རྟའུ་རྫོང་གིས་སྐྱེ་ཁམས་དང་རིག་གནས། ཞིང་ལས་བཅས་ཡུལ་སྐོར་དང་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་འཕེལ་རིམ་རགས་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ་། སྤེལ་དུས། 07-26



རྟའུ་རྫོང་གིས་སྐྱེ་ཁམས་དང་རིག་གནས། ཞིང་ལས་བཅས་ཡུལ་སྐོར་དང་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་འཕེལ་རིམ་རགས་བཀོད།
འགོ་ཚུགས་མཛད་སྒོའི་ཡུལ་དངོས།


སྐབས་རིམ་བྱུང་གི་ལྔ་པའི་དུས་ཆེན་ལ་གསོན་ཤུགས་རབ་ཏུ་རྒྱས། 

    སྤྱི་ཟླ7པའི་ཚེས14ནས་ཚེས16ཉིན་བར། རྟའུ་རྫོང་གི་ལྔ་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་ལྔ་པ་ཚ་ཚ་འུར་འུར་ངང་སྤེལ་ཞིང་། དུས་ཆེན་རིང་ལ་རིག་རྩལ་འཁྲབ་སྟོན་དང་ཡུལ་སྲོལ་གོམས་གཤིས་འཁྲབ་སྟོན། རི་འཛེག་འགྲན་སྡུར། སྣང་ཚུལ་ཟློས་གར། དམངས་སྲོལ་ལུས་རྩལ་འགྲན་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་རྟའུ་མི་དམངས་དང་ཡུལ་སྐོར་བ་ཁྲི5.7ལ་ཐུན་མོང་མ་ཡིན་པའི་རིག་གནས་ལྟ་ཉན་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད་པ་རེད།


རྟའུ་རྫོང་གིས་སྐྱེ་ཁམས་དང་རིག་གནས། ཞིང་ལས་བཅས་ཡུལ་སྐོར་དང་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་འཕེལ་རིམ་རགས་བཀོད།
གོས་རྒྱན་འཁྲབ་སྟོན།


    ལྔ་པའི་དུས་ཆེན་ནི་བོད་ཟླ་ལྔ་པར་སྤེལ་སྲོལ་ཡོད་ཅིང་། ལོ་རེའི་བོད་ཟླ5པའི་ཚེས13ཉིན་ནི་བོད་བརྒྱུད་ནང་བསྟན་གྱི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན་ལ། མི་རྣམས་ཀྱིས་ཐབས་ཤེས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ཆར་ཆུ་དུས་སུ་འབབ་པ་དང་འབྲུ་ལྔ་ལོ་ལེགས་འབྱུང་བར་བཀྲ་ཤིས་པའི་སྨོན་ལམ་འདེབས་ཀྱི་ཡོད། ལོ་རེའི་བོད་ཟླ་ལྔ་པ་ནི་སྤྱི་ཟླ་བདུན་པར་འཁེལ་ཡོད་ལ་ལྔ་པའི་དུས་ཆེན་ཟླ་བ་འདིར་གཏང་སྲོལ་ཆགས་པ་རེད། ད་བར་དུ་ལྔ་པ་དུས་ཆེན་དེ་རྟའུ་རྫོང་གི་ཁྱད་ཆོས་ལྡན་པའི་མི་རིགས་སྲོལ་རྒྱུན་དུས་ཆེན་ཆེ་ཤོས་ཤིག་ཏུ་གྱུར་ཡོད། མིག་སྔའི་བར་སླེབས་དུས། རྟའུ་རྫོང་གིས་ལྔ་པ་དུས་ཆེན་ཐེངས་ལྔ་ལ་སྤེལ་ཡོད་ཅིང་། 2005ལོ་ནས2006ལོའི་བར། རྟའུ་རྫོང་གི་ལྔ་པའི་དུས་ཆེན་སྐབས་དང་པོ་དང་གཉིས་པ་གཤིས་ཆུ་གྲོང་རྡལ་དུ་སྤེལ་ཞིང་། སྐབས་གཉིས་པའི་དུས་ཆེན་ཚོགས་འདུའི་མིང་ལ་ལྔ་པའི་སོ་ནམ་རིག་གནས་དུས་ཆེན་ཟེར་ཞིང་། འཛུགས་གཉེར་བྱས་པའི་དུས་ཡུན་ནི་གཟའ་འཁོར་གཅིག་ཡིན། དེའི་རིང་པར་ལེན་འགྲེམ་སྟོན་དང་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམ་སྟོན། རྟ་རྒྱུག  རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། རྒྱུ་རྐྱེན་མང་པོའི་དབང་གིས་ལྔ་པའི་དུས་ཆེན་སྐབས་གསུམ་པའི་གཉེར་མཚམས་འཇོག་པའི་དུས་ཚོགས་ཅུང་རིང་བས། 2017ལོར་སླར་ཡང་འགོ་ཚུགས་ཤིང་། སྐབས་དེར་དུས་ཆེན་ཚོགས་འདུའི་སྟེང་ཐོག་མར་ཡན་ལག་ཚོགས་ར་བཙུགས་པ་དང་། འཛུགས་གཉེར་བྱས་པའི་དུས་ཚོད་ནི་ཉིན་གསུམ་ཡིན་ལ། དུས་ཆེན་ཚོགས་འདུའི་མིང་སྟེ་ལྔ་པའི་སོ་ནམ་རིག་གནས་ཡུལ་སྐོར་དུས་ཆེན་དུ་གྱུར་ཞིང་། དེའི་རིང་རིག་རྩལ་འཁྲབ་སྟོན་དང་གླུ་པའི་བྱ་དགའ་འགྲན་སྡུར་ཆེན་མོ། སོ་ནམ་ལག་རྩལ་འགྲན་སྡུར། ཡུལ་སྐོར་གཟུགས་བརྙན་ཕོ་ཉ་གདམ་གསེས། ཁྱད་ཆོས་ལྡན་པའི་ཞིང་འབྲོག་ཐོན་རྫས། གཟུགས་མེད་རིག་གནས་ཤུལ་བཞག་བཤམས་འཚོང་། ཡུལ་སྐོར་ལས་གཞི་ཚོང་འགུགས་འོས་སྦྱོར་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།

    2018ལོར་ལྔ་པའི་དུས་ཆེན་སྐབས་བཞི་པ་མུ་མཐུད་ནས་སྐབས་གོང་མའི་དུས་ཆེན་གྱི་མིང་སྤྱད་དེ་དམངས་ཡོངས་ཀྱི་ལུང་སྦྱོང་འགྲན་སྡུར་དང་སོ་ནམ་ཞབས་བྲོ་འགྲན་སྡུར། སོ་ནམ་གླུ་ལེན་འགྲན་སྡུར་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། 2019ལོའི་ལྔ་པའི་དུས་ཆེན་ལ་སླེབས་དུས། དུས་ཆེན་ཚོགས་འདུའི་མིང་ལ་ལྔ་པའི་རིག་གནས་ཡུལ་སྐོར་དུས་ཆེན་དུ་བསྒྱུར་བ་དང་། དུས་ཆེན་ཚོགས་འདུའི་ནང་དོན་ནང་རིག་རྩལ་འཁྲབ་སྟོན་དང་གེ་སར་སྐོར་གྱི་འཆད་ཁྲིད། སྣང་ཚུལ་ཟློས་གར། ལུས་རྩལ་འགྲན་སྡུར། ཡུལ་སྲོལ་གོམས་གཤིས་འཁྲབ་སྟོན་བཅས་ཚུད་ཡོད་པ་རེད།

    ཐེངས་འདིའི་ལྔ་པའི་དུས་ཆེན་སྟེང་འཁྲབ་སྟོན་རུ་ཁག་གིས་སྣང་ཚུལ་ཟློས་གར《རོགས་སྐྱོར་གྱི་ཉམས་འགྱུར》དང《དབུལ་ཐར་གནད་སྨིན་གྱི་ཞིང་དུད་ལ་ཕན་པ་མང་པོ་སྤྲད་པ》ཞེས་པའི་ཐོག་ནས་དབུལ་ཐར་འགག་སྒྲོལ་གྱིས་བོད་ཁུལ་གྱི་མི་སེར་ལ་བདེ་སྐྱིད་བསྐྲུན་ལུགས་བརྗོད་ཡོད་པ་རེད། སོ་ནམ་རིག་གནས་དུས་ཆེན་ནས་རིག་གནས་ཡུལ་སྐོར་དུས་ཆེན་བར་གྱི་ལོ་བཅུ་བཞིའི་རིང་གི་ལྔ་པའི་དུས་ཆེན་གྱི་འགྱུར་ལྡོག་བྱུང་བར་ཚང་མས་མཐོང་གསལ་རེད། རྟའུ་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་འགན་འཁུར་མི་སྣ་རྒྱལ་མཚན་རྡོ་རྗེས་ལྔ་པའི་དུས་ཆེན་གྱི་འགྱུར་ལྡོག་དེ་རྟའུ་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་ལས་བྱུང་བ་དང་། རྟའུ་ཡི་བུ་ཕྲུག་ཚོའི་མཐོང་རྒྱ་ཆེ་རུ་ཕྱིན་པ་ལས་བྱུང་བ། དེ་ཡང་རྟའུ་ཡིས་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན་བྱས་པ་ལས་བྱུང་བ་རེད། མ་འོངས་པར་རྟའུ་རྫོང་གིས་ད་དུང་རང་ས་གནས་དེ་གའི་ཡུལ་སྐོར་རིག་གནས་ཐོན་ཁུངས་སླར་ཡང་སྔོག་འདོན་བྱས་ཏེ་མིག་ཤུགས་དང་ཀླད་ཤུགས་རྒྱ་སྐྱེད་བཏང་བ་དང་། ས་གནས་དེ་གའི་སྒྱུ་རྩལ་པ་དང་བཟོ་པར་སྐུལ་ལྕག་གཏོང་བར་མ་ཟད་དུས་རབས་དང་ཟུང་འབྲེལ་བྱས་ཏེ་རྟའུ་ཡུལ་སྐོར་རིག་གནས་ལ་གསོན་ཤུགས་ཁེངས་སུ་འཇུག་རྒྱུ་རེད་ཅེས་བཤད་པ་རེད།

ལུས་རྩལ་རིག་གནས་ཀྱི་ཁྱད་ཆོས་མངོན་པའི་ལྔ་པའི་དུས་ཆེན་གྱིས་དར་སྲོལ་གསར་པ་མཚོན།

    སྤྱི་ཟླ7པའི་ཚེས14ཉིན་གྱི་སྔ་དྲོའི་ཆུ་ཚོད9པའི་ཐོག   ནས་དེའུ་ཕྱུག་མོའི་རི་འཛེག་འགྲན་སྡུར་དེ་རྟའུ་རྫོང་ལུས་རྩལ་ཁང་དུ་སྤེལ་འགོ་ཚུགས་ཤིང་། ལྔ་པའི་རིག་གནས་ཡུལ་སྐོར་དུས་ཆེན་ལ་དུས་ཆེན་གྱི་འདུ་ལོང་རབ་ཏུ་ཆེ། ཆུ་ཚོད་གཅིག་ལྷག་ཙམ་འགྲན་སྡུར་བྱས་པར་བརྒྱུད་དེ་ཐེངས་འདིའི་རི་འཛེག་འགྲན་སྡུར་ཁྲོད་རྟའུ་རྫོང་དབུས་ཐང་ཡུལ་ཤོག་ནས་ཡོང་བའི་སྐལ་བཟང་དབང་མོས་སྐར་མ39དང་སྐར་ཆ39ཡི་སྐར་གྲངས་ཀྱིས་བུད་མེད་ཚོ་ཆུང་གི་བྱ་དགའ་ཨང་དང་པོ་བླངས་པ་དང་། དཔལ་སྨད་གྲོང་རྡལ་སྔོ་ཉ་གྲོང་སྡེ་ནས་ཡོང་བའི་འགྱུར་མེད་ཀྱིས་སྐར་མ36དང་སྐར་ཆ35ཡི་སྐར་གྲངས་ཀྱིས་སྐྱེས་པ་ཚོ་ཆུང་གི་བྱ་དགའ་ཨང་དང་པོ་བླངས་པ་རེད།།ཐེངས་འདིའི་རི་འཛེག་འགྲན་སྡུར་ནི་རྟའུ་རྫོང་གི་ལྔ་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་ལྔ་པའི་ནང་གསེས་ཀྱི་བྱེད་སྒོའི་གྲས་ཤིག་ཡིན་ཞིང་། རྟའུ་རྫོང་ཨུས་ཞིང་ལས་ཡུལ་སྐོར་འདེགས་སྐྱོར་གྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ། ཕུལ་བྱུང་མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། རིག་གནས་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ་དང་། ཟམ་མི་ཆད་པར་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ། རྟའུ་རྫོང་གི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་ཏེ་ལྔ་པའི་སོ་ནམ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྤུས་རྟགས་གཏོད་པ་བཅས་བྱས་ཏེ། རྟའུ་ཡི་ཕྱི་ཕྱོགས་དྲིལ་བསྒྲགས་དང་མཚན་སྙན་ཆེ་རུ་བཏང་སྟེ་རྟའུ་རིག་གནས་ཡུལ་སྐོར་ཁུལ་དང་རྒྱལ་ཕྱི་ནང་དུ་ཁྱབ་གདལ་བཏང་བ་རེད།


རྟའུ་རྫོང་གིས་སྐྱེ་ཁམས་དང་རིག་གནས། ཞིང་ལས་བཅས་ཡུལ་སྐོར་དང་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་འཕེལ་རིམ་རགས་བཀོད།
གེ་སར་གྱི་སྣང་ཚུལ་ཟློས་གར།


    ཐེངས་འདིའི་དུས་ཆེན་ཚོགས་འདུ་རུ་ལུས་རྩལ་ཐོག་རིག་གནས་སྣོན་བའི་མཚོན་ཚུལ་ཐད་ལ་རྟའུ་རྫོང་ཨུའི་ཧྲུའུ་ཅི་ཕུའུ་ཡུང་ཧྥེང་གིས་བསྟན་དོན། མ་འོངས་པར་རྟའུ་རྫོང་གིས་དམིགས་བསལ་དང་ཕུན་སུམ་ཚོགས་པའི་རི་ཀླུང་གི་ཕྱི་རོལ་ཐོན་ཁུངས། ལོ་རྒྱུས་རིག་གནས་ཐོན་ཁུངས་ལ་བརྟེན་ནས་རིག་གནས་ལ་མཐའ་མཚམས་མེད་པ་དང་ཡུལ་སྐོར་ས་ཁོངས་རྟའུ་རང་སར་རྩ་བ་ཚུགས་ཆེད་དང་། སྐྱེ་ཁམས་ཡུལ་སྐོར་ནི་ཁྱད་ཆོས་ལྡན་ཞིང་། དབུལ་ཐར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མི་ཉུང་ཤས་དབུལ་ཕོངས་ལས་ཐར་བ་དང་མི་མང་ཆེ་བ་འབྱོར་འབྲིང་དུ་བསྐྱོད་པ་ཟུང་འབྲེལ་བྱས་པར་མངོན་འགྱུར་བྱུང་བ་དང་། གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་སྔར་ལྷག་གཏིང་ཟབ་ཏུ་གཏོང་ནས་དམངས་འཚོ་དང་དམངས་ཀྱི་ཐབས་ཇུས་ལེགས་བཅོས་ཤུགས་ཆེན་བཏང་སྟེ་རྫོང་ཡོངས་ཀྱི་དབུལ་ཕོངས་ཀྱི་དབུལ་ཞྭ་ཕུད་པ་དང་གྲོང་ཡུལ་དར་སྤེལ་ལ་སྔར་བས་སྲ་ཞིང་བརྟན་པའི་བསམ་བློའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བཏིང་ཡོད་པ་རེད།

ཐབས་འབུལ་ཇུས་འབུལ་ཁྲོད་དུ་ལྔ་པའི་དུས་ཆེན་གྱི་ཡིད་དབང་འགུགས་ཤུགས་ཆེ་རུ་ཕྱིན།

    དགའ་བའི་མེ་ཏོག་འཁྲབ་སྟོན་རུ་ཁག་གི་ལོ་ན་རྒན་པའི་འཁྲབ་སྟོན་པ་ཐན་ཏའེ་ཧུང་གིས་ད་ལོ་ནི་མེས་རྒྱལ་འཁྲུངས་ནས70འཁོར་བའི་འཁྲུངས་སྐར་ཡིན་ཞིང་། ང་ཡང་ཏག་ཏག་ལོ70རེད་སོང་། ལས་དབང་འདི་ཧ་ཅང་རྙེད་དཀའ་བ་ཞིག་རེད། ལོ་ན་འདི་ཚད་ལ་ད་དུང་གར་སྟེགས་ཐོག་བུད་ནས་མེས་རྒྱལ་གྱི་ཨ་མ་ལ་ཕྱག་རྟགས་འབུལ་ཐུབ་པར་ང་རང་ཧ་ཅང་ཡི་རང་བྱུང་། ངས་ད་དུང་མི་སེར་གྱི་ཐོས་དགའ་མཐོང་སྤྲོའི་བྱེད་སྟངས་སྤྱད་དེ་སྲིད་ཇུས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཏེ་ཏང་གི་སྐད་སྒྲ་དེ་རྟའུ་ཡི་ཕྱོགས་གང་སར་ཁྱབ་ཏུ་འཇུག་འདོད་ཡོད་ཅེས་བཤད་པ་རེད། དུས་མཉམ་དུ་ཁོང་གིས་རྟའུ་རྫོང་གིས་འབྲེལ་ཡོད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རྟའུ་ཡི་སྲོལ་རྒྱུན་སྒྱུ་རྩལ་རིག་གནས་རྒྱུན་འཛིན་དང་གསར་གཏོད་བྱ་དགོས་པའི་གྲོས་འགོ་བཏོན་པ་རེད།

    “ཨ་ལ་ལ་མོ་ཨ་ལ་རེད། ཐ་ལ་ལ་མོ་ཐ་ལ་རེད”ཅེས་པའི་སྒྲ་གདངས་ལ་ཉན་ཞོར་ཕན་ཚུན་དཔྱད་གཞིར་འཛིན་འོས་གང་ཡོད་ཐད་ལ་གྲོས་བསྡུར་བྱེད་བཞིན་པའི་སི་ཁྲོན་རོལ་དབྱངས་སློབ་གླིང་གི་བོད་ཆའང་དབྱིས་རིགས་ཀྱི་དམངས་ཁྲོད་ཞབས་བྲོའི་རྣོ་སྦྲེང་རམ་དཀྲོལ་གསར་རྩོམ་ཤེས་ལྡན་མི་སྣ་གསོ་སྐྱོང་བཅར་འདྲི་ཚོགས་པ་ཡང་ལུང་བསྟན་ཡན་ལག་ཚོགས་ར་རུ་བསླེབས་ནས་གེ་སར་གྱི་སྣང་ཚུལ་ཟློས་གར་ལ་བལྟས་རྗེས། མི་རིགས་ཀྱི་ཁྱད་ཆོས་ཆེ་བའི་དམངས་ཁྲོད་སྒྱུ་རྩལ་རིག་གནས་འདི་དག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏང་ན་ཕྱོགས་བཞིའི་མི་རྣམས་ཀྱི་ཡིད་དབང་འགུགས་ཐུབ་ཅེས་བཤད་པ་རེད།

    རྟའུ་གྲོང་ཁྱེར་གྱི་ཡུལ་མི་བློ་རྒྱས་འབྲུག་མགོན་གྱིས་ལྔ་པའི་དུས་ཆེན་ནི་རྟའུ་མི་དམངས་ཀྱི་སྲོལ་རྒྱུན་གྱི་དུས་ཆེན་ཞིག་ཡིན་ལ། སླད་ཕྱིན་བོད་ཁུལ་གཞན་དག་ནས་ཀྱང་རྒྱལ་ཕྱི་ནང་གི་འཛུགས་གཉེར་བྱས་པའི་དུས་ཆེན་ཚོགས་སྟངས་དཔྱད་གཞིར་འཛིན་པར་བརྒྱུད་ནས། ལྔ་པའི་དུས་ཆེན་གྱི་ནང་དོན་དང་འཛུགས་གཉེར་བྱེད་སྟངས་སྣ་མང་ཕུན་སུམ་ཇེ་ཚོགས་སུ་གཏོང་གང་ཐུབ་བྱེད་པ་དང་ཆབས་ཅིག ཡུལ་ཕྱི་ནང་གི་མི་ཐམས་ཆད་དུས་ཆེན་ཁྲོད་དུ་ཞུགས་གང་ཐུབ་བྱས་ནས་རྟའུ་ཡི་ཐུན་མིན་ཁྱད་ཆོས་ལ་མྱོང་རོལ་བྱས་རྗེས་རྟའུ་དྲིལ་བསྒྲགས་བྱེད་མཁན་དུ་འགྱུར་དུ་འཇུག་དགོས་ཞེས་བཤད་པ་རེད།

    རྟའུ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བསྟན་པ་རྡོ་རྗེས་སླད་ཕྱིན་རྟའུ་རྫོང་གིས་ལྔ་པའི་དུས་ཆེན་གྱི་ཟོང་རྟགས་དེ་མུ་མཐུད་ནས་དམ་འཛིན་ཡག་པོ་བྱས་པ་དང་ཆབས་ཅིག  ཡུལ་སྐོར་དང་སྐྱེ་ཁམས། ཡུལ་སྐོར་དང་རིག་གནས། ཡུལ་སྐོར་དང་ཞིང་ལས་བཅས་ཟུང་དུ་འདྲེས་པའི་ལས་རྣམ་གསར་པར་བརྟེན་ནས་ས་གནས་དེ་གའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ལྗོངས་ཁུལ་འདེགས་སྐྱོར་ཅན་དང་ཐོན་ལས་ཁྱད་ཆོས་ཅན། རིག་གནས་མྱོང་རོལ་ཅན་བཅས་ཀྱི་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་དཔེ་སྟོན་བྱེད་ས་རིགས་བགོས་ནས་གསར་སྐྲུན་བྱ་རྒྱུ་ཡིན། དེར་བརྟེན་རྟའུ་རྫོང་གིས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏང་བ་དང་། ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ལས་ཁུལ་དེ་སྤྲོ་གསེང་ལྟ་སྐོར་གྱི་མཛེས་ལྗོངས་ཁུལ་དུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། མ་འོངས་པར་རྟའུ་རྫོང་གིས་ད་དུང་རྫོང་ཡོངས་ཀྱི་ཉི་མཚོ་སྡེ་ཁུལ་དང་དཔལ་སྨད་སྡེ་ཁུལ། སྦར་ཞབས་སྡེ་ཁུལ། འདྲ་པ་སྡེ་ཁུལ། གཡུ་ཁོག་སྡེ་ཁུལ་བཅས་སྡེ་ཁུལ་ཆེ་གྲས་ལྔའི་དམིགས་བསལ་གྱི་ས་གནས་ལེགས་ཆ་དང་རང་བྱུང་མཛེས་ལྗོངས། ཡུལ་སྲོལ་མི་ཆོས་སོགས་ཀྱི་གྲུབ་རྐྱེན་ལ་དམིགས་ནས་གཤིས་ཆུ་དང་དཔལ་སྨད་ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས་སྐྲུན་ཤུགས་ཆེ་རུ་གཏང་རྒྱུ་དང་།དཔལ་སྨད་ཆོས་ལུགས་རིག་གནས་དང་རང་བྱུང་སྐྱེ་ཁམས་ཡུལ་སྐོར་ཁུལ། གཡུ་ཁོག་རྩྭ་ཐང་གི་ཡུལ་སྲོལ་གོམས་གཤིས་ཡུལ་སྐོར་ཁུལ་སོགས་མྱུར་དུ་བསྐྲུན་ཏེ་རྟའུ་ཡི་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་གང་ཐུབ་བྱ་རྒྱུ་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1