༄༅། །གསང་སྔགས་བསྟན་རྒྱས་གླིང་།

རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཡོངས་འཛིན་དྲ་བ། སྤེལ་དུས། 07-31


        གསང་སྔགས་བསྟན་རྒྱས་གླིང་ནི་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་རྗེས་མཁས་པ་མི་གསུམ་དང་ལྷ་ལུང་དཔལ་རྡོར་སོགས་གནས་འདིར་ཕེབས་ནས་སྒྲུབ་པ་གཞོལ་ཞིང་། དེའི་སློབ་རྒྱུན་དུ་གྲགས་པའི་གྲུབ་ཆེན་མང་པོས་ཉམས་ལེན་དང་ཆོས་ལུགས་ཆོ་ག་མང་དུ་སྤེལ་ས་ཡིན་ལ།  རབ་བྱུང་བཅུ་བཞི་བའི་ཤིང་ཁྱི(སྤྱི་ལོ1814)ལོར་ཁམས་ར་སྔགས་མང་གི་འདོད་པ་བཞིན་ལྕང་ལུང་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱིས་ཕྱག་འདེབས་གནང་ཞིང་། སྤྱི་ལོ1848ལོར་དགུ་རོང་སྣ་ཚོགས་རང་གྲོལ་གྱིས་ཤོག་ཀ་གསུམ་གྱི་རྒྱབ་སྐྱོར་འོག་སྒྲུབ་དགོན་འདི་ཡང་བསྐྱར་བཞེངས།  སྤྱི་ལོ1898ལོར་དགུ་སྤྲུལ་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེས་གཡུ་ཐོག་གནྫར་དང་བཅས་གསར་དུ་བཞེངས་ཏེ། ཤོག་ཁ་གསུམ་གྱི་སི་དྡྷིའི་སྒྲུབ་ཆེན་གྱི་རྒྱུན་གསར་དུ་བཙུགས་པ་ད་ལྟའང་ད་དུང་རྒྱུན་སྐྱོང་མུས་ཡོད། དགོན་པའི་ནང་རྟེན་གཙོ་བོ་ལ་སློབ་དཔོན་པདྨ་འབྱུང་གནས་དང་། འཇམ་པའི་དབྱངས། སྤྱན་རས་གཟིགས་སོགས་ཀྱི་སྐུ་དང་གྱན་ཐང་ཡོད་ལ། ལོ་རེའི་ཧོར་ཟླ་དང་པོ་ཚེས་པ་དྲུག་ནས་བཅུ་དྲུག་བར་དུ་ཐུགས་རྗེ་ཆེན་མོ་འཁོར་བ་དབྱིངས་སྒྲོལ་གྱི་རྡུལ་ཚོན་དང་བཅས་པའི་ཆོས་ཐོག་ཡོད་ཅིང་། ཚེས་བཅོ་ལྔ་ཉིན་ལ་ཀེང་ཆེན་བཅུ་དྲུག་དང་། ཁྲོ་བོ་བཅུ། མ་གཟའ་རྡོར་གསུམ་སོགས་ཀྱི་འཆམ་སྟེག་པ་རེད། དེ་ནས་རིམ་བཞིན་དུ་ཟླ་དང་པོ་ནས་བཅུ་གཉིས་བར་དུ་ཆོག་ཐོག་རིམ་པར་ཡོད་པ་ཆད་མེད་དུ་རྒྱུན་སྐྱོང་བཞིན་ཡོད། ལྷག་པར་དུ་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་སྤྲེལ(སྤྱི་ལོ2004)ལོར་སྤྲུལ་སྐུ་གྲོལ་ལོ་མཆོག་གིས་ཐུགས་ཀྱི་བསྐྱེད་པ་རླབས་པོ་ཆེ་མཛད་དེ།  སློབ་དཔོན་རིན་པོ་ཆེའི་འདས་འཁྲུངས་ཟུང་གི་དུས་ཚེས་ཁྱད་པར་ཅན་ལ་རྡོ་གྲུབ་སྤྲུལ་སྐུ་ཀློང་ཡངས་ཚང་དང་། འཇའ་ལུས་པ་མཁན་ཆེན་ཚེ་དབང་རིག་འཛིན་སྙན་གྲགས་ཚང་སོགས་བླ་སྤྲུལ་བཞི་བཅུ་ལྷག་དང་། མདོ་ཁམས་གཉིས་ནས་ཕེབས་པའི་སྔ་འགྱུར་རྙིང་མའི་རིག་འཛིན་སྔགས་འཆང་བཞི་སྟོང་ལྷག་གིས་ཁམས་རའི་སྔགས་མང་བསྟན་རྒྱས་གླིང་དུ་དུས་ཡུན་ཉིན་བདུན་ཙམ་ལ་དབང་ཆེན་སྤྲེལ་ཟླའི་རིག་འཛིན་འབུམ་ཚོགས་ཆེན་མོའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། ཡང་བོད་རབ་བྱུང་བཅུ་བདུན་པའི་མེ་ཁྱི(སྤྱི་ལོ2006)ལོར་གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་མང་པོ་གནས་འདིར་ཞབས་ཀྱིས་བཅགས་ཤིང་། མདོ་སྨད་ས་ཆའི་རེབ་གོང་དང་། མཚོ་སྔོན་པོ། ཁྲི་ཀ སི་ཁྲོན་གྱི་དཀར་མཛེས་དང་རྔ་བ་སོགས་ནས་ཕེབས་པའི་ངུར་སྨྲིག་རྒྱལ་མཚན་གསོལ་བའི་རབ་བྱུང་གི་སྡེ་དང་། གོས་དཀར་ལྕང་ལོ་འཆང་བའི་རིག་འཛིན་སྔགས་འཆང་སོགས་མི་གྲངས་ལྔ་སྟོང་ལྷག་གིས་བཟང་བོ་སྤྱོད་པའི་སྨོན་ལམ་གྲངས་ཚད་འབུམ་ཕྲག་ལྷག་གིས་མཚམས་སྦྱར་ཏེ་གངས་ལྗོངས་སྨོན་ལམ་ཆེན་མོ་ཐེངས་གསུམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ནས་དད་ལྡན་མང་ཚོགས་ཀྱི་དད་པའི་ལག་ཟུང་གིས་ཐལ་མོ་སྦྱོར་ཞིང་རྣམ་དཀར་ལེགས་ཚོགས་ཀྱི་བགྱི་བ་ཐམས་ཅད་དར་ཞིང་རྒྱས་པར་མཛད་ཡོད་པས། མདོ་སྨད་བྱང་རྒྱུད་ཀྱི་གསང་སྔགས་རྙིང་མའི་དགོན་སྡེ་ཐམས་ཅད་ཀྱི་མིག་དཔེ་ལྟ་བུར་གྱུར་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1