ཀྲུང་གོའི་ཁེ་ལས་ཀྱིས་ཨ་རིའི་ཞིང་ལས་ཐོན་རྫས་ཉོ་སྒྲུབ་ཐད་ལ་གྲུབ་འབྲས་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ་། སྤེལ་དུས། 07-29


     ཟླ་7ཚེས་28ཉིན། གསར་འགོད་པས་རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་། ཚོང་དོན་པུའུ་ཡི་འབྲེལ་ཡོད་ཕྱོགས་ནས་ཤེས་རྟོགས་བྱུང་གསལ།  ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཨོ་ས་ཁ་རུ་མཇལ་འཛོམས་བྱས་རྗེས་སུ། ཨ་རིའི་སྲན་སེར་ཏུན་ཁྲི་བརྒྱ་ཕྲག་བླུག་ཡོད་པའི་གྲུ་གཟིངས་ཀྲུང་གོར་སྐྱེལ་འདྲེན་བྱས་ཡོད། དུས་མཚུངས་སུ། ཨ་རིས་ཀྲུང་གོ་ནས་ཨ་རིར་གཏོང་བའི་བཟོ་ལས་ཐོན་རྫས་རྣམ་གྲངས་110ལ་སྒོ་ཁྲལ་འཕར་སྣོན་བྱ་རྒྱུ་མིན་པ་ཁྱབ་བསྒྲགས་བྱས་ཤིང་། ཨ་རིའི་ཁེ་ལས་ཀྱིས་འབྲེལ་ཡོད་ཀྲུང་གོའི་ཁེ་ལས་ལ་ཅ་ལག་མཁོ་འདོན་བྱ་འདོད་ཡོད་པ་བསྟན་ཡོད་པས། འདིས་ཕྱོགས་གཉིས་ཀྱིས་ཨོ་ས་ཁའི་མཇལ་འཛོམས་ཀྱི་ཐུན་མོང་གི་ངོས་འཛིན་ལག་བསྟར་བྱས་པ་མངོན་ཡོད། 
     ཟླ་7ཚེས་19ཉིན་ནས་བཟུང་། ཀྲུང་གོའི་ཁེ་ལས་ཁ་ཤས་ཀྱིས་སྲན་སེར་དང་། སྲིང་བལ། ཕག་ཤ། ཁྲེ་རྒོད་སོགས་ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱེད་པར་ཨ་རིའི་ཚོང་ཟོག་མཁོ་འདོན་ཚོང་པ་ལ་རིན་གོང་འདྲི་རྩད་བྱས་ཡོད། ཁྲོམ་རའི་ཆ་རྐྱེན་ལ་གཞིགས་ནས། མིག་སྔར་ཞིང་ལས་ཐོན་རྫས་ཁག་ཅིག་ཉོ་སྒྲུབ་ལེགས་འགྲུབ་བྱུང་ཡོད། འབྲེལ་ཡོད་ཁེ་ལས་ཀྱིས་ཨ་རི་ནས་ནང་འདྲེན་བྱས་པའི་ཞིང་ལས་ཐོན་རྫས་ལ་སྒོ་ཁྲལ་འཕར་སྣོན་མེད་པར་བཟོ་བའི་རེ་ཞུ་ཕུལ་ཡོད་ཅིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲེལ་ཡོད་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་བྱ་རིམ་ལྟར་ལས་སྒྲུབ་བྱ་རྒྱུ་རེད། 
     གོ་རིམ་རྗེས་མར། ཀྲུང་གོའི་འབྲེལ་ཡོད་ཁེ་ལས་ཀྱིས་ད་དུང་རྒྱལ་ནང་གི་ཁྲོམ་རའི་དགོས་མཁོ་ལ་གཞིགས་ཤིང་། ཁྲོམ་ར་ཅན་གྱི་རྩ་དོན་ལ་བརྩི་འཇོག་བྱས་ནས། མུ་མཐུད་ཨ་རིའི་སྲན་ཆེན་དང་སྲིང་བལ། ཕག་ཤ། ཁྲེ་རྒོད། གྲོ། མ་རྨོས་ལོ་ཏོག འོ་བཟས་བཟའ་ཆས་སོགས་ཞིང་ལས་ཐོན་རྫས་ལ་རིན་གོང་འདྲི་རྩད་བྱ་རྒྱུ་དང་། ཨ་རིའི་ཞིང་ལས་ཐོན་རྫས་ཀྱི་རིན་གོང་ལུགས་དང་མཐུན་ཞིང་སྤུས་ཀ་ལེགས་ན། ད་དུང་ཞིང་ལས་ཐོན་རྫས་གསར་པ་ཉོ་སྒྲུབ་བྱ་ཚོད་རེད། 
     ཀྲུང་གོའི་འབྲེལ་ཡོད་སྡེ་ཁག་གིས། ཨ་རིས་རང་ཉིད་ཀྱི་ཁས་ལེན་བྱས་པ་ལ་ཞིབ་ཕྲའི་ལག་ལེན་བསྟར་དགོས་ཤིང་། ཕྱོགས་གཉིས་ཀྱི་ཚོང་ལས་ཉོ་ཚོང་མཉམ་ལས་ལ་ཕན་ནུས་ལྡན་པའི་ཆ་རྐྱེན་བསྐྲུན་དགོས་ཞེས་བསྟན་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1