དུས་ཚིགས་བརྗེ་བའི་སྔོ་ཚལ་གླང་རྔ་ཐོན་ལེགས་བྱུང་ནས་གྲོང་འགོ་ཡུལ་མིའི་གདོང་ལ་འཛུམ་གྱིས་ཁེངས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-06




        ཉིན་འགའ་ཡི་རིང་ཆར་པ་མཚམས་མི་ཆད་པ་བབས་ནས་ད་གཟོད་གནམ་དྭངས་ནས་ཉི་མ་དྲོན་པོ་ཞིག་ཤར་འདུག རྟའུ་རྫོང་དཔལ་སྨད་གྲོང་རྡལ་གྲོང་འགོ་གྲོང་སྡེའི་སྔོ་ཚལ་གླང་རྔའི་རྟེན་གཞིར་སྔོ་ལྗང་ལྗང་དུ་གྱུར་བའི་སྔོ་ཚལ་གླང་རྔའི་འདབ་གཡབ་དག་ཉི་འོད་ཁྲོད་དུ་དེ་བས་མཛེས་སྡུག་ལྡན་པ་ཞིག་རེད། རྒྱང་རིང་ནས་བལྟས་ཚེ་མུའུ400ཅན་གྱི་སྔོ་ཚལ་གླང་རྔ་དག་གྲལ་འགྲིག་པོའི་སྒོས་ཞིབ་བཤེར་བྱེད་པར་སྒུག་བཞིན་པའི་དམག་མི་དང་ཀུན་ནས་མཚུངས། གྲོང་འགོ་གྲོང་སྡེའི་ཡུལ་མི30ས་དེར་འགྲོ་འོང་བྱེད་བཞིན་ཐོན་ལེགས་ཀྱི་དགའ་སྤྲོའི་རྣམ་པ་རབ་ཏུ་ཁེངས་བཞིན་པ་རེད།
        སྔོ་ཚལ་གླང་རྔའི་རྟེན་གཞིར་བསླེབས་དུས་སྤྱི་གཉེར་ཁང་གི་འདེབས་འཛུགས་ལག་རྩལ་གྱི་དོ་དམ་མི་སྣ་ལུའོ་ཅི་ཁོ་ཡིས་གྲོང་མི་ལེ་ཁོ་དང་མོའི་གྲོགས་པོ་ཚོར་ཞིང་ནང་གི་སྔོ་ཚལ་གླང་རྔའི་རྩ་བ་དང་བཅས་ཡར་བཀོག་རྗེས་གྲལ་སྟར་འགྲིག་པོའི་སྒོས་ཁྲེས་པོ་བཟོས་ནས་འདྲུད་འཐེན་འཁོར་ལོའི་ཐོག་བཞག་ནས་རྟེན་གཞིའི་ཕྱིར་ཡོད་པའི་དོས་སྐྱེལ་རླངས་འཁོར་ཕྱོགས་སུ་སྐྱེལ་བར་ཁྲིད་སྟོན་བྱེད་བཞིན་འདུག ཕྱི་ཉིན་གྱི་སྔ་དྲོར་རྔ་བསྡུ་བྱས་ཚར་བའི་སྔོ་ཚལ་གླང་རྔ་གསར་པ་དག་ཁྲུང་ཆིང་ས་ཁུལ་གྱི་སྔོ་ཚལ་སྡེབ་འཚོང་བྱེད་སར་ཐོན་ཐུབ་རྒྱུ་རེད།
        ལུའོ་ཅི་ཁོ་ཡིས་ངོ་སྤྲོད་བྱས་པར་ལྟ་ན། སྔོ་ཚལ་གླ་རྔའི་རྩ་བ་ཐུང་བས་བཅུད་སྣ་ལེན་ནུས་ཞན་པ་དང་། འདེབས་འཛུགས་བྱེད་སའི་ས་རྒྱུ་ནི་བྱེ་རྡོའི་ས་རྒྱུ་དང་ས་རྒྱུ་གཤིན་པོ་ཡིན་དགོས། གྲོང་འགོ་གྲོང་སྡེའི་ས་རྒྱུ་དེར་ཁྱད་ཆོས་འདི་དག་དང་མཐུན་པ་རེད། སྔོ་ཚལ་གླང་རྔ་ནི་གྲང་ངར་ཐེག་ཐུབ་ལ་ཚ་ཚད་མཐོན་པོ་ཐེག་མི་ནུས་པའི་སྔོ་ཚལ་ཤིག་ཡིན་པས་རེད། དཔལ་སྨད་ས་ཁུལ་དུ་ཉི་འོད་ཕོག་ཡུན་མི་རིང་བ་དང་ཞོགས་པ་དང་དགོངས་མོའི་དྲོད་ཚད་ཧེ་བག་ཆེ་ནས་རང་བྱུང་སྐྱེ་སྲེང་གི་ཁོར་ཡུག་བཟང་བ་རེད།ཡུལ་འདིར་སྐྱེ་བའི་སྔོ་ཚལ་གླང་རྔའི་ཤུན་ལྤགས་སྲབ་ལ་རླན་ཚད་འདང་ངེས་ཡིན་པར་མ་ཟད་བྲོ་བ་ཞིམ་ནས་སྤུས་ཚད་མཐོ་བའི་སྔོ་ཚལ་གླང་རྔའི་ཁྱད་ཆོས་དང་མཐུན་པ་རེད། ད་ལྟར་ནང་ལོག་ས་ཁུལ་དུ་གནམ་གཤིས་དྲོད་ཚད་ཧ་ཆང་ཆེ་ནས་སྔོ་ཚལ་གླང་རྔ་ཚོང་མཚམས་འཇོག་ཟིན་པས། མཐོ་སྒང་གི་སྔོ་ཚལ་གླང་རྔ་ནི་རྔ་བསྡུ་བྱེད་པའི་དུས་ལ་འཁེལ་ནས་ རྟེན་གཞིའི་ཁྲོད་ཀྱི་སྔོ་ཚལ་གླང་རྔའི་རིན་གོང་ཡག་པོ་ཞིག་རག་ཐུབ་པ་རེད་ཅེས་ལུའོ་ཅི་ཁོ་ཡིས་དེ་ལྟར་བཤད་པ་རེད།
        སྔོ་ཚལ་གླང་རྔ་འདེབས་འཛུགས་བྱས་ནས་གྲོང་མིས་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་སྦྱོང་ཐུབ་ལ་ཡོང་འབབ་ཀྱང་འཕར་ཐུབ་པ་རེད། གྲོང་མིས་ས་ཞིང་མུའུ་རེར་གླས་དངུལ་སྒོར480རེ་བྱས་ཏེ་སྒྱུར་སྤྱོད་བྱས་པར་ཕུད། རྟེན་གཞིར་ལོ་ཕྱེད་ཙམ་རིང་གླ་རྒྱག་མཁན་གྲོང་མི་མིའི་ཐེངས་གྲངས3000ལྷག་བསྡུ་ལེན་བྱས་ཡོད། རྟེན་གཞིར་ལོ་ཕྱེད་ཙམ་ལ་གླ་བརྒྱབ་པའི་གྲོང་མི་བློ་བཀྲ་ཡིས་ས་ཞིང་སྒྱུར་སྤྱོད་བྱས་པའི་གླས་དངུལ་ལག་ཏུ་འབྱོར་བྱུང་། ང་རང་གིས་སྔོ་ཚལ་གླང་རྔ་འདེབས་འཛུགས་བྱེད་འགོ་བཙུགས་ནས་བཟུང་ས་ཞིང་ཁྲོད་གླ་རྒྱག་སར་ཕྱིན་པ་ཡིན། ཉིན་རེར་ཡོང་འབབ་སྒོར100རེ་ཡོད་པས་ཉིན་བཅུ་རེར་བསྡོམས་རྩིས་ཐེངས་རེར་བྱེད་བཞིན་ཡོད།ད་ལོར་ང་རང་ལ་ངལ་ལས་ཡོང་འབབ་སྒོར་ཁྲི་གཅིག་ཙམ་ཡོད་པ་རེད་ཅེས་བཤད་པ་རེད།
        ཞིང་པས་ཞིང་ནང་དུ་བྲེལ་བ་བྱེད་བཞིན་པའི་ཐོན་ལེགས་ཀྱི་རྣམ་པར་མཐོང་སྐབས། གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁོ་ལོས་དཔྲལ་བའི་རྔུལ་ཆུ་ཕྱིས་ཞོར་གསར་འགོད་པར་ཐོག་མར་གྲོང་སྡེས་སྔོ་ཚལ་གླང་རྔ་འདེབས་འཛུགས་བྱེད་ཐག་གཅོད་སྐབས། གྲོང་མི་མང་པོས་སེམས་ཁྲལ་བྱས་ནས་བློ་ཁར་མི་བབ་པ་རེད། གྲོང་སྡེའི“ཨུ་ལྷན་གཉིས་”ཀྱིས་ཁྱིམ་དུ་འོངས་ནས་སྒྲོག་འགྲེལ་ཡང་ཡང་བྱས་པར་བརྒྱུད། མཐའ་ཐུག་གྲོང་མི་ཚོས་ཚོད་ལྟའི་རྣམ་འགྱུར་བཏོན་ནས་གྲོས་མཐུན་ཐབས་ཆག་ཅིག་བྱུང་བ་རེད། དོན་དངོས་སུ་དང་ཐོག་ཚང་མའི་ཚོད་ལྟ་བྱ་བའི་བསམ་འཆར་དེ་འགྲིག་པར་ར་སྤྲོད་བྱུང་ཡོད། སྔོ་ཚལ་གླང་རྔ་བྲིན་འཚོང་བྱེད་པ་དང་རྟེན་གཞིར་གླ་རྒྱག་རྗེས་ཡོང་འབབ་མང་པོ་རག་ནས། ཚང་མས་རྒྱུན་མཐུད་དུ་ཐོན་ལས་འཕེལ་རྒྱས་གཏོང་བའི་ཡིད་ཆེས་དང་ཆོད་སེམས་སྲ་བརྟན་བཏང་བ་རེད།
        ང་ཚོའི་ཁྱིམ་ཚང་གིས་ད་ལོར་ས་ཞིང་མུའུ36.8ལས་སྒྱུར་སྤྱོད་བྱས་མེད་ཀྱང་རང་ཉིད་ཀྱི་སྒོ་ཁར་གླ་རྒྱག་ཞོར་དུ་ཁྱིམ་ཚང་ལ་ལྟ་སྐྱོང་བྱེད་ཆོག་པར་མ་ཟད། ད་དུང་ས་ཞིང་འདེབས་འཛུགས་བྱེད་པའི་ཐབས་ཤེས་གསར་པ་སྦྱོང་ཐུབ་པ་ནི་སྔོན་ཆད་ཕྱི་ཡུལ་དུ་གླ་རྒྱག་སར་ཕྱིན་པ་ལས་འཚོ་བ་རབ་ཏུ་སྐྱིད་པ་རེད་ཅེས་གྲོང་མི་སྟོབས་ལྡན་གྱིས་འཛུམ་དམུལ་དམུལ་ངང་དེ་ལྟར་བཤད་པ་རེད།
        བཅར་འདྲི་བྱེད་རིང་དུ། རྟེན་གཞིའི་འགན་ཁུར་བ་ལུའོ་ཅི་ཚའེ་ཡི་ཁ་པར་ཐོན་པའི་བརྡ་འཕྲིན་ཡང་ཡང་གྲགས་ནས། སྔོ་ཚལ་བྲིན་ཚོང་བྱེད་མཁན་གྱིས་སྔོ་ཚལ་གླང་རྔ་མངག་ཉོ་བྱ་དགོས་པའི་ཁ་པར་རྐྱང་རྐྱང་ཡིན་པ་རེད། ངོ་སྤྲོད་བྱས་པར་ལྟར་ན། སྤྱི་ཟླ7པའི་ཟླ་སྟོད་ནས་རྒྱུན་མཐུད་དུ་སྤྱི་ཟླ10པའི་ཟླ་སྟོད་བར་གྲོང་མི་ཚོས་སྔོ་ཚལ་གླང་རྔ་བསྡུ་ལེན་བྱེད་ཆོག་པ་རེད། སྔོན་དཔག་བྱས་ན་ད་ལོར་སྔོ་ཚལ་གླང་རྔ་མུའུ་རེའི་ཐོན་ཚད་རྒྱ་མ8000རེ་ཡོད་རྒྱུ་རེད། མིག་སྔར་རྒྱ་མ་གང་ལ་སྡེབ་འཚོང་རིན་གོང་སྒོར1བྱས་ནས་ཕྱིར་འཚོང་བྱེད་བཞིན་པས་སྔོ་ཚལ་གླང་རྔ་མུའུ400ཡི་ཐོན་ཚད་རིན་ཐང་སྒོར་ཁྲི320ལ་ཟིན་རྒྱུ་རེད། མིག་སྔར་སྔོ་ཚལ་གླང་རྔ་རྒྱ་མ་ཁྲི14ལྷག་བཙོང་ཡོད་པར་མ་ཟད། རྟེན་གཞི་དེས་ད་དུང་མུ་མཐུད་ནས་བྲིན་འཚོང་བྱེད་ཤུགས་ཆེ་རུ་གཏང་རྒྱུ་རེད།
        2016ལོ་ནས་བཟུང་དཔལ་སྨད་གྲོང་རྡལ་གྱིས་ཞིང་ལས་ཐོན་ལས་ཀྱི་ཆགས་ཚུལ་ལེགས་སྒྲིག་བྱེད་སྟངས་འཚོལ་ཞིབ་བྱེད་གང་ཐུབ་བྱས་ཤིང་།གཙོ་གནད་དུ་དཔལ་འབྱོར་ཕན་འབྲས་མཐོ་བའི་ཞིང་ལས་ཐོན་ལས་འཕེལ་རྒྱས་བཏང་བ་རེད། དེའི་ནང་གཞི་ཁྱིན་ལྡན་པའི་སྒོས་སྔོ་ཚལ་གླང་རྔ་འདེབས་འཛུགས་བྱེད་པ་དེ་དེའི་ནང་གི་ཡ་གྱལ་ཞིག་རེད། ང་ཚོས་དཔེ་སྟོན་བྱེད་པར་བརྟེན་ནས་ཕན་འབྲས་ཐོབ་ཐུབ་པར་སྐུལ་ཁྲིད་བྱས་ཏེ་མི་དེ་བས་མང་པོ་ཞིག་ལ་ཕན་འབྲས་ཐོབ་ཐུབ་པ་བྱ་རྒྱུ་ཡིན་ཞེས་དཔལ་སྨད་གྲོང་རྡལ་གྱི་ཀྲེན་ཀྲང་དཔལ་ལྡན་ཕུན་ཚོགས་ཀྱིས་དེ་ལྟར་བཤད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1