གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ཁྱུང་ཕྲུག་བློ་བཟང་དར་རྒྱས། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༧ཚེས་༣༡ཉིན།

༄༅།། དུས་རབས་གསར་པའི་བོད་ཀྱི་ཚད་མའི་ཞིབ་འཇུག་དང་འཕེལ་རྒྱས་སྐོར་ལ་ཆེ་ལོང་ཙམ་དཔྱད་པ།

 ཁྱུང་ཕྲུག་བློ་བཟང་དར་རྒྱས།

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་དེང་གི་ཚད་མའི་འཆད་མཉན་དང་རྩོད་པ་གཉིས་ཀྱི་གནས་བབ་དང་འབྲེལ་ནས་དུས་རབས་གསར་པའི་ཚད་མའི་གཞུང་གི་ཞིབ་འཇུག་གི་དཔྱད་འབྲས་སྐོར་ལ་དཔྱད་དེ། འབྱུང་འགྱུར་གྱི་ཚེ་ན་བོད་ཀྱི་ཚད་མ་རིག་པ་ནི་དེ་བས་ཀྱང་ཟབ་རྒྱས་སུ་འགྲོ་བ་ལ་ཐུགས་འཇགས་གཞེན་སྐུལ་ཞུས་ཡོད་པའོ།།
[བརྡ་ཆད་གཙོ་བོ།] ཚད་མ། འཆད་མཉན། རྩོད་པ། ཞིབ་འཇུག འགྱུར་ལྡོག འཕེལ་ཕྱོགས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-03-0091-09
དང་པོ། དེང་གི་ཚད་མའི་འཆད་མཉན་དང་རྩོད་པའི་སྐོར་བཤད་པ།
              གཅིག དུས་སྐབས་གསར་པའི་དགོན་སྡེའི་ཚད་མའི་འཆད་རྩོད་བཤད་པ། དེ་ཡང་དུས་རབས་བཅུ་གཅིག་པའི་དུས་སྨད་ཀྱི་སྤྱི་ལོ་1073ལོར་རྔོག་ལོ་ཙཱ་པ་ལེགས་པའི་ཤེས་རབ་ཀྱིས་བོད་ཀྱི་ཚད་མ་རིག་པའི་ཆུ་མགོ་ལྟ་བུར་གྱུར་པ་སྟེ། གསང་ཕུ་ནེའུ་ཐོག་ཕྱག་འདེབས་མཛད་ཅིང་ཁོང་གི་དབོན་པོ་རྔོག་ལོ་ཙཱ་པ་བློ་ལྡན་ཤེས་རབ་(1059-1109)ཀྱིས་《ཚད་མ་སྡེ་བདུན་》གཙོ་བྱས། ཕར་ཕྱིན་དང་དབུ་མ་སོགས་ཆེད་དུ་སློབ་པའི་བཤད་གྲྭ་དངོས་སུ་བཙུགས།དེ་ནས་བཟུང་བོད་ཀྱི་ནང་བསྟན་འཛིན་པ་ལ་བཤད་སྒྲུབ་ཀྱི་སྡེ་གཉིས་སུ་གྲགས་པ་བྱུང་པར་གྱུར་ཏོ།། དེ་ལ་བརྟེན་ནས་ཁ་བའི་ལྗོངས་འདིར་ནང་བསྟན་འཕེལ་རྒྱས་བྱུང་པའི་འགྲོས་ཉིད་དང་བསྟུན་ཏེ་ཚད་མ་རིག་པ་དར་རྒྱས་བྱུང་།དེ་ནས་ཕྱཱ་པ་ཆོས་ཀྱི་སེང་གེ་(1109-1169)མཆོག་གིས་གསང་ཕུའི་གདན་ས་མཛད་ཅིང་《ཚད་བསྡུས་ཡིད་ཀྱི་མུན་སེལ་》①ཞེས་པའི་སྔོན་མེད་ཀྱི་རིགས་གཞུང་བརྩམས། གཙང་ནག་པ་བརྩོན་འགྲུས་སོགས་རིགས་པའི་སེང་ཆེན་བརྒྱད་དུ་གྲགས་པ་བསྐྱངས་ཏེ་བསྡུས་གྲྭ་ནས་རིམ་བཞིན་《རྣམ་འགྲེལ་》གྱི་གཞུང་སློབ་པའི་སློབ་གཉེར་གྱི་སྒྲིག་གཞི་གཏན་འཁེལ་གནང་། དེ་ཡང་རིགས་ལམ་ཆུང་འབྲིང་ཆེ་གསུམ་གྱི་ཚན་པ་དགར་ཏེ་བསྡུས་གྲྭ་སྦྱོང་སྲོལ་བཙུགས། དེ་དག་གི་ནང་ལ་ཡང་ཁོང་གི་《ཚད་བསྡུས་ཡིད་ཀྱི་མུན་སེལ་》གཙོ་བྱས་རྣམ་འགྲེལ་དང་།དབུ་ཕར་མངོན་པའི་གཞུང་གི་གནད་བསྡུས་པ་གཞུང་དེ་དག་གི་སྔོན་འགྲོའི་ཚུལ་དུ་བཅུག་ཡོད། དེར་བརྟེན་ཕྱིས་ཀྱི་བསྡུས་གཞུང་ཕལ་མོ་ཆེའི་ནང་དུ་ཡང་དེ་མཚུངས་ལྟར་དབུ་ཚད་ཕར་མངོན་གྱི་གནད་བསྡུས་ཏེ་བརྩམས་འདུག་པ་ར་སྟོད་བསྡུས་གྲྭ་དང་མཁན་ཆེན་བསྡུས་གྲྭ་དག་ལ་བལྟས་ན་ཤིན་ཏུ་གསལ་ལོ།།
              དེ་ནས་བཟུང་ཚད་མ་ལ་སྦྱོང་པའི་འཛིན་གྲྭ་ལྔ་རུ་བགོས་ཏེ་ཐོག་མར་བསྡུས་གྲྭ་ལ་བསྡུས་ཆུང་། བསྡུས་འབྲིང་། བསྡུས་ཆེན་གསུམ། རྣམ་འགྲེལ་གྱི་གཞུང་དངོས་ལ་གོང་འོག་གཉིས་ཏེ། 《བློ་རིག》 《རྟགས་རིགས་》གཉིས་བཅས་ལྔའོ།། དེ་དག་རྩོད་པ་བྱེད་སྟངས་ལ་འཛིན་གྲྭ་ནང་ཁུལ་དུ་རྩོད་པ། གོང་འོག་གཏུགས་ཏེ་རྩོད་པ། རྒོལ་ཕྱི་རྒོལ་གྱིས་རྩོད་པ་སོགས་བརྒྱུད་ནས་བློ་སྐྱེད་ལེན་པའི་སློབ་གཉེར་གྱི་ཐབས་ཤེས་སྔོན་ལ་མེད་པ་གསར་གཏོད་གནང་། རྩོད་པའི་རྣམ་པ་ལ་ཡང་ཐལ་སྐད་གཏོང་པ། གཟན་སྐེད་པར་དཀྲི་བ། ཁྱབ་མཐའ་འགོད་པ་དང་། རྟགས་གསལ་ཁྱབ་གསུམ་ལ་མགོ་འཁོར་ན་འཁོར་གསུམ་བསྐོར་པ། ཁས་བླངས་དམ་བཅའ་ཤོར་ན་ཚ་རྒྱག་པ་སོགས་རིག་པའི་འབྱུང་ཁུངས་རྒྱ་གར་སོགས་འཛམ་བུའི་གླིང་ཁྱོན་ཀུན་ན་བཙལ་དུ་མེད་པའི་ཉམས་འགྱུར་ངོ་མཚར་གསར་གཏོད་མཛད། ཡང་སྐབས་དེ་དུས་ཉིད་ན་གསང་ཕུའི་མཚན་སྙན་དགུང་དུ་འབར་པ་ལ་བརྟེན་ཕྱོགས་སོ་སོའི་སློབ་གཉེར་པ་རྣམས་སྤྲིན་ལྟར་འདུས། དེའི་ནང་བཙུན་མ་མང་པོ་ཡང་ཕེབས་ཏེ་ཚད་མ་ལ་སྦྱངས། སྤྱིར་བུད་མེད་ཀྱི་རིག་པ་རྣོ་ཞིང་སྐྱེན་པའི་ཁར་ཚད་མའི་རིགས་ལམ་གྱི་སྣོན་པ་བྱས་པས་རྩོད་པ་ལ་བྱང་པའི་བཙུན་མ་མང་པོ་བྱུང་།
              དེ་ནས་རིམ་བཞིན་བཙུན་པ་དང་བཙུན་མ་གཉིས་འཆད་མཉན་དང་རྩོད་པའི་སྐབས་རྣམས་སུ་འདྲེས་པར་གྱུར་ཏེ་འདུལ་ཁྲིམས་ལ་རེ་ཞིག་མི་མཐུན་པ་བྱུང་། དེ་ལ་ཕན་ཚུན་རྩོད་པ་བྱས་ཏེ་ཕམ་པ་དེ་ཡུལ་གཞན་དུ་འགྲོ་དགོས་པར་ཐག་བཅད་པ་ལྟར་བརྩད་ཀྱང་བཙུན་མ་རྣམས་རེ་ཞིག་ཕམ་མ་ནུས་པར་དེ་ནས་ཕྱཱ་པ་ཆོས་ཀྱི་སེང་གེ་མཆོག་གིས་ཕྱཱ་པའི་ལུགས་ཀྱི་རྫས་ལྡོག་ཅེས་པ་གསར་དུ་བརྩམས། བསྡུས་གཞུང་ཕྱོགས་བསྒྲིགས་ཞེས་པ་ལས།རང་ཉིད་ལྡོག་ཆོས་དང་རང་མ་ཡིན་པའི་ལྡོག་ཆོས་ཀྱི་ཁྱོད་བཞག་ལ་བརྟེན་ནས་ལྡོག་ཆོས་ཕུང་གསུམ་ཙམ་པོ་བའི་ཐ་སྙད་གསར་དུ་བྱས། རིགས་པའི་འཕྲུལ་གང་ཆེ་འགྲན་དུ་བཅུག་ནས་རྫས་མཐུན་སོགས་ཀྱི་ཐ་སྙད་སྦྱོར་དགོས་བྱུང་ཡང་རེ་ཞིག་བཙུན་མ་རྣམས་ཕམ་མ་ནུས། སྐབས་ཤིག་རབ་བྱུང་རྣམས་ལ་བུམ་པའི་སྤྱི་དང་ཁྱོད་ཁྱོད་རང་མ་ཡིན་པ་གང་རུང་སོགས་ཀྱི་རིགས་པའི་འཕྲུལ་ཆེ་བ་ལྐོག་ཏུ་བསླབས་པས། བཙུན་མ་རྣམས་ཀྱི་མགོ་ཡང་འཐོམས་ཏེ་ཡུལ་ནས་བཏོན་ཐུབ་པར་དགེ་བཤེས་རྒན་པ་རྣམས་ཀྱི་གསུང་རྒྱུན་ལས་བྱུང་ཞིང་། འཇམ་མགོན་ཁྲི་ཆེན་ངག་དབང་བཀྲ་ཤིས་པས་ཀྱང་། “གཞི་གཅིག་གི་སྟེང་ནས་ཡིན་པའི་སྒྲུབ་བྱེད་ཅན་དང་། མིན་པའི་སྒྲུབ་བྱེད་ཅན་གྱི་བརྩི་བཞག་འཛིན་གྲྭ་སོ་སོར་གནང་པས། འཛིན་གྲྭ་གཏུགས་ནས་རྩོད་སྐབས་ངེད་ཀྱི་བརྩི་བཞག་དང་ཁྱོད་ཀྱི་བརྩི་བཞག་ཅེས་ཕྱོགས་ཆེན་བྱེད་རྒྱུ་ཡོད་པར་གྲྭ་བ་རྒན་པ་རྣམས་ལས་དངོས་སུ་ཐོས་ཞེས་བླ་མའི་ཞལ་ནས་གསུངས་སོ་”②ཞེས་གསལ་པ་ནང་བཞིན་ཁོང་གིས་རིགས་པའི་གསང་ཚིག་བཙུན་མ་ཕུད་སྤྱད་དུ་གྲགས་པ་དེ་ཉིད་གསར་གཏོད་གནང་སོང་། སྔོན་བྱུང་འདི་ལས་དུས་རབས་བཅུ་གཉིས་པའི་ནང་དུ་བོད་ལ་ཚད་མ་རིག་པ་ཇི་འདྲ་ཞིག་དར་རྒྱས་བྱུང་པ་བདེན་དཔང་ཐུབ་ཅིང་། ཁྱད་པར་དུ་དུས་སྐབས་དེའི་ཚེ་ན་བུ་བུ་མོ་འདྲ་མཉམ་གྱིས་རིག་པའི་གནས་ཀྱི་རྩེ་དགའ་ལ་རོལ་ཅིང་མྱོང་པ་ཤེས་ཐུབ་ན་དེ་ནི་འུ་ཅག་གི་སྔོན་དང་ད་ལྟ་གང་གི་ལོ་རྒྱུས་སུ་བྱུང་མ་མྱོང་པའི་བུད་མེད་དག་གི་དབུ་འཕང་དགུང་ལ་བཏེགས་ཡོད་པའི་ངོ་མཚར་པའི་རྣམ་ཐར་ཡིན། ཕངས་པ་ཞིག་ལ་དེ་ལྟའི་གནས་བབ་ཅན་གྱི་བཙུན་མ་རིགས་པའི་དབང་ཕྱུག་ཚོས་ཚད་མའི་རིག་གཞུང་གི་བརྩམས་ཆོས་ཡི་གེ་ན་གཅིག་ཙམ་ཡང་མཇལ་དུ་མེད་པ་དང་དེ་མཚུངས་སུ་བོད་ཀྱི་མཁས་པ་དག་གིས་ཀྱང་མཐོང་གཟོས་མ་གནང་པར་དེ་འབྲེལ་གྱི་ཡིག་འཇོག་ཞིབ་འཇུག་ཉིན་སྐར་གྱི་སྤུན་དུ་གྱུར་འདུག་གོ། དེ་ནས་ནགས་ལ་མེ་མཆེད་པ་བཞིན་དུ་དུས་ཡུན་ཐུང་ངུའི་ནང་རིམ་པར་ཚལ་གུང་ཐང་། བདེ་བ་ཅན། སྟག་ཚང་ར་བ་སྟོད། སྣར་ཐང་། ས་སྐྱ། ངམ་རིང་། པོ་དོང་ཨེ། ཞ་ལུ། ཁྲོ་ཕུ། གནས་རྙིང་། སྐྱོར་མོ་ལུང་། དགའ་བ་གདོང་། སྟོད་ལུང་མཚོ་སྨད། ཟུལ་ཕུ། བཟང་རི། རྩེད་ཐང་།བསམ་ཡས་སོགས་ཚད་མ་རིག་པའི་རྩོད་པ་ཚུགས་པའི་བཤད་གྲྭ་བཅུ་ཕྲག་གཉིས་ལྷག་བྱུང་། དེ་ཉིད་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་རིམ་བཞིན་དུས་སྐབས་གསར་པའི་ནང་འདིར་ཡང་ངེད་ཅག་བོད་ཀྱི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་གྲུབ་མཐའ་ཁག་གི་ཚད་མ་རིག་པའི་སློབ་གཉེར་པ་སྐར་ཚོགས་ལྟར་བྱུང་པའི་དབང་གིས་རིགས་པའི་དབང་ཕྱུག་ཏུ་གྱུར་པའི་མཁས་པའང་དེ་མཚུངས་སུ་བྱོན།
              དེ་ནས་རིམ་བཞིན་དར་ཏེ་དུས་རབས་གསར་པའི་དེང་གི་བར་དུ་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ། བཀྲ་ཤིས་ལྷུན་པོ། མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ། སྐུ་འབུམ། རོང་པོ། བྱ་ཁྱུང་། སྡི་ཚ། སྟག་ཚང་ལྷ་མོ། ཀིརྟི།ཨ་མཆོག་སྒར། སྒོ་མང་། རྭ་རྒྱ། ཀླུ་ཚང་སོགས་དགེ་ལུགས་པའི་ཆོས་སྡེ། གསེར་རྟ་བླ་རུང་། ཁམས་ཀྱི་དཔལ་ཡུལ་དགོན། རྫོགས་ཆེན། ཞེ་ཆེན། ཀླུ་མདོ་ཆོས་སྒར། རྩ་ར་ཆོས་གྲགས་སྒར། ཨ་རིག་ཆོས་གྲྭ། དཔལ་ཡུལ་དར་ཐང་སོགས་རྙིང་མའི་ཆོས་སྡེ། འཛམ་ཐང་གི་གཙང་། ཆོས་རྗེ།རྔ་པ་བསེ་དགོན་པ་སོགས་ཇོ་ནང་པའི་ཆོས་སྡེ། དབུས་གཙང་གི་འབྲས་ཡུལ་སྐྱེད་ཚལ། འཕན་པོའི་ནཱ་ལེན་དྲ།གཙང་གི་གསེར་མདོག་ཅན། ཐུབ་བསྟན་རྣམ་རྒྱལ་གླིང་།དྭགས་པོའི་གྲྭ་ཚང་། མདོ་སྨད་ཨ་ལི་ཆོས་རྗེ། པད་ཡུལ་དགོན། རྔ་པ་དྷི་ཕུ་དགོན། ཟུང་ཆུ་རི་བ་དགོན་སོགས་ས་སྐྱ་པའི་ཆོས་སྡེ། ཕྱག་ཆེན་གླིང་། དཔལ་སྤུངས་བཤད་གྲྭ།འཇོ་ཕུ། པད་སྙིང་། རི་མགུལ། ཚ་ཚ་དགོན། བན་རྒན་དགོན་སོགས་བཀའ་བརྒྱུད་ཀྱི་ཆོས་སྡེ། ཁྱུང་བོ་རྩེ་དྲུག སྣང་ཞིག རྟོགས་ལྡན། དགའ་མལ་སོགས་བོན་གྱི་བཤད་གྲྭ་སོགས་མཐའ་ཡས་པ་བྱུང་ཞིང་། དེ་ཐམས་ཅད་ཀྱི་ཚད་མའི་རྩོད་སྟངས་དང་བསླབ་དེབ། འཆད་མཉན་གྱི་ཕྱག་སྲོལ་རྣམས་ཀྱང་སྤྱིའི་ཆ་ནས་སྔོན་གྱི་གསང་ཕུ་ནས་བརྒྱུད་པའི་ལུགས་བཞིན་ཡིན་ལ། 《བསེ་བསྡུས།》 《རྭ་བསྡུས།》《འབའ་བསྡུས།》 《མཁན་བསྡུས།》 《ཡོངས་འཛིན་བསྡུས་གྲྭ་》སོགས་དང་། 《བོན་བསྡུས་གཤེན་བསྟན་པད་ཚལ་རྒྱས་པའི་ཉིན་བྱེད་》སོགས་ཕྱི་རབས་ཀྱི་བསྡུས་གྲྭའི་གཞུང་ཕལ་མོ་ཆེ་དག་ཕྱཱ་པའི་ཚད་བསྡུས་ཡིད་ཀྱི་མུན་སེལ་གྱི་བཤད་སྲོལ་གཞིར་བྱས་ཤིང་། སྐབས་དེར་གསར་དུ་བཙུགས་པའི་དགག་བཞག་སྤང་གསུམ་གྱི་ཐལ་ཕྲེང་གང་ཉིད་ཡི་གེར་ཕབ་པ་གཞུང་ཤིང་དུ་བྱས། ཡུལ་དུས་ཀྱི་དགོས་མཁོ་དང་ལོ་དུ་མའི་ཡུན་བརྒལ་བརྟག་རྩོད་པའི་གཡུལ་ས་ནས་རྙེད་པའི་རིགས་པ་གསར་པ་དག་གིས་ཟུར་བརྒྱན་ཏེ་བརྩམས་པ་གསལ་པས་ན་གཞུང་ཕྱི་མོ་དེ་ལ་ཡོངས་གྲགས་སུ། 《ཚད་བསྡུས་གངས་ཅན་ཡིད་ཀྱི་མུན་སེལ་》ཞེས་སུ་གྲགས་པའང་དོན་ལ་གནས་པའི་མཚན་སྙན་ཡིན་པར་སེམས་སོ།།
              གཉིས། དེང་གི་སློབ་གྲྭ་ཆེ་འབྲིང་གི་ཚད་མའི་འཆད་རྩོད་སྐོར་བཤད་པ། དེ་ལྟར་ཁ་བའི་ཞིང་དུ་དུས་རབས་གསར་པའི་ཡང་དར་བསྟན་པའི་དབུ་བརྙེས་པ་ནས་ས་དགེ་བཀའ་རྙིང་ཇོ་ནང་བོན་པོ་སོགས་ཀྱི་ཆོས་བརྒྱུད་རྣམས་སླར་གསོ་བྱུང་པ་དང་ལྷན་དུ་བོད་བརྒྱུད་ཚད་མ་རིག་པའི་འཆད་མཉན་ཡང་དར་ཞིང་རྒྱས་པར་གྱུར་པ་ལྟར་རིམ་བཞིན་རིག་གནས་དེ་ཉིད་འཛམ་གླིང་ཅན་དང་དམངས་ཁྲོད་ཅན་དུ་མཆེད་དེ་དེང་གི་དུས་འདིར་བོད་རིག་པ་གང་ཉིད་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་དོ་སྣང་བྱ་ཡུལ་དང་ཞིབ་འཇུག་དཔྱད་གཞི་རུ་གྱུར་འདུག་པ་ངེད་ཅག་གི་མཐོང་ཐོས་བཞིན་རེད། དོན་གྱི་དབང་དེར་བརྟེན་རྒྱུན་འཛིན་དང་དར་སྤེལ་ལ་དམིགས་ནས་ཀྲུང་དབྱང་མི་རིགས་སློབ་ཆེན། བོད་ལྗོངས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་ཆེན། ཁམས་པ་དགེ་ཐོན་སློབ་ཆེན། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། སྡེ་དགེ་རྫོགས་ཆེན་གསོ་རིག་སློབ་གྲྭ། ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། གངས་ལྗོངས་ཤེས་རིག་སློབ་གླིང་། མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་སོགས་སློབ་གྲྭ་ཆེ་འབྲིང་ཁག་ཏུ་ཚད་མ་རིག་པ་འདི་ཉིད་ཀྱི་འཆད་མཉན་སློབ་ཁྲིད་ཀྱི་འཆར་གཞིའི་ནང་བཙུད་དེ་དཔེ་ཁྲིད་དང་བགྲོ་གླེང་བྱ་སྲོལ་ཚུགས་ཡོད། ནང་སྒོས་སུ་ཚད་མའི་རིགས་ལམ་གང་ཉིད་བློ་ལ་གསལ་འཆར་དང་སྨྲ་ལྕེར་བྱང་ཆ་དགོས་ན་རྒོལ་ཕྱི་རྒོལ་བྱས་ནས་རྩོད་པ་མ་བྱས་པར་འཆད་མཉན་བགྲོ་གླེང་ཙམ་གྱིས་རྙེད་ཐབས་མེད་པར་གཟིགས་ནས་མཚོ་སྔོན་མི་རིགས་སློབ་ཆེན། སི་ཁྲོན་བོད་ཡིག་སློབ་གྲྭ། གངས་ལྗོངས་ཤེས་རིག་སློབ་གླིང་། མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་དག་ན་འཆད་མཉན་གྱི་ཟུར་ནས་ཆེད་དུ་རྩོད་པ་བྱ་བའི་དུས་ཚོད་བཀོད་སྒྲིག་གིས་ཟླ་བོ་ཉིས་ཆའི་རྩོད་པ་དང་། འཛིན་གྲྭ་ཡར་གཏུགས་མར་གཏུགས། སྐབས་བབ་ཀྱི་དམ་བཅའ་འཇོག་པ་སོགས་བརྒལ་བརྟག་རྩོད་པའི་ཆོ་ག་རྫོགས་པར་བཙུགས། ཕྲན་ཆུང་ཁོ་བོས་ཀྱང་རང་གི་སློབ་གྲྭར་ལོ་ངོ་དུ་མའི་ཚད་མའི་དཔེ་ཁྲིད་ཀྱི་ཚེ་ན་ཐུན་གོང་མ་ལ་གཟབ་ཁྲིད། ཐུན་རྗེས་མ་ལ་རྩོད་པའི་གོ་གླགས་སྤྲད་དེ་རྟགས་གསལ་གཏོང་ཚུལ་དང་ལན་གདབ་ཚུལ། མུ་བཞི་བརྩི་བ། བསྡུས་གྲྭའི་རྩ་ཚིག་བློ་སྐྱོར་སོགས་གང་འགབ་བྱ་བཞིན་པ་ཡིན། དེ་ལྟར་ལོ་ངོ་འགའ་ཞིག་གི་རིང་ཙམ་འདིར་སློབ་མའི་བློ་སྒོ་ཕྱེ་བ། སྤོབས་པའི་གཟེངས་བསྐྱེད་པ། སྨྲ་བའི་ལྕེ་རྩལ་བྱང་པ། རིག་པའི་འཆར་སྒོ་མྱུར་པ། ལྟ་བ་ཚུགས་ཐུབ་འཛིན་པ་བཅས་ཀྱི་དགེ་མཚན་གྲུབ་འབྲས་མངོན་གསལ་དུ་མཐོང་པ་ལ་ད་ལྟའི་དཔྱོད་ལྡན་གཟུར་གནས་སུས་ཀྱང་ཡིད་ཆེས་དང་བཅས་རྐན་སྒྲ་གཏོང་བཞིན་ཡོད།
              དེ་ལྟར་རིག་གནས་འདི་ཉིད་ཆོས་སྡེའི་ལྕགས་རི་ལས་བརྒལ་ཏེ་དམངས་ཁྲོད་ཅན་དང་སློབ་གྲྭ་ཅན་དུ་གྱུར་པ་འདིས་ཚད་མའི་རྒྱུན་བཟང་བསྐྱངས་ཐུབ་བྱུང་པ་མ་ཟད་དེ་ཉིད་ཀྱི་འཕེལ་རྒྱས་ཤིག་དོན་གྱིས་མཚོན་ལ། ད་དུང་སྐྱ་སེར་རིས་མེད་ཀྱི་བུ་དང་བུ་མོ་ཡོད་ཚད་ཀྱིས་ཁྱད་མེད་དུ་རྩོད་པ་དང་དམ་བཅའ་འཇོག་པ་སོགས་མྱོང་རོལ་བྱུང་པ་འདི་ཡིས་རབ་བྱུང་མ་ཡིན་པའི་བུད་མེད་ལ་བགོ་སྐལ་བྲལ་པའི་གནའ་བོའི་སྲོལ་རྒྱུན་གྱི་ལྕགས་སྒྲོག་དེ་དུམ་བུར་བཅད་ཅིང་རིགས་པའི་ནོར་མཆོག་གི་ཁྱིམ་གཞིས་དེ་ཉིད་བདག་གིར་བྱས་པ་ནི་དུས་རབས་གསར་པའི་ཚད་མའི་འཕེལ་རྒྱས་ཀྱི་གདེང་ཀ་མཐོན་པོའི་ཐུན་མིན་གྱི་ཁྱད་ཆོས་ཁོ་ན་མཚོན་པ་ཡིན་པར་བསྙོན་དུ་མེད་དོ།། དེས་བོད་མིའི་བསམ་བློའི་ལོ་རྒྱུས་སུ་མདའ་འཕང་མཉམ་པོར་སྤྱོད་པའི་སྲོལ་ཀ་གནའ་ནས་དར་ཡོད་པ་ཤེས་པས་དེང་གི་ཕོ་མཆོག་མོ་དམན་གྱི་སྒྲོ་སྐུར་ལྟ་བའི་སྤྲིན་ནག་ཀྱང་སངས་པར་མི་འགྱུར་རམ།
གཉིས་པ། དེང་གི་བོད་ཀྱི་ཚད་མའི་ཞིབ་འཇུག་དང་འཕེལ་རྒྱས་ཀྱི་གནས་བབ། 
              དེ་ལྟར་དེང་གི་དུས་འདིར་ཚད་མའི་འཆད་མཉན་དང་རྩོད་པའི་བརྒལ་བརྟག་དགོན་པ་ནས་སློབ་གྲྭར་རིམ་པར་ཚུགས་ཤིང་དར་པ་ལ་བརྟེན་ནས་རིམ་གྱིས་ཚུལ་འདི་ལ་འདུན་མོས་བླ་ལྷག་གིས་བརྟས་པའི་རིགས་པ་སྨྲ་བ་དང་ཆེད་ལས་ཞིབ་འཇུག་པ་མང་དུ་བྱུང་། གཞུང་འདི་ལས་བརྩམས་པའི་ཞིབ་འཇུག་དཔྱད་རྩོམ་དང་གཞུང་ལུགས་བརྩམས་ཆོས་ཀྱང་བགྲང་གིས་མི་ལང་ངོ་།། དེ་དག་ལས་སྐོར་ཞིག་ནི་དུས་རབས་ཀྱི་འཕེལ་འགྲོས་ལ་མཐུན་ཞིང་དངོས་ཡོད་ཀྱི་འཚོ་བ་ལ་ཕན་པ་བསྐྲུན་པའི་དགེ་མཚན་གྱིས་ཕྱུག་པ་ཡིན་པར་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱུང་འདུག་པ་དཔེར་མཚོན་ཙམ་གྱིས་བཤད་ན།
              གཅིག གྲུབ་མཐའི་ཆ་ནས་ཞིབ་འཇུག་པ་ཤེས་རབ་བསྟན་དར་གྱིས་བརྩམས་པའི་《དགེ་ལུགས་པའི་ཚད་མའི་བྱུང་འཕེལ་དང་ཁྱད་ཆོས་མདོ་ཙམ་གླེང་པ་》③ཞེས་པའི་དཔྱད་རྩོམ་ནི་སྤྱིར་བོད་འདིར་ཚད་མའི་གཞུང་གི་འཆད་མཉན་ས་རྙིང་བཀའ་བརྒྱུད་ཇོ་ནང་བོན་པོ་རྣམས་ཐམས་ཅད་ལ་དར་ཡོད་ནའང་དེའི་ནང་གི་དགེ་ལུགས་པའི་དགོན་སྡེ་ཁག་ལ་ཚད་མའི་གཞུང་དར་པ་ནི་སྔར་ཡོད་བོད་ཀྱི་བཀའ་གདམས་པ། ས་སྐྱ་པའི་ཚད་མའི་འཆད་མཉན་གྱི་རྨང་གཞི་ལས་བྱུང་པ་དང་། ནང་སྒོས་སུ་ཆོས་བརྒྱུད་འདིའི་འཆད་མཉན་གྱི་རྔམ་ཁ་ནི་དུས་ཡུན་རིང་ཞིང་རྒྱ་ཁྱོན་ཆེ་བའི་དུས་རིམ་གསར་པ་ཞིག་ཏུ་སླེབས་པར་བཤད། དེ་ལྟ་ན་ཡང་རྗེ་ཙོང་ཁ་པའི་དུས་ཐོག་ཉིད་ན་ཕྱི་ཚུལ་ནས་ཚད་མ་རིག་པ་འདི་ཤིན་ཏུ་དར་པར་འདོད་ན་ཡང་དོན་དངོས་ཀྱི་ཐོག་ནས་ནུབ་པར་མཁས་གྲུབ་ཆོས་རྗེ་ཡིས། “ཁྱད་པར་དབུ་ཚད་ཀྱི་རིགས་པའི་ལམ་ཐམས་ཅད་ལེགས་པར་ནུབ་ནས་མིང་ཙམ་ཡང་མ་མཆིས་པར་གྱུར་པ་ན་རང་སྟོབས་ཀྱིས་དབུ་ཚད་ཀྱི་རིགས་པའི་ལམ་སྲོལ་ཕྱེ་ནས་བྱང་ཕྱོགས་ཀྱི་མཁས་པ་ཀུན་གྱི་མགོ་བོ་ལ་བཀའི་ཕྲེང་པ་ངལ་བསོ་བགྱིད་པའི་ཤིང་རྟ་ཆེན་པོར་གྱུར།”④ ཅེས་རྗེ་རིན་པོ་ཆེས་དབུ་ཚད་ཀྱི་རིགས་པའི་སྒོ་དང་པོར་རྙེད་ས་སྟེ། རྗེ་བཙུན་དམ་པ་རེད་མདའ་པ་ལ་ཆེད་དུ་བསྔགས་པ་འདིས་རྗེ་ཙོང་ཁ་པའི་ཚད་མའི་རིགས་ལམ་དེ་ཉིད་གཞན་དང་མི་མཚུངས་པ་མ་ཟད་སྔོན་གྱི་དུས་དེ་ལ་མ་མཆིས་པའི་གསར་གཏོད་ཀྱི་ཁྱད་ཆོས་ལྡན་པ་གསལ་བཤད་གནང་པ་ནི་དཔྱད་རྩོམ་གྱི་སྙིང་པོར་གོ དོན་གྱི་དབང་དེར་དགོངས་ནས་ཀུན་མཁྱེན་གོ་རམས་པ་བསོད་ནམས་སེང་གེས། “རིགས་པའི་གཙུག་རྒྱན་གཉིས་ཀྱི་གཞུང་ལུགས་ལ།། སྡེ་བདུན་གོང་འོག་བསྡེབས་ནས་འཆད་པ་དང་།། རྒྱ་འགྲེལ་ལེགས་ཆ་བཏུས་ནས་འཆད་པ་དང་།། རང་གི་རྣམ་རྟོག་ཉིད་ཀྱིས་འཆད་པ་སྟེ།། གངས་རིའི་ཁྲོད་འདིར་འཆད་ཚུལ་རྣམ་གསུམ་ལས།། སྐྱེ་བ་དུ་མར་རིགས་ལམ་གོམས་བྱས་ནས།། སྐྱོན་མེད་བརྒྱུད་པའི་ཆན་ངག་དང་ལྡན་ཞིང་།། འཇམ་དབྱངས་ཐུགས་ཀྱི་མཁྱེན་པ་མངའ་བ་ཡི།། ས་སྐྱ་པ་ནི་འཆད་ཚུལ་དང་པོར་བཞེད།།”⑤ ཅེས་གསུངས་པ་ལྟར་ས་སྐྱ་པ་དག་གིས་《ཚད་མ་ཀུན་བཏུས་》དང་《སྡེ་བདུན་རྩ་བ།》 《ལེའུ་དང་པོའི་རང་འགྲེལ་》རྣམས་ཀྱི་བརྗོད་བྱ་གོང་འོག་སྣ་ཚོགས་འཐོར་ཏེ་ཡོད་པ་རྣམས་རིགས་མཐུན་ཕྱོགས་གཅིག་ཏུ་བསྡེབས་ནས་འཆད་པ། བོད་ཀྱི་མཁས་པ་གཞན་ཕལ་མོ་ཆེས་ལྷ་ཤག་རྒྱན་མཆོག་རྣམས་ཀྱི་འགྲེལ་པའི་ལེགས་ཆ་བཏུས་ནས་འཆད་པ། རྒྱལ་ཚབ་དང་མཁས་གྲུབ་གཉིས་གཙོས་དགེ་ལུགས་པ་རྣམས་ཀྱིས་རང་གི་རིགས་པའི་སྒོ་ནས་འཆད་པ་སྣ་གསུམ་དུ་ཡོད་པར་བཤད་པ་ལས་ཀུན་མཁྱེན་གོ་རམས་པ་རང་གིས་ས་སྐྱ་པའི་འཆད་སྲོལ་ལ་ཐུན་མིན་དུ་བསྔགས་པ་མཛད་དེ་དགེ་ལུགས་པའི་བཤད་སྲོལ་ལ་འཕྲལ་མར་མཉན་ཚེ་བསྟིང་ཚིག་གནང་པ་ཡིན་སྙམ་པའི་སྣང་པ་འཆར་འགྲོ་ཡང་། གཟུ་བོའི་བློས་ཞིབ་འཇུག་རྣལ་མ་བྱས་ན་དགེ་ལུགས་པའི་བཤད་སྲོལ་ལ་ད་གཟོད་དུས་རབས་ཀྱི་རྒྱལ་ཁ་གནང་སོང་པར་འདུག དེ་ནི་དེང་གི་ཚད་མའི་གཞུང་གི་མངའ་ཐང་དང་རིགས་པའི་ལམ་གྱི་གསར་གཏོད་ཡིན་པ་ཉིད་ཀྱིས་བདེན་དཔང་བྱ་བཏུབ་བོ།།ཡང་ཞིབ་འཇུག་པ་འཇམ་དབྱངས་ཕུན་ཚོགས་ཀྱིས་བརྩམས་པའི་《ཇོ་ནང་གི་ཚད་མ་རིག་པའི་བྱུང་པ་དང་དེང་སྐབས་ཀྱི་སློབ་གཉེར་གནས་བབ་སྐོར་རགས་ཙམ་གླེང་པ་》ཞེས་པ་ལས་ཇོ་ནང་པའི་ཐུན་མོང་མ་ཡིན་པའི་ཚད་མའི་བརྒྱུད་པ་དང་བཞེད་དགོངས་སྐོར་བཤད་ནས་དུས་རབས་གསར་པའི་ནང་འཛམ་ཐང་དགོན་སོགས་ལ་ཚད་མ་རིག་པའི་འཆད་མཉན་སླར་གསོ་དང་རྩོད་པའི་སྒྲིག་གཞི་སོགས་འཕེལ་རྒྱས་བྱུང་ཚུལ་རྒྱས་གསལ་དུ་འཁོད་ཡོད་དོ།།
              གཉིས། ཡིག་རྙིང་གི་ཆ་ནས་ཆེད་མཁས་པ་དགེ་རྒན་བློ་བཟང་ཆོས་གྲགས་ཀྱིས་《ཙ་ར་ཀའི་སྨན་གཞུང་ལས་བྱུང་པའི་གཏན་ཚིགས་རིག་པའི་དགོངས་དོན་ལ་དཔྱད་པ་རགས་ཙམ་》⑥ཞེས་པ་དང་། 《ཐབས་ལ་མཁས་པའི་སེམས་བསྟན་པ་ཞེས་བྱ་བའི་བསྟན་བཅོས་ལ་དཔྱད་པ་རགས་ཙམ་》⑦ཞེས་པ་གཉིས་ནི་གནའ་བོའི་ཚད་མ་དང་འབྲེལ་པའི་བརྗོད་དོན་ངོ་སྤྲོད་ཕྲ་ཞིབ་མཛད་པའི་རིན་ཐང་ཆེ་བའི་སྔོན་མེད་ཀྱི་དཔྱད་རྩོམ་ཡིན་ལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་པར་དུ་བསྐྲུན་པའི་ཉི་ཧོང་བོད་རིག་པའི་ཆེད་མཁས་པ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་མཛད་པའི་《རྒྱ་གར་གྱི་ཚད་མ་རིག་པའི་ལྟ་གྲུབ་འཕེལ་རིམ་དང་ཚད་མ་རིག་པའི་ལོ་རྒྱུས་དར་ཊིཀ་མཛེས་རྒྱན་》⑧ནི་རྩོམ་པ་པོས་ངལ་པ་སྟོང་ཕྲག་གདོང་གིས་བསུས་ཏེ་བོད་ཀྱི་རིག་གནས་ལོ་རྒྱུས་ཁྲོད་ན་ཚད་མ་རིག་པའི་ལོ་རྒྱུས་རང་རྐང་དུ་བརྩམས་པ་སྟོང་ཆར་གྱུར་པ་ཁ་བསྐངས་ཤིང་བོད་རང་གི་ཆོས་འབྱུང་ཁག་ལ་ཞིབ་འཇུག་གནད་སྨིན་གཞི་བྱས། ཕྱི་གླིང་གི་ཚད་མ་རིག་པའི་ལོ་རྒྱུས་ཁག་ལ་གཤིབ་བསྡུར་མཛད་ཅིང་གུང་བསྒྲིགས་ཏེ་བརྩམས་ཡོད་པ་ཡིན་པས་འདི་ཉིད་རིག་གཞུང་འདིའི་དུས་རབས་ཀྱི་འཕེལ་རྒྱས་མཚོན་བྱེད་ཅིག་དང་འོ་སྐོལ་བོད་རིག་པའི་གདེང་ཀ་ན་འོད་འཚེར་པའི་ཕྱག་རྗེས་ཤིག་ཏུ་དཔྱོད་ལྡན་རྣམས་ཀྱིས་བརྩི་བར་འོས་པ་ལས་གཞན་པའི་བརྙས་དམོད་མི་རིགས་སོ།།
              ཡང་ཞིབ་འཇུག་པ་དབང་གྲགས་རྡོ་རྗེས་བརྩམས་པའི་དཔྱད་རྩོམ་《ཚད་མ་ཡིད་ཀྱི་མུན་སེལ་ཞེས་པའི་བརྩམས་ཆོས་ཀྱི་ཐུན་མིན་ཁྱད་ཆོས་དང་ཤུགས་རྐྱེན་སྐོར་གླེང་པ་》⑨ཞེས་པ་ལྟ་བུར་མཚོན་ན། སྔོན་མ་སུས་ཀྱང་སློབ་དཔོན་ཕྱཱ་པའི་གཞུང་འདི་ལ་དངོས་སུ་ཞིབ་འཇུག་བྱས་མེད་ཅིང་འདིར་རྩོམ་པ་པོས་གཞུང་རྙིང་གང་གི་ས་བཅད་འགོད་སྟངས་དང་། གཞུང་དོན་གྱི་ཐུན་མིན་ཁྱད་ཆོས་ཏེ་བོད་རང་ལ་སྔ་ན་མེད་པའི་དབུ་ཚད་ཕར་མངོན་གྱི་གནད་བསྡུས་ཏེ་བརྩམས་ཚུལ་ཕྱོགས་བསྡོམས་བྱས།དེར་བརྟེན་བོད་ཀྱི་ཚད་མའི་དར་འཕེལ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཚུལ་བཤད་ཡོད། ཡིན་ནའང་《ཚད་བསྡུས་མུན་སེལ་》དེ་དང་《ཚད་མའི་སྤྱི་དོན་》གཉིས་ཀྱི་ཧེ་བག་ལ་ད་དུང་དཔྱད་པར་བྱས་ན་དུས་རབས་སྔ་ཕྱི་དག་གི་ཚད་གཞུང་འཕེལ་རྒྱས་དང་འགྱུར་ལྡོག་ལྷང་ངེར་གསལ་ལོ་སྙམ་པ་ཤར།
              ཡང་ཞིབ་འཇུག་པ་འབྲོང་བུ་ཚེ་རིང་རྡོ་རྗེས་མཚམས་སྦྱོར་ཞུས་པའི་དཔྱད་རྩོམ་《ཚད་མའི་སྤྱི་སྐད་ཅུང་ཟད་བསྡུས་པ་བཞུགས་པ་ལགས་སོ་དབོང་ཧེ་》⑩ཞེས་པ་ནི་དུས་རབས་བཅུ་པའི་དུས་མཇུག་ཙམ་ལ་སྐུ་འཁྲུངས་པའི་ལོ་ཙཱ་པ་གཉགས་ཡོན་ཏན་བཟང་པོས་བརྩམས་པའི་ཚད་མ་རིག་པའི་གཞུང་རྙིང་ཞིག་ཡིན་ལ། འདིའི་བརྗོད་དོན་ལ་ཞིབ་འཇུག་བྱས་ན་ད་ལྟའི་ཆར་ངེད་ཅག་གི་བོད་དར་ཚད་མ་རིག་པའི་ཁུངས་བཅོལ་ས་རྔོག་ལོ་དང་པ་ཚབ་ལ་ཐུག་ཡོད་པ་དང་། བསྡུས་གྲྭའི་སྲོལ་འབྱེད་པ་ཕྱཱ་པ་ཆོས་སེང་ཡིན་པར་གྲགས་པ་ལ། གཉགས་ལོ་འདི་ཉིད་དུས་ཀྱི་ཆ་ནས་དེ་དག་གི་སྔོན་ལ་བྱོན་པ་དང་། 《ཚད་མའི་སྤྱི་སྐད་》ཅེས་པའི་གཞུང་འདིར་དེང་གི་བསྡུས་གྲྭའི་སྲོལ་ལུགས་ཀྱི་སྤྱི་འགྲོས་མང་པོ་གསལ་བར་བརྟེན་སྐབས་དེ་ཉིད་ནས་བཟུང་བོད་ལ་བསྡུས་གྲྭའི་རིགས་ལམ་བྱུང་ཡོད་པར་དཔོགས་པའི་ལྟ་ཚུལ་གཏན་ཚིགས་ལྡན་པ་བཏོན་སོང་པ་ནི་དུས་རབས་གསར་པའི་ཞིབ་འཇུག་གི་དཔྱད་འབྲས་སུ་བགྲང་ཆོག་པའོ།།
              གསུམ། གཞུང་དོན་གྱི་ཆ་ནས་ཞིབ་འཇུག་པ་བསྟན་པ་ཚེ་རིང་གིས་བརྩམས་པའི་དཔྱད་རྩོམ་《རྟོགས་དཀའ་བ་གཞན་སེལ་གྱི་དབྱེ་བའི་སྐོར་ལ་ཅུང་ཟད་དཔྱད་པ་》⑾ཞེས་པ་ལྟ་བུར་མཚོན་ན་ཚད་མའི་ཕྱི་ཤུན་ཙམ་མམ་ལོ་རྒྱུས་ཀྱི་རྣམ་གྲངས་ཙམ་ལ་དཔྱད་པ་མིན་པར་རིག་གཞུང་འདིར་ཆེས་རྙོག་དྲ་ཆེ་ཞིང་བཤད་ཚུལ་མི་མཐུན་པ་དག་ལ་དབྱེ་ཞིབ་ཕྲ་མོ་བྱས་ཡོད་ཅིང་ཁྱད་པར་དུ་བོད་ཀྱི་ཚད་མའི་ཤིང་རྟ་ལྟ་བུར་གྱུར་པ་སྟེ་རྒྱལ་ཚབ་མཁས་གྲུབ་གཉིས་ཀྱི་གཞུང་ཐར་གསལ་དང་ཊིཀ་ཆེན་གྱི་བཞེད་ཚུལ་རི་མོར་ཕབ་སྟེ་གཤིབ་བསྡུར་གནད་སྨིན་བྱས། རང་ལུགས་ཐར་གསལ་བཞིན་རིགས་རྒྱན་ལས་གསུངས་པ་ཁས་བླང་བསྐྱངས་ན་ལེགས་པའི་ལྟ་ཚུལ་བཟུང་པ་ནི་དེང་གི་ཕྱོགས་རིས་མིག་ཅན་དང་རྐང་པ་ཉིས་འཛུགས་ཀྱི་གཏད་སོ་བྲལ་པའི་ཞིབ་འཇུག་པ་དག་ལས་ལྷག་པར་མཐོང་ངོ་།། ཡང་ཞིབ་འཇུག་པ་ནོར་བུ་རྒྱ་མཚོ་ལགས་ཀྱིས་བརྩམས་པའི་《བོད་ཀྱི་ཚད་མ་རིག་པའི་སྒྲ་རྟོག་ལས་དོན་རང་མཚན་དང་དེ་བརྗོད་བྱར་མི་འོས་ཚུལ་ལ་ཅུང་ཟད་དཔྱད་པ་》⑿ཞེས་པ་ལས་རྗོད་བྱེད་སྒྲའི་མཚན་ཉིད་རིག་པ་(philosophy of language语言哲学)བོད་ཀྱི་ཚད་མ་རིག་པའི་གཞུང་ལས་དཔྱད་བྱར་གྱུར་པའི་རང་མཚན་བརྗོད་བྱ་ཡིན་མིན་གྱི་གནད་དོན་ལ་བོད་ཀྱི་སྒྲ་ཚད་ལས་དངོས་ཀྱི་བརྗོད་བྱ་དང་རྗོད་བྱེད། ཞེན་པའི་བརྗོད་བྱ་དང་རྗོད་བྱེད། དངོས་ཀྱི་བརྗོད་བྱ་དོན་ལ་མེད་ཅིང་ཞེན་པའི་བརྗོད་བྱ་ལ་འཁྲུལ་ནས་གོ་བ་ལེན་ཚུལ་ཚད་ཐུབ་ཀྱི་ལྟ་བར་རྒྱབ་བརྟེན། ལུགས་གཞན་གྱི་རམ་བཏེགས་ཏེ་བཤད་པ་ནི་རིག་གནས་ཕན་ཚུན་གཅིག་གྲོགས་གཅིག་འགྲོ་ཡི་ལམ་ཁ་འཚོལ་པའི་དམིགས་བུ་ལྟ་བུར་གྱུར་སྣང་།
              བཞི། གཤིབ་བསྡུར་གྱི་ཆ་ནས་ཞིབ་འཇུག་པ་ལྷ་བརྟན་རྡོ་རྗེས་བརྩམས་པའི་《ས་སྐྱ་པཎ་ཆེན་དང་རྗེ་ཙོང་ཁ་པ་རྣམ་གཉིས་ཀྱི་ཚད་མའི་གོ་དོན་གྱི་དགོངས་པ་བསྡུར་ཏེ་ཅུང་ཙམ་དཔྱད་པ་》⒀ཞེས་པ་ལས་བོད་ཀྱི་མཁས་པའི་ཚབ་བྱེད་གཉིས་ཀྱི་ཚད་མའི་བཞེད་དགོངས་ཀྱི་ཁྱད་པར་གསལ་བོར་ངོ་སྤྲད་དེ་རྗེ་བླ་མས་ཚད་མ་སྡེ་བདུན་མདོ་དང་བཅས་པ་ནང་རིག་ཐུན་མོང་གི་གཞུང་དུ་བཞག་ནས་གཞུང་བཀའ་པོད་ལྔའི་འཆད་མཉན་གྱི་སྲོལ་བཙུགས་པ་ལ་རྒྱའི་ནང་རིག་མཁས་པ་ཆེན་པོ་ལོས་ཁྲིན་(吕澂)སོགས་འགའ་ཞིག་གིས་དེ་ཉིད་ཚད་མའི་གཞུང་ལ་བཀག་རྒྱ་བཟོས་པར་བཤད་པ་ལ་སུན་འབྱིན་བྱས་ཏེ་རང་གི་ལྟ་ཚུལ་མ་སྨིན་པ་བཀོད་འདུག་གོ། ཡང་ཞིབ་འཇུག་པ་སྙན་བཟང་པ་དགེ་འདུན་གྱིས་བརྩམས་པའི་《གནའ་བོའི་རྒྱ་གར་གྱི་མཚན་ཉིད་རིག་པ་དང་བོད་ཀྱི་མཚན་ཉིད་རིག་པའི་གཞུང་བསྡུར་ཏེ་ཚད་མའི་འཕེལ་འགྱུར་དང་གོ་དོན་ལ་གསར་དུ་དཔྱད་པ་》⒁ཞེས་པ་ལས་རྒྱ་གར་གྱི་ཚད་མའི་གཞུང་གི་བརྩམས་རིམ་དང་བསྒྲིགས་གཞི་ལ་ལྟོས་ཏེ་བོད་ཀྱི་ཚད་མའི་གཞུང་གི་རྩོམ་སྟངས་དང་འགྱུར་ལྡོག གོ་དོན་ལ་མི་འདྲ་བའི་ངོས་འཛིན་གང་དག་བྱུང་པ་གསལ་བོར་བཀོད་དེ་རང་གི་ལྟ་ཚུལ་གྱི་འཆར་སྒོ་བཏོན་ཡོད་པ་ནི་དུས་རབས་ཀྱི་འགྲོས་དང་མཐུན་པའི་རྩོམ་སྟངས་གསར་པའི་ལམ་ཁ་སྙེག་བཞིན་ཡོད་པ་མཚོན་འདུག་གོ།
གསུམ་པ། འབྱུང་འགྱུར་ཚད་མའི་འཕེལ་ཕྱོགས་ལ་དཔྱད་པ།
              མདོར་ན་རིག་གཞུང་ཕལ་མོ་ཆེ་ལ་ཚད་མཐོ་ཤོས་ཀྱི་སྒོ་ནས་ངེས་ཤེས་འཚོལ་པ་དང་ཞིབ་འཇུག་དཔྱད་འཇོག་བྱ་འདོད་ན་ཐོག་མར་སྒྲ་ཚད་ཀྱི་རིགས་པའི་སྤྱི་འགྲོས་ཤིག་སྔོན་དུ་མ་སོང་ཐུ་མེད་ཡིན། དེ་ལྟ་ན་ཡང་དེང་གི་རིགས་སྨྲ་འགའ་ཞིག་གིས། འོ་ན་བོད་ཀྱི་ཆོས་ལུགས་ནང་། ནང་ཆོས། བོན་ཆོས། ཁ་ཆེའི་ཆོས། ཡེ་ཤུའི་ཆོས་སོགས་མང་པོ་ཞིག་ཡོད་པ་རེད་ལ། དེ་རེ་རེ་ལ་ནང་གསེས་ཀྱིས་དབྱེ་བ་འབྱེད་རྒྱུ་མང་པོ་ཞིག་ཡོད་པ་རེད། སྨོན་ལམ་གསོལ་འདེབས་སོགས་མི་འདྲ་བའི་དབྱེ་སྒོ་བསམ་གྱིས་མི་ཁྱབ་པ་མང་པོ་ཡོད་པ་འདི་ཚོ་ཚང་མ་སྦྱོང་པའམ་ཉམས་ཞིབ་བྱེད་པར་སྒྲ་དང་ཚད་མ་དགོས་པ་རེད་ཟེར་ན་དེ་ལས་གླེན་བཤད་ཅིག་གང་ན་ཡོད་ཅེས་ཟེར་པ་ལ། དེ་ནི་འདིར་བཤད་པའི་ནང་བསྟན་རིག་གནས་སྤྱི་དང་དེ་ལས་གཞན་ཆོས་ལུགས་རིག་གནས་ཚང་མ་སྦྱངས་པ་ལ་ཡང་རང་རང་གཞུང་གི་བརྡ་སྤྲོད་པའི་མིང་བརྡ་ལ་བྱང་དགོས་པ་གཞིར་བྱས་དེ་དག་གི་ཞིབ་འཇུག་དང་དཔྱད་འཇོག་ལ་ཡང་གོང་ལྟར་མཚན་ཉིད་རིགས་པའི་ཉམས་ཞིབ་ལས་ལྷག་པའི་ཐབས་ཤེས་ཤིག་གཞར་ཡང་མ་མཆིས་པའི་ཕྱིར། དེར་ཐལ། ཤེས་བྱ་ཡིན་པའི་ཕྱིར། ལྡོག་ཏུ་མེད་པའི་གཏན་ཚིགས་ལ་ལན་མེད་དོ།། དེས་ན་ཕྱོགས་སྔ་གང་དག་གིས་ཐོག་མར་སྒྲ་དང་ཚད་མ་ཞེས་པའི་མིང་བརྡའི་གོ་དོན་དང་དབྱེ་བ། ཁྱབ་ཁོངས་རྣམས་གཞུང་དངོས་ལ་ཞུགས་ཏེ་སྦྱངས་པ་མི་འཇོན་ན། མ་མཐའ་ཡང་དུང་དཀར་ཚིག་མཛོད་སོགས་དག་ཡིག་རྣམས་ལ་བལྟས་ན་ཕྱིན་ཆད་འདི་འདྲའི་ལོག་རྟོག་དང་གླེན་གཏམ་འབྱུང་མི་སྲིད་པ་ཤེས་པར་བྱའོ།།
              དེ་ལྟར་དེང་གི་བོད་ཀྱི་ཚད་མའི་ཞིབ་འཇུག་གི་གནས་བབ་ལ་དགོན་སྡེའི་འཆད་མཉན་རྩོད་གསུམ་དང་སློབ་གྲྭའི་འཆད་མཉན་རྩོད་གསུམ་ཅུང་ཙམ་གླེང་སྟེ་དུས་རབས་གསར་པའི་བོད་ཀྱི་ཚད་མ་རིག་པའི་ཞིབ་འཇུག་གི་དཔྱད་རྩོམ་དང་བརྩམས་ཆོས་མང་པོ་སྤང་ལ་མེ་ཏོག་བཞད་པ་ལྟར་རིམ་གྱིས་བྱུང་པ་རིག་གཞུང་རང་ངོས་ལ་ལྟོས་ཏེ་ཡིད་སེམས་དགའ་དད་སྤྲོ་གསུམ་འཕེལ་བའི་གནས་སུ་ཆེ་བས་མཁྱེན་བརྩེ་ལྡན་པའི་དགེ་བཤེས་དང་རྩོམ་པ་པོ། རྩོམ་སྒྲིག་པ་དག་ལ་ཟོལ་མེད་སྙིང་ནས་ཡི་རང་དང་ཐུགས་རྗེ་ཆེ་ཞུ་འོས། དེ་ལྟ་ནའང་རིག་གཞུང་དཔྱད་གླེང་གི་ཟབ་ཚད་དང་ཁྱོན་བབ་ལ་དཔག་ན་ད་དུང་མི་རིགས་གཞན་དང་རིག་ཚན་གཞན་པའི་རྗེས་ལ་འདེགས་འཇོག་གིས་སླེབས་མེད།དེ་ཡང་ད་སྔའི་དཔྱད་འབྲས་མང་ཆེ་ཤོས་ནི་ཚད་མའི་ལོ་རྒྱུས་དང་ཚད་མའི་གོམ་འགྲོས་དང་པོ་ཉིད་ལ་བརྟེན་པ་དང་། ལ་ལ་ནི་སྔོན་མའི་སུག་རྗེས་རྐྱང་འདེད་ཀྱིས་བསྐྱར་ཟློས་སྐྱུག་བལྡད་ཁོ་ན་དང་། འགའ་ཞིག་ནི་རིགས་ལམ་གྱི་སྤྱི་འགྲོས་ཙམ་ཡང་མ་འཁྱོངས་པར་ཚད་མའི་བགྲོ་གླེང་བྱ་བ།གཞན་དག་ནི་འགལ་མ་ངེས་མ་གྲུབ་པའི་སྒོ་ནས་སྤྱི་གཏོལ་དུ་དཔྱད་པ། ནང་ན་ལྟ་བ་གསར་པ་ལྟ་ཅི་ནང་དོན་དངོས་ཀྱང་གསལ་བོར་བརྡ་མི་འཕྲོད་པ། བརྡ་འཕྲོད་ཙམ་ཡིན་ཡང་དོན་གྱི་འབྲས་བུས་སྟོང་པ་ཡིན་བཞིན་པར་ད་དུང་རྩོམ་གྱི་མཚན་བྱང་ལ་ཚད་མ་རིག་པའི་གནད་ལས་ཅིག་ལ་དཔྱད་པ། ཉིག་ལ་དཔྱད་པ། ཡང་ན། གསར་དཔྱད།གསར་དུ་བརྟག་པ་སོགས་སེང་གེའི་རལ་པ་ལྟར་ཆེ་བའི་མིང་ཙམ་གྱིས་སྤུར་པ་དཔྱད་རྩོམ་དུ་རློམ་པ་མང་པོས་རིག་གཞུང་གླེང་སྟེགས་ཀྱི་གོ་ས་བཅད་པ་མི་ཉུང་པར་འདུག དེ་བས་མཁྱེན་ཡངས་སྙུག་ཐོགས་པ་དང་རྩོམ་སྒྲིག་པས་ཀྱང་དུས་འགྲོས་དང་མཐུན་པའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཀློག་པ་པོའི་འདོད་བློ་ལ་དམིགས། མིང་གི་སྔོ་ལོ་དང་རྣམ་པའི་སྒེག་ཉམས་ཀྱི་བསླུ་བྲིད་རིང་དུ་དོར། གཟུ་བོར་གནས་ཤིང་ཞིབ་མོའི་བློས་དཔྱད་དེ་བརྩམས། སྤུས་ཀ་དེ་ལྡན་གྱི་ཆ་རྐྱེན་གྱིས་རྩོམ་སྒྲིག་དང་གདེང་འཇོག་གནང་ན།ད་གཟོད་རིག་གཞུང་གི་འཕེལ་རྒྱས་དང་ཞིབ་འཇུག་གི་གནས་བབ་ལ་སྨན་ཡོན་སྔར་ལྷག་ཅིག་ངེས་པར་འབྱུང་པ་བསྙོན་དུ་མེད་པ་ལགས་སོ།། དེ་མཚུངས་སུ་རྩོམ་པ་པོ་རྣམས་ཀྱིས་ཀྱང་གོང་གསལ་གྱི་གནད་དོན་དེ་དག་ཡི་དམ་དུ་བཞག་སྟེ་རིག་གཞུང་འདིའི་ཐུན་མིན་གྱི་ཁྱད་ཆོས་གཙིགས་སུ་བཟུང་། ཤར་ནུབ་གླིང་གི་མཚན་ཉིད་རིག་པ་སྤྱི་དང་། སྒོས་སུ་རྒྱ་བོད་གཉིས་ཀྱི་ཚད་མ་རིག་པའི་གཤིབ་བསྡུར། དེ་ལས་ཀྱང་ནང་རིག་གྲུབ་མཐའ་སོ་སོའི་ཚད་མ་རིག་པ། རྗེས་འཇུག་གི་ཡིག་ཆ་སོ་སོའི་འཛིན་མཚམས་ཀྱི་ཁུངས་རྩ་ལག་དང་བཅས་པའི་དོན་གྱི་ཆ་དག་ལ་ཞིབ་འཇུག་གཏིང་ཟབ་ཀྱིས་ཤེས་བྱའི་སྤུ་རིས་འབྱེད་པ་དང་ལེགས་ཉེས་བླང་དོར་ལྟ་བའི་མིག་ཏུ་གྱུར་པའི་དཔྱད་འབྲས་ཚད་མ་ཞིག་དང་ཤེས་རབ་ཚད་མ་ཞིག་ཀུན་ལ་སྩོལ་པར་བརྩོན་པ་བྱ་དགོས་པར་སེམས་སོ།།
མཆན་འགྲེལ།
              ①ཕྱཱ་པ་ཆོས་ཀྱི་སེང་གེས་བརྩམས། 《ཕྱཱ་པ་ཆོས་ཀྱི་སེང་གེའི་གསུང་གཅེས་བཏུས་དབུ་ཚད་ཀྱི་ཡིག་ཆ་བཞུགས་སོ།།》 དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2012ལོ། ཤོག་ངོས་585-916བར་གསལ།
              ②འབའ་ལིང་དགེ་བཤེས་དཀོན་མཆོག་ཆོས་འཕེལ་སོགས་ཀྱིས་བརྩམས། ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་དག་སྒྲིག་བྱས། 《བསྡུས་གཞུང་ཕྱོགས་བསྒྲིགས་བཞུགས་སོ།།》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2000ལོ། ཤོག་ངོས་230ན་གསལ།
              ③《མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ།》 2007ལོའི་དེབ་2པ། ཤོག་ངོས་62-74བར་གསལ།
              ④མཁས་གྲུབ་ཆོས་རྗེས་བརྩམས། 《རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་པའི་རྣམ་པར་ཐར་པ་དད་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ།།》 《སྐུ་འབུམ་བྱམས་པ་གླིང་གི་རྗེ་ཙོང་ཁ་པའི་གསུང་འབུམ་ཤིང་པར།》 ཀ་པོད། ཤོག་གྲངས་13ན་གསལ།
              ⑤ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད། རྡོ་རྗེ་རྒྱལ་པོ་དང་ཐུབ་བསྟན་ཉི་མས་བསྒྲིགས། 《ཤེས་བྱ་ཀུན་ཁྱབ་བཞུགས་སོ།།》 མི་རིགས་དཔེ་སྐྲུན་ཁང་། 2002ལོ། ཤོག་ངོས་284ན་གསལ།
              ⑥《མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ།》 2009ལོའི་དེབ་2པ་ན་གསལ།
              ⑦《མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ།》 2007ལོའི་དེབ་1པོ་ན་གསལ།
              ⑧ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས། 《ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་རྩོམ་ཕྱོགས་བསྒྲིགས།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1999ལོ། ཡང་པར་གཞི་གཅིག་ནི། ངང་ཚང་འབུམ་སྐྱབས་ཀྱིས་བསྒྲིགས། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གི་གསུང་འབུམ་པོད་དང་པོ། སི་ཁྲོན་ཏང་དེབ་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013ལོ།
              ⑨《བོད་ལྗོངས་ཞིབ་འཇུག》 2011ལོའི་དེབ་4བར་གསལ།
              ⑩《ཀྲུང་གོའི་བོད་རིག་པ།》 2007ལོའི་དེབ་3པའི་ཤོག་ངོས་37-45བར་གསལ།
              ⑾《བོད་ལྗོངས་སློབ་ཆེན་རིག་དེབ།》 2012ལོའི་དེབ་4བར་གསལ།
              ⑿《ཀྲུང་གོའི་བོད་རིག་པ།》 2011ལོའི་དེབ་1པོའི་ཤོག་ངོས་40-55བར་གསལ། 2006ལོའི་དེབ་2པའི་ཤོག་ངོས་99-107བར་གསལ། 《ཀྲུང་གོའི་བོད་རིག་པ།》 2004ལོའི་དེབ་2པའི་ཤོག་ངོས་3-17བར་གསལ།
              ⒀《ཀྲུང་གོའི་བོད་རིག་པ།》 2006ལོའི་དེབ་2པའི་ཤོག་ངོས་99-107བར་གསལ།
              ⒁《ཀྲུང་གོའི་བོད་རིག་པ།》 2004ལོའི་དེབ་2པའི་ཤོག་ངོས་3-17བར་གསལ།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1