་གཞིགས་ན། སློབ་གྲྭ་དེ་ནི་ཧྥ་རན་སེའི་རྒྱལ་བཙུགས་རི་འཛེག་གངས་ཤུད་སློབ་གྲྭ་ཕུད་པའི་གོ་ལ་ཧྲིལ་པོའི་ཆེད་ལས་རི་འཛེག་སྣེ་ཤན་པ་ཆེད་མངགས་གསོ་སྐྱོང་བྱེད་པའི་སློབ་གྲྭ་གཉིས་པ་དེ་རེད་ཅེས་བརྗོད།
     ཚེ་རིང་བསམ་གྲུབ་ཀྱིས་རང་རྒྱལ་གྱི་རི་འཛེག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་མཁན་གྱི་ཆེད་ལས་སློབ་གྲྭ་དང་པོ་ཡིན་པའི་ངོས་ནས། སློབ་གྲྭ་དེའི་སློབ་མ་མང་ཆེ་བ་ནི་ཧི་མ་ལ་ཡ་ས་ཁུལ་གྱི་བོད་རིགས་ཞིང་འབྲོག་པའི་ཁྱིམ་ཚང་ནས་བདམས་པ་ཡིན་ལ། ད་བར་སློབ་མ་ཁག་12བསྡུས་ཟིན། རི་མཐོའི་སྣེ་ཤན་པ་དང་། རོགས་ལས། མ་བྱན། བརྙན་པར་རྒྱག་མཁན། ལུས་རྩལ་པ། ཕྱིའི་སྐད་ཡིག་ཡིག་སྒྱུར་སོགས་མི་300ཙམ་གསོ་སྐྱོང་བྱས་ཡོད། མིག་སྔའི་བར་སློབ་ཐོན་སློབ་མས་རྒྱལ་ཁབ་ཕྱི་ནང་གི་རི་འཛེག་པ་མི་ཐེངས་180ལྷག་ཙམ་ལ་སྣེ་ཁྲིད་དེ་ཇོ་རིའི་རི་རྩེར་འཛེགས་པ་དང་། སློབ་མ་200ལྷག་ཙམ་དང་མི་ཐེངས་450ལྷག་ཙམ་ཇོ་རིའི་རི་རྩེར་འཛེགས་མྱོང་ཡོད་པ་རེད་ཅེས་བཤད།
     སློབ་གྲྭའི་སློབ་མས་ད་དུང་སྣེ་ཤན་པ་དང་མཉམ་ལས་པ་ཡིན་པའི་ངོས་ནས། 2003ལོའི་མིའི་རིགས་ཀྱིས་ཇོ་མོ་གླང་མའི་རི་རྩེར་འཛེགས་ནས་ལོ་50འཁོར་བར་དྲན་གསོ་ཞུ་བའི་རི་འཛེགས་བྱེད་སྒོའི་བརྙན་འཕྲིན་ཐད་གཏོང་དང་། 2005ལོའི་ཇོ་མོ་གླང་མའི་ས་བབ་མཐོ་ཚད་བསྐྱར་འཇལ་བྱེད་སྒོ་བཅས་ལ་ཞུགས་པ་དང་། 2008ལོར་སློབ་གྲྭའི་སློབ་མ་ཚོས་གཙོ་ཤུགས་བྱས་པའི་ངོས་ནས་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་མེ་སྒྲོན་ཇོ་མོ་གླང་མར་བརྒྱུད་སྤྲོད་བྱེད་པའི་ལས་འགན་འཁུར་ནས་ལེགས་འགྲུབ་བྱུང་ཡོད།
     རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་རི་མཐོ་མྱུལ་དཔྱད་པུའི་པུའུ་ཀྲང་ཚེ་བློས། མིག་སྔར། སློབ་གྲྭ་དེ་ནས་ཐོན་པའི་སློབ་མས་རི་མཐོའི་རོགས་སྐྱོབ་དང་། ཚན་རིག་རྟོག་ཞིབ། ཁོར་ཡུག་སྲུང་སྐྱོང་བཅས་དང་དེ་བཞིན་དགུན་དུས་དང་དབྱར་དུས་ཀྱི་རྩལ་འགྲན་ལུས་རྩལ་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་འདོན་བཞིན་ཡོད། སློབ་གྲྭ་དེ་ནས་ཐོན་པའི་སློབ་མ་བོད་ལྗོངས་རི་འཛེག་ལས་རིགས་ཀྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད་ཅེས་བཤད་པ་རེད།
     བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེགས་སྣེ་ཤན་སློབ་གྲྭས་མཁོ་འདོན་བྱས་པའི་གྲངས་གཞི་གཞིར་བཟུང་། 2002ལོ་ནས་2019ལོ་བར་སློབ་གྲྭའི་སློབ་ཐོན་སློབ་མ་ལས་གྲུབ་པའི་བོད་ལྗོངས་གནས་རི་རི་མཐོའི་རོགས་སྐྱོབ་རུ་ཁག་གིས་རིན་མེད་ངང་ས་བབ་མཐོ་བའི་སྐྱོབ་རོགས་ཐེངས་31བྱས་པར་བསྡོམས་མི་41བསྐྱབས་པ་དང་། སློབ་གྲྭའི་སློབ་ཐོན་སློབ་མ་ནི་ལོ་ལྟར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གད་སྙིགས་གཙང་འཕྱག་བྱེད་སྒོའི་འགན་ཁུར་མཁན་གཙོ་བོ་ཡིན་པ་དང་། སློབ་གྲྭའི་སློབ་ཐོན་སློབ་མ་ཁ་ཤས་ཀྱིས་ལས་རིགས་བརྒལ་བའི་ཤེས་ལྡན་པ་འདེམས་བསྐོའི་ནང་ཞུགས་པ་བརྒྱུད་རྩལ་འགྲན་ལུས་རྩལ་རུ་ཁག་ལ་འཛུལ་བ་དང་། མི་མང་པོ་ཞིག་རྒྱལ་ཁབ་ཀྱི་བྱེས་བགྲོད་གངས་ཤུད་རུབ་འཛོམས་སྦྱོང་བརྡར་དང་རྒྱལ་ཁབ་བྲག་འཛེག་རུ་ཁག་ནང་ཞུགས་ཡོད་པ་རེད།
     2019ལོའི་ཟླ་7ཚེས་12ཉིན། བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་སློབ་གྲྭས་སློབ་གྲྭ་བཙུགས་ནས་ལོ་ཉི་ཤུ་འཁོར་བའི་རྟེན་འབྲེལ་བྱེད་སྒོ་སྤེལ་བ་རེད། ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱིས་སློབ་གྲྭར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་བ་དང་། རྟེན་འབྲེལ་འཕྲིན་ཡིག་ནང་ལོ་20ཡི་རིང་། བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་སློབ་གྲྭས“རང་རྒྱལ་གྱི་ས་བབ་མཐོ་བའི་རི་འཛེག་ལུས་རྩལ་གྱི་རྗེས་གྲབས་ཤེས་ལྡན་པ་དང་རི་འཛེག་ཐོན་ལས་ཞབས་ཞུའི་མི་སྣ་དཀོན་པའི་གནས་ཚུལ་ལ་འགྱུར་བ་བཏང་ནས་རང་རྒྱལ་གྱི་རི་འཛེག་ཐོན་ལས་འཕེལ་རྒྱས་ཀྱི་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་བཏང་བས་བོད་ལྗོངས་ས་ཁུལ་གྱི་རི་འཛེག་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་ཐོབ་ཡོད”ཅེས་འཁོད་ཡོད་པ་རེད།
༄༅༎བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེག་སྣེ་ཤན་སློབ་གྲྭའི་ལོ་ངོ་ཉི་ཤུ


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1