༄༅།། ཨ་མ་དང་ངའི་སློབ་ཆུང་།

སྒྲེན་པོ། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-05



ཟི་ལིང་། སྒྲེན་པོ།
         ད་ལྟ་ཕྱིར་མིག་ཅིག་འཕངས་ན། ང་རང་སྟག་ཡན་སློབ་ཆུང་ནང་འགྲོ་དུས་ནི་ཏག་ཏག་ནམ་ཟླ་སྟོན་མཇུག་ལ་འཁེལ་འདུག ཨ་མས་སྔ་ཉིན་དགོང་མོར་ང་ལ་སང་ཉིན་ངས་ཁྱོད་འཁྲིད་ནས་སློབ་གྲྭར་འགྲོ་དགོས་ཞེས་སྐད་ཆ་འདི་མ་གཏོགས་གཞན་ཅི་ཡང་མ་ལབ། ཉིན་དེར་ཨ་མས་ང་ལག་མགོར་ཁྲིད་ནས་སློབ་གྲྭར་འགྲོ་དུས་ལམ་སྐབས་ཀྱི་གནས་ཚུལ་མང་པོ་ཞིག་ད་ཆ་བརྗེད་ངེས་རྐུན་པོས་བརྐུས་ཏེ་ཤུལ་མེད་དུ་སྣང་རུང་། སློབ་གྲྭའི་ནང་འབྱོར་དུས་ཀྱི་རྣམ་པ་དེ་ངའི་ཡིད་ངོར་རི་མོ་བཞིན་གསལ།
        ང་སྐྱེས་སའི་རུ་སྡེའི་མིང་ལ་སྟག་ཡན་ཞེས་འབོད་ཅིང་། དེ་ནི་རོང་མ་འབྲོག་གི་ས་ཆ་ཞིག་ཡིན། ཨ་མས་བཤད་ན། ང་རང་ལོ་ན་ལྔ་ལ་སོན་དུས་ཀྱི་སྐབས་དེར། ངེད་ཚང་རི་མགོར་གཞིས་ཆགས་པའི་སྡེ་བ་དང་ཁད་ཀྱིས་བཀྱེད་དེ། ལུང་བའི་མཐིལ་དུ་གནས་སྤར་བར་བཤད། དྲན་ཚུལ་དེ་ངའི་ཨ་ཕ་ཡི་བསམ་ཕྱོགས་མ་ཡིན་པར། ངའི་ཨ་ཕའི་ཕ་རྒན་ཏེ་ང་ཡི་ཨ་མྱེས་དགའ་ལྡན་པོ་དང་འབྲེལ་བ་ངེས་ཅན་ཡོད་ཟེར། ཨ་མས་བཤད་ན་ངའི་ཨ་མྱེས་དགའ་ལྡན་པོ་ནི་ཆབ་སྲིད་ཀྱི་བློ་མིག་ཡངས་ཤིང་མི་ཆོས་ཀྱི་གཞུང་དྲང་བའི་སྐྱེས་བུ་ཀུན་གྱིས་གོང་བཀུར་བྱེད་ས་ཞིག་ཡིན་པར་མ་ཟད། ཧོར་རུ་ཆེན་གྱི་ཧྲུའུ་ཅིའི་འགན་བཞེས་མྱོང་ཟེར། ད་ལྟ་ཕྱིར་འདང་རེ་བརྒྱབ་ན་ངའི་ཨ་མྱེས་དགའ་ལྡན་པོ་ནི་དངོས་གནས་མ་འོངས་སྔོན་མཐོང་གི་མིག་རྒྱང་ཅན་ཞིག་ཡིན་ཐག་ཆོད་རེད། རྒྱུ་མཚན། ད་ཆ་རི་མགོའི་ཁྱིམ་ཚང་མང་ཆེ་བ་ངེད་ཚང་གཞིས་ཆགས་སའི་ལུང་མཐིལ་དུ་གནས་སྤར་དང་སྤོར་ཀྱིན་ཡོད་པར་མ་ཟད། སྡེ་བའི་སློབ་ཆུང་ཡང་ངེད་ཚང་གི་ཐག་ཉེའི་ཁོད་ཡངས་ས་དང་ཆུ་ཐག་ཉེ་ས། རྒྱ་ལམ་ཁ་དེར་གནས་སྤར། གནད་འདི་ཁོ་ནའི་སྟེང་ནས་བལྟས་ནའང་། ངའི་ཨ་མྱེས་དགའ་ལྡན་པོ་ནི་འཚོ་གནས་ཀྱི་བློ་ཕུགས་རིང་མོ་ཅན་ཞིག་ཡིན་པ་ཤེས། ང་རང་ནར་སོན་ནས་བསམ་ཅུང་ཤེས་པའི་སྐབས་སུ། ཨ་མས་ང་ལ་ཁྱོད་ཀྱི་ཨ་ཕ་ནི་རུ་མགོའི་སྐྱ་མི་ལྟ་བུ་ཡིན་ཏེ། དུས་རྟག་པར་སྡེ་བའི་ནང་དང་འུ་མ་བུ་ཅག་གི་ཉེ་ས་ནས་འདུག་ཁོམ་མེད་ཅེས་ཡང་ཡང་ལབ་པ་དྲན། ཕྱིས་སུ་ངས་བསམ་བློ་ཞིག་བཏང་བ་ཡིན་ན། ངའི་ཨ་ཕ་ལའང་ཁག་ཁྱོན་ནས་མི་འདུག ངའི་ཨ་ཕ་ནི་ཆུང་དུས་ལོ་ན་བཅུ་དྲུག་གི་སྟེང་དམག་གི་ནང་ཞུགས་ཏེ་ཕྱིར་ལོག་རྗེས་གཞུང་ཞབས་པར་གྱུར། ཨ་ཕའི་བྱ་བ་ལས་སའང་རེབ་གོང་སྟོད་ཀྱི་རྩེ་ཁོག་རྫོང་སྟོབས་ལྡན་ཞང་ཁྲལ་བསྡུ་ལས་ཁུངས་ཡིན་པས། དུས་རྒྱུན་ཡུལ་ན་བརྟན་ཆགས་སུ་གནས་མེད་པར། ཡུལ་ལ་ནམ་ལོག་མིན་དང་དུས་ནམ་ཞིག་ལ་འབྱོར་མིན་སོགས་ནི། ཆ་འཕྲིན་ཧ་ལམ་མ་དར་བའི་ལོ་རབས་དེ་འདྲ་ཞིག་ལ་མཚོན་ན་ང་དང་ཨ་མ་གཉིས་ཀྱིས་རྟོགས་ཐབས་བྲལ། དེ་བས། ང་རང་སློབ་ཆུང་ལོ་རིམ་དང་པོའི་སྒོ་ཐེམ་འགྲིམ་སྐབས་ཀྱི་ཉིན་མོ་དེར་ཡང་ཨ་ཕ་ཉེ་གམ་ན་མེད་པས། ངའི་ཨ་མ་ནི་ང་རང་སློབ་ཆུང་ནང་ཐོག་དང་པོར་བསྐྱལ་མཁན་གྱི་སྡོངས་གྲོགས་ལྟ་བུར་གྱུར།
        ངས་བསམ་ཅུང་ཤེས་པ་ནས་བཟུང་། ང་ནི་སྡེ་བའི་ནང་གི་མི་མང་པོ་དང་མཉམ་དུ་མེད་པར། ངེད་ཚང་དང་ཨ་ཁུ་ཆེ་བ་ཚང་མ་གཏོགས་འདུས་སྡོད་ཀྱི་འཚོ་བ་རོལ་མ་མྱོང་བས། དུས་ནམ་ཡང་ཁེར་ཆད་དུ་གནས་པ་ལྟ་བུའི་སྣང་བ་ཞིག་འགོག་མིན་དུ་སྟེར་བར་མ་ཟད། འཚོ་སྡོད་ཀྱི་ཁོར་ཡུག་དེས་ཕྱིས་ཀྱི་ངའི་གཤིས་ཀ་དང་སེམས་ཁམས་སོགས་ལའང་བག་ཆགས་ངེས་ཅན་བསྒོས་ཡོད་པ་གདོན་མི་ཟ། དེ་བས། ཨ་མས་ང་རང་འཁྲིད་ནས་སྡེ་བའི་སློབ་ཆུང་ནང་འབྱོར་དུས་མ་གཏོགས་ངས་སློབ་ཆུང་ཟེར་བ་མིག་གིས་མཐོང་མ་མྱོང་ལ་རྣ་བས་ཀྱང་ཐོས་ཡོད་རེ་སྐན།
        འདི་ནས་སློབ་ཆུང་ནང་འབྱོར་དུས་ཀྱི་བག་ཆགས་ཙམ་བཤད་ན། ནང་དུ་འབྱོར་མ་ཐག་མཐོ་དམའ་མི་སྙོམས་པའི་མཁར་གྱང་ཞིག་གི་དཀྱིལ་ན་བུད་ཤིང་ཕོན་པོར་སྤུངས་འདུག་ལ། ནུབ་ཕྱོགས་སུ་ས་ཡི་ཁང་མིག་ལྔ་དྲུག་ཙམ་སྟར་ཆགས་སུ་བསྒྲིགས་འདུག དེ་མིན་ད་དུང་མཁར་གྱང་གི་བྱང་ཕྱོགས་སུ་ས་སྡིངས་མཐོན་པོ་ཞིག་གི་སྟེང་ཤོད་ན་བོད་ཁང་ཅུང་སྤུས་ལེགས་ཤིག་བསྐྲུན་ཡོད། སློབ་ཁང་གི་སྒེའུ་ཁུང་རེ་འགར་ཤེལ་སྒོ་ཡོད་ཅིང་རེ་འགར་ཤེལ་སྒོ་མེད་པས་ཆ་སྙོམས་པོ་ཞིག་དང་གྲལ་དག་པོ་ཞིག་མ་རེད། ཕྱིས་ནས་ཤེས་རྟོགས་བྱུང་བ་ནི། ཁྱམས་དཀྱིལ་ན་བུད་ཤིང་ཕྱུར་བུར་སྤུངས་འདུག་པ་དེ་ནི་དགེ་རྒན་རྣམས་ལ་ཇ་སྐོལ་བྱེད་ཀྱི་ཉེར་མཁོར་ཁྱིམ་མི་རེ་རེས་ནགས་ནས་འཐུས་ཏེ་འཁུར་ཡོང་བ་དང་། ནུབ་ཕྱོགས་སུ་ཕྲེང་བར་བསྟར་བའི་ས་ཁང་དེ་དག་ནི་སློབ་ཁང་ཡིན་ལ། བྱང་ཕྱོགས་ཀྱི་ས་སྡིངས་མཐོན་པོའི་སྟེང་ཤོད་ཀྱི་བོད་ཁང་དེ་ནི་དགེ་རྒན་རྣམས་ཀྱི་སྡོད་ཁང་ཡིན་པ་རེད། གལ་ཏེ་ད་ལྟའི་བྱིས་པ་ཞིག་གིས་སྐབས་ཐོག་དེའི་ངེད་ཅག་གི་སློབ་གྲྭ་མཐོང་ཐུབ་པའི་ཆ་འཇོག་ཅིག་བྱས་པ་ཡིན་ན། དེ་ནི་ཁོ་ཚོས་རྒྱུན་པར་གློག་བརྙན་ནང་མཐོང་ཐུབ་པའི་ཁ་ཤོ་སྣ་རལ་གྱི་འཛིང་རགས་ཤིག་དང་ཁྱད་མེད་དུ་སྣང་ཐག་ཆོད་ཡིན། ད་དུང་ཉིན་དེར་སློབ་རའི་ནང་དུ་ར་མ་འགས་གང་སར་ཤུལ་མེད་དུ་དོར་བའི་ཤོག་སྙིགས་ལྡད་ཀྱིན་པ་གསལ་བོར་དྲན། དེ་ལས་ཀྱང་ཅུང་ཐབས་ཆགས་ཀྱི་གནས་སྟངས་སྐྱོ་བོ་ཞིག་ནི། སྐབས་དེར་སྤྱོད་ཁང་ཟུར་དུ་མེད་པས། སློབ་གྲྭའི་གྱང་རྩ་གང་སར་གཅིན་སྐྱག་གིས་བཀང་འདུག་པ་དེ་རེད། སློབ་གྲྭའི་ནང་ཐོན་འཕྲལ་ཨ་མས་དགེ་རྒན་དཀོན་རྡོ་བོས་ནས་ང་རང་བཅོལ་གདམས་བྱས་བྱུང་། དགེ་རྒན་དཀོན་རྡོ་ནི་ང་ཚོའི་སྡེ་བའི་མི་ཡིན་ལ། དམངས་སྒྲུབ་དགེ་རྒན་བྱས་ཏེ་ཕྱིས་སུ་སྟག་ཡན་སློབ་ཆུང་གི་སློབ་གཙོའི་འགན་བཞེས་མྱོང་། ད་ལྟ་ལ་ཐུག་གི་བར་དུ་སྡེ་བ་འདི་ལ་མཚོན་ན། ཁོང་ནི་སྡེ་བའི་བྱིས་པ་རྣམས་ཀྱི་ཁོག་ལ་གསེར་ལྡུག་མཁན་གྱི་སྐྱེས་བུ་བཀའ་དྲིན་ཅན་ཞིག་ཡིན། ཨ་མས་དགེ་རྒན་དཀོན་རྡོ་ལ་བཅོལ་གདམས་བྱས་ནས་བཤད་རྒྱུར། བུ་འདིའི་མིག་ལ་མ་གཅར་ན་གང་ལ་གཅར་ཀྱང་ཆོག་ཟེར། སྐད་ཆ་དེ་ཐོས་འཕྲལ་ང་རང་ཨ་མའི་སྟེང་དུ་སྙིང་ལངས་ནའང་། དེས་ཕྱིས་ཀྱི་སློབ་སྦྱོང་གི་འཚོ་བའི་ཁྲོད་ང་ལ་གསལ་འདེབས་བར་མེད་དུ་བྱས་མྱོང་། ཨ་མ་འགྲོ་ཁར་ད་ཁྱོད་སྡོད། ཁྱོད་ཀྱིས་དགེ་རྒན་གྱི་ཁ་ལ་ཉན་དགོས་ཞེས་བཤད་ཞོར་འཛུམ་ཙམ་ཕྱུང་ནས་བུད་སོང་། འདི་ནི་ཨ་མ་དང་ངེད་གཉིས་དགོས་དབང་གིས་ཁ་བྲལ་ཐེངས་དང་པོ་ཡིན། ད་ལྟ་ཕྱིར་འདང་རེ་བརྒྱབ་ན་དོན་དེ་ནི་ཁ་སང་གསར་དུ་བྱུང་ནས་ཅང་མ་འགོར་བའི་སྣང་བ་ཞིག་བཅོས་མིན་སྟེར་མོད། དོན་གྱིས་དུས་ཚོད་ཀྱི་འགྲོས་ནི་དངོས་གནས་མགྱོགས། མིག་རྡེབ་དབང་ཙམ་གྱི་ཡུན་ལ་ང་རང་ཕོ་ལོ་སུམ་ཅུའི་སྐས་རྐང་བརྒལ་ཚར།

        དུས་ད་ལྟ་ད་དུང་ཡང་བརྗེད་ཐབས་བྲལ་ཞིང་། ངའི་ལས་དབང་ལ་ཁ་ལོ་བསྒྱུར་བའི་སློབ་ཆུང་སྐབས་ཀྱི་འདས་དོན་ཞིག་བཤད་ན། སློབ་ཆུང་ལོ་རིམ་ལྔ་བ་རྫོགས་མཚམས་སུ། ང་ཚོའི་སྡེ་བའི་ནང་དུ་སློབ་ཆུང་ལོ་རིམ་དྲུག་པ་མེད་པར་བཟོས་སྟབས། ང་རང་བཙན་མོ་ཞང་ཐོག་གི་ཆ་ཚང་སློབ་ཆུང་ལ་ལོ་རིམ་དྲུག་པ་འདོན་དུ་མི་འགྲོ་ག་མེད་བྱུང་། སྟབས་ལེགས་པ་ཞིག་ལ་དུས་དེར་ངའི་ཨ་ཕའི་སྲིང་མོ་ཆེ་བའི་བུ་ཞིག་གིས་ཆ་ཚང་སློབ་ཆུང་དེ་གར་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད་པས། ཨ་མས་ང་རང་བཙན་མོ་སློབ་ཆུང་ལ་བསྐྱལ་རྒྱུའི་སེམས་ཐག་སྔ་ས་ནས་བཅད་ཚར། སྐབས་དེའི་ཁྱིམ་གྱི་གནས་ཚུལ་ཙམ་བཤད་ན། གོང་ནས་ཀྱང་ཟུར་ཙམ་གླེང་མྱོང་བ་བཞིན། ངའི་ཨ་ཕ་དུས་རྒྱུན་ཡུལ་ན་མེད་པས། ཁྱིམ་གྱི་ཞིང་ལས་དང་འབྲོག་ལས་གཉིས་ཀ་ཨ་མས་གཅིག་ལྕོགས་བྱས་ཏེ་བསྒྲུབ་དགོས། ངའི་ཨ་མར་ཨ་མྱེས་དང་ཨ་ཡེས་མེད་པའི་དབང་གིས། ངེད་མིང་སྲིང་གསུམ་པོ་ཨ་མ་གཅིག་པུའི་བྱམས་སྐྱོང་གི་འོག་ནས་ནར་སོན་པར་མ་ཟད། ཁྱིམ་ཚང་གི་ཁུར་བོ་ཆེན་པོ་དེ་ཕལ་ཆེར་ཨ་མ་གཅིག་པུས་འཁུར། ཨ་མས་བཤད་ན་ང་ལོ་གསུམ་ལ་བུད་དེ་ནེའུ་སྐྲ་བླངས་ནས་རིང་ཙམ་མ་འགྱངས་པར་བདག་གི་ཨ་མྱེས་ཤེས་རྒྱ་ཅན་པོ་གཏན་དུ་ང་ཚོ་དང་ཁ་བྲལ་ནས་དག་ཞིང་ལ་འཕོས་ཟེར། དེ་བས། ངའི་ཨ་མར་བཀོད་པ་རྒྱག་མཁན་དང་གཞོགས་འདེགས་བྱེད་མཁན་གཅིག་ཀྱང་མེད་པའི་ཆ་རྐྱེན་འོག་ནས། དུས་སྐབས་དེའི་ངེད་ཚང་གི་ཟོག་ལུག་དང་སྒོ་ཞིང་གྲུ་བཞི། ད་དུང་ངེད་མིང་སྲིང་གསུམ་པོ་བཅས་བདེ་བར་བསྐྱངས། ཨ་ཕ་ལན་རེར་ཞིང་རྨོ་ལོག་རྒྱག་གི་སྐབས་དང་སྟོན་བསྡུ་ཤོག་བརྩིགས་ཀྱི་དུས་མ་གཏོགས་ཧ་ལམ་ངེད་མ་བུ་ཚོའི་གམ་ན་མེད་ཅེས་བཤད་ཆོག ངའི་བྱིས་དུས་ཀྱི་སྣང་ངོ་ཞིག་ལ་ཨ་ཕ་ནི་དབང་དང་སྒོར་མོ་ཡི་མཚོན་བྱེད་འབའ་ཞིག་ཏུ་གྱུར། སྤྱིར་ཡིན་ན་དུས་སྐབས་དེར་ངའི་ཨ་མ་ནི་རང་གི་མིག་སྔའི་སྐྱིད་སྡུག་དང་ཁེ་ཕན་ཙམ་གྱི་ཆེད་ཁོ་ནར་བལྟ་མཁན་གྱི་མིག་རྒྱང་ཐུང་ངུ་ཅན་ཞིག་ཡིན་ན། ང་རང་སློབ་ཆུང་ལོ་རིམ་ལྔ་བ་རྫོགས་མཚམས་སློབ་གྲྭ་འདོན་དབང་མ་བྱིན་པར་ཁོ་མོའི་ལས་རོགས་གྲག་རོགས་སུ་བཀུགས་ཆོག་ནའང་། ངའི་ཨ་མས་བདག་གི་མདུན་ལམ་བསམས་ནས་ང་རང་སློབ་གྲྭར་བསྐྱལ་ཏེ་སྡུག་ཅི་ཡོད་ཁོ་མོ་གཅིག་པུས་མྱངས།        

        ང་རང་བཙན་མོ་སློབ་ཆུང་ལ་བསྐྱལ་བའི་ནངས་མོ་དེའང་ཏག་ཏག་ནམ་དུས་སྟོན་མཇུག་ལ་འཁེལ། ཆར་བ་ཟིམ་ཟིམ་ཞིག་འབར་ཞོར་སྨུག་པ་ལང་ལོང་ཞིག་གིས་རི་ལ་ཐང་མེད་པར་གཡོགས་འདུག་པར་མ་ཟད། ཟོག་ལུག་རྣམས་ཀྱིས་སྟོན་བསྡུས་ཤུལ་གྱི་ཞིང་ཁའི་རྩྭ་ཟ་བཞིན་ཡོད། ཉིན་དེར་ཨ་མ་བདག་གི་ཨ་ཁུ་ཆེ་བ་ཡོད་སར་སོང་ནས། ཁོང་ལ་བུ་འདི་བཙན་མོ་སློབ་གྲྭར་བསྐྱལ་དགོས་ཞེས་བཤད་པས། བདག་གི་ཨ་ཁུ་ཆེ་བས་ང་རང་ཁྲིད་དེ་རྐང་ཐང་ལ་བཙན་མོ་ཞང་ཐོག་གི་ཆ་ཚང་སློབ་ཆུང་ཡོད་སར་ཆས། ཉིན་དེར་ངེད་གཉིས་ཀྱིས་ཟོག་ལུག་རྣམས་དེད་དེ་ཤིང་དཀར་ལུང་བའི་ཕུ་ལ་གཏུགས་རྗེས། བཙན་མོ་ཞང་ཐོག་གཟས་ནས་ཕྱིན། ངེད་ཅག་འབྱོར་དུས་ནི་ཕལ་ཆེར་ཉིན་གུང་གི་ཆུ་ཚོད་བཅུ་གཉིས་ཡས་མས་ཤིག་རེད། སློབ་གྲྭར་འབྱོར་རྗེས་ངེད་གཉིས་བདག་གི་ཕུ་བོ་དགེ་རྒན་དེའི་ཁང་པའི་ནང་དུ་སོང་བ་ཡིན། བདག་གི་ཨ་ཁུ་ཆེ་བས་ང་རང་བཅོལ་གདམས་བྱས་ཏེ་གུང་ཇ་འཐུང་རྗེས་ཕྱིར་ལོག་སོང་། བདག་གི་ཕུ་བོ་དེ་ནི་ཆུང་དུས་ནས་བཟུང་ངེད་ཚང་ནས་ལག་ཆགས་པའི་སྟབས་ཀྱིས། ཁོ་ནི་བདག་གི་ཕུ་བོ་དངོས་དང་ཁྱད་མེད་དུ་སྣང་ཞིང་། ང་རང་ཁོ་ལ་སྐྲག་ཅིང་སྐྲག་ལ་འདང་ཞེ་རྩིས་ཀྱང་ཅི་བས་ཆེ།

        དེ་ལྟར་བདག་གི་སློབ་ཆུང་ལོ་རིམ་དྲུག་པའི་འཚོ་བ་དངོས་སུ་འགོ་བརྩམས། སློབ་ཆུང་དེ་ག་ནས་གཟའ་འཁོར་གཉིས་ཙམ་བསྡད་རིང་ང་ལ་གནོན་ཤུགས་ལྕི་མོ་ཞིག་གིས་ཡོངས་སུ་མནར། གཅིག་ནས་ངའི་སློབ་གྲོགས་རྣམས་ནི་བཙན་མོ་ཆ་ཚང་སློབ་ཆུང་རིམ་པར་བཏོན་ཏེ་ཡོང་བ་ཡིན་པས། ང་དང་བསྡུར་ན་སློབ་སྦྱོང་གི་ཆ་རྐྱེན་ཧ་ཅང་བཟང་། ལྷག་པར་དུ་རྒྱ་ཡིག་གི་ཆུ་ཚད་ཧ་ཅང་ལེགས། བོད་ཡིག་གི་ཕྱོགས་ནས་ཀྱང་ཁོ་ཚོ་ང་ལས་ཅུང་ལེགས་པས། སློབ་སྦྱོང་གི་རྗེས་མ་ཆོད་པའི་ཁར་ཕ་ཡུལ་དང་བྲལ་ཏེ་ཡུལ་ཆ་མེད་ཅིག་ནས་འཚོ་བ་རོལ་བ་ཐོག་དང་པོར་སོང་གཤིས། ང་ལ་སུན་སྣང་རྫོགས་མེད་ཅིག་དང་ཨ་མ་དྲན་པའི་གདུང་བ་སྐད་ཅིག་བརྒྱལ་འགྲོ་བ་ལྟ་བུ་ཞིག་སྐྱེས། རྐྱེན་དེ་ལ་བརྟེན་ནས། གཟའ་འཁོར་གཉིས་འགོར་མཚམས་ཀྱི་དགོང་ཁ་ཞིག་ལ། ང་རང་མཚན་གྱི་སྨག་རུམ་སྟུག་པོ་བརྒལ་ནས་ཕ་ཡུལ་ཕྱོགས་ལ་བྲོས་ནས་ཕྱིན་པ་ཡིན། བཙན་མོ་ཆ་ཚང་སློབ་ཆུང་ནས་བདག་གི་ཕ་ཡུལ་བར་ལ་ཧ་ལམ་སྤྱི་ལེ་ཉི་ཤུ་ལྷག་གིས་ཆོད་འདུག་ནའང་། ངས་ལམ་གྱི་ངལ་དུབ་དང་སྐྲག་སྣང་ཅི་ཡོད་མིད་ཁོང་ནས་དབུགས་ཕྱིར་བཏང་བ་བཞིན་རྒྱབ་ལ་བསྐྱུར་ཏེ་ཚམ་ཚོམ་མེད་པར་ཕ་ཡུལ་ཕྱོགས་སུ་བྲོས། དགོང་མོ་དེར་ང་བེའུ་ཞིང་གདོང་ཁར་འགོས། བྱ་མཆུའི་ཀླད་བརྒལ། རི་རྒྱལ་ཉག་ཁ་བརྟོལ། དེ་ལྟར་ཕ་ཡུལ་གྱི་ལ་ཆེན་ལ་ཆུང་དང་ཐང་ཆེན་ཐང་ཆུང་རྣམས་རིམ་པར་བརྒལ་ནས། མཐར་ཕ་ཡུལ་གྱི་རུམ་ལ་འབྱོར། འབྱོར་ནས་ཀྱང་ང་རང་ཐད་སོར་རང་ཁྱིམ་ལ་འཛུལ་མ་ཕོད། བདག་གི་ཨ་མ་ནི་དགྲ་གཉེན་གང་ལའང་ཆགས་སྡང་ཤ་ཐོན་རུས་ཐོན་ཞིག་ཡིན་པར་མ་ཟད། ཅུང་བཙན་པོ་ཞིག་ཀྱང་ཡིན། ཁྱད་པར་དུ་སློབ་བྱོལ་བྱས་པའི་དོན་འདིའི་སྟེང་ནས་ང་རང་གུ་ཡངས་ལ་གཏོང་རྒྱུ་ཕར་ཞོག རྡུང་རྡེག་ཚབས་ཆེན་གཏོང་སྲིད་པ་ངས་སྔ་མོ་ནས་ཤེས་ཡོད། དགོང་མོ་དེར་ང་རང་ངའི་ཨ་ཁུ་ཆེ་བ་ཚང་ནས་ཞག་འདུག་བྱས། ཉིན་གུང་གི་སྐབས་སུ་གཞི་ནས་ང་རང་ཨ་ཁུ་ཆེ་བ་ཚང་གི་ཁང་ཀླད་དུ་བུད་ནས་བལྟས་པ་ན། བདག་གི་ཨ་མ་དང་སྲིང་མོ་ཆུང་བ་གཉིས་ཀྱིས་ངེད་ཚང་གི་ཁང་ཀླད་ན་ལོག་དཀར་རྡུང་གིན་འདུག ངེད་ཚང་དང་ཨ་ཁུ་ཆེ་བ་ཚང་གི་བར་གྱང་གཅིག་ཡིན་པས། ཁྱིམ་ཚང་གཉིས་ཀྱི་ཁང་ཀླད་བར་མཚམས་མེད་པར་སྦྲེལ་ཡོད། ཨ་མས་ང་མཐོང་མ་ཐག ཁྱོད་ནམ་ཐོན་པ་ཡིན་ཟེར། ངས་དེ་འཕྲལ་ང་རང་བྲོས་ནས་ཡོང་བ་ཡིན། སློབ་གྲྭ་དེ་ནས་སློབ་སྦྱོང་གི་རྗེས་མི་ཆོད་པར་མ་ཟད། ད་དུང་ཡུལ་ཡང་དྲན་གི་ཞེས་བཤད་པ་ན། ཨ་མས་དེ་འཕྲལ་ལོག་དཀར་གྱི་ཤོག་ཐུམ་ཞིག་ངེད་ཕྱོགས་ལ་ཞེ་སྡང་གིས་འཕངས་ནས། ཁྱོད་ཀྱིས་ཡག་པ་བྱས་ཏེ་ཕྱིར་སློབ་གྲྭར་འགྲོ་ན་འུ་མ་བུ་གཉིས་ལ་བཤད་རྒྱུ་ཅང་མེད་ཟེར་ཞོར། ཅིས་ཀྱང་ཕྱིར་སློབ་གྲྭར་འགྲོ་དགོས་པའི་རྣམ་འགྱུར་བརྟན་པོ་བཟུང་། ངས་ཕྱིར་ཨ་མ་ལགས་ལ། ངས་སྡུག་ཅི་མྱངས་དགོས་རུང་འགྱོད་པ་མེད། ཟོག་རྫི་བྱས་ཀྱང་ཆོག ང་སློབ་གྲྭར་འགྲོ་མི་འདོད་ཅེས་ཅི་ཙམ་བཤད་ཀྱང་། བདག་གི་མ་ལགས་ཀྱི་ཆོད་སེམས་ལ་འགྱུར་བ་བཟོ་མ་ཐུབ།
        དེ་ལྟར་ཕྱི་ཉིན་ཞོགས་པར་སྔར་སྲོལ་ནང་བཞིན་བདག་གི་ཨ་ཁུ་ཆེ་བས་ང་རང་བསྐྱལ་ནས་ཕྱིར་བཙན་མོ་སློབ་ཆུང་ཡོད་སར་ཆས། ཐེངས་དེ་ནས་བཟུང་བདག་གི་བསམས་པར། སློབ་གྲྭ་འགྲིམ་རྒྱུ་ནི་རྡོ་ཕ་བོང་བཞིན་སྒུལ་རྒྱུ་མེད་པའི་བཀའ་ལུང་བཙན་པོ་ཞིག་ཡིན་པ་རྟོགས་ནས། སློབ་སྦྱོང་གི་ཕྱོགས་ལ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ། འབད་འབུངས་ཧུར་བསྐྱེད་བྱས་མཐར། བདེ་ལེགས་ངང་བཙན་མོ་སློབ་ཆུང་ནས་བསླབ་འབྲས་གཡུར་དུ་ཟ་བ་བླངས་ཏེ་དམའ་འབྲིང་གི་སྐས་ཐེམ་བརྒལ་ཐུབ་པ་བྱུང་། སློབ་བྱོལ་བྱས་ཏེ་ཡུལ་ལ་ལོག་མ་ཐག དེ་འཕྲལ་ཕྱིར་སློབ་གྲྭར་བཙན་གྱིས་བསྐྱལ་བའི་བདག་གི་ཨ་མའི་བསམ་སྦྱོར་དེ་དང་མིག་རྒྱང་རིང་བོ་དེ་ནི་བདག་གི་མི་ཚེ་རྟ་ཟམ་རིང་མོའི་ཁྲོད་དུས་རྟག་པར་འགྱེལ་མི་སྲིད་པའི་ཐོ་ཡོར་ཞིག་དང་འདྲ་བར། ང་ལ་དུས་ངེས་མེད་དང་གནས་ངེས་མེད་དུ་སློབ་སྦྱོང་ལ་འབད་རྒྱུ་ནི་མཐར་གཏུག་ན་རང་དོན་འབའ་ཞིག་ཡིན་པའི་ཉེན་བརྡ་བར་མེད་གཏོང་བར་བྱེད། ཆུང་དུས་ཨ་མས་ང་ལ་གདམས་པའི་སྐད་ཆ་ལ་ཤས་དུས་ད་ལྟའང་ལན་རེར་ད་དུང་ཡིད་ལ་ཝལ་ཝལ་འཁོར་འོང་། དེ་ནི་ཀ་ངོ་ཡིག་ངོ་ཙམ་མ་ཆོད་ན་དུད་འགྲོ་ཟོག་ཞིག་དང་འདྲ། མ་འོངས་པར་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ཞིག་ཨེ་འཁྱོང་གི་རེ་བ་ཉག་ཕྲ་ནའང་། ཀ་ངོ་ཡིག་ངོ་ཞིག་མ་ཆོད་ན་སེམས་ཅན་གྱི་གྲས་སུ་ཚུད་མི་ཐུབ་ཅེས་བཤད་མྱོང་བའི་མན་ངག་གསོན་སྟོབས་ཀྱིས་བརྟས་འདུག་པ་དེའོ། །

ཨ་མ།
ངའི་ཨ་མའི་མིང་ལ་རིན་ཆེན་སྒྲོལ་མ་ཟེར།
མོ་སློབ་ཆུང་ལོ་རིམ་གསུམ་པ་མ་གཏོགས་འགྲིམས་མ་མྱོང་།
ང་ལོ་བརྒྱད་ལ་བུད་པའི་ལོ་དེར།
ཨ་མས་ང་ལག་མགོར་ཁྲིད་ནས་ཕ་ཡུལ་གྱི་སློབ་ཆུང་ནང་དུ་བསྐྱལ།
ཨ་མས་ང་དགེ་རྒན་ལ་བཅོལ་གདམས་བྱས་ནས་བཤད་རྒྱུར།
བུ་འདིའི་མིག་མ་ཅར་ན་གང་ལ་གཅར་ཀྱང་ཆོག་ཟེར།
ད་ལྟ་ཨ་མ་རྒ་བས་ནོན་ནས་མིག་ཟུང་གི་རྣོ་ངར་ཉམས་ནའང་།
ཁོ་མོའི་སེམས་ཁུར་བྱེད་ས་ཉག་གཅིག་པུ་ནི།
བུ་ངའི་ཡ་ཐོད་ཀྱི་མིག་ཟུང་འདི་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1