གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༠༦ཉིན།

འཛམ་གླིང་གི་གར་སྟེགས་སྟེང་རྒྱལ་ཁབ་ཆེན་པོའི་འགན་འཁྲི་མངོན་པར་གནང་ཡོད་པ་སྟེ། ལོ་སྟོད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲིའི་བྱེད་སྒོའི་ཕྱིར་དྲན།


            ད་ལོའི་ལོ་སྟོད་དུ་ཀྲུང་གོའི་ཕྱི་འབྲེལ་ལས་དོན་སྔར་ན་མེད་པའི་མཛད་བྲེལ་ཆེ་ཞིང་། གཙོ་བདག་གི་ཕྱི་འབྲེལ་གྱིས་ཁ་ཕྱོགས་ཁྲིད་སྟོན་མཛད་ཡོད། དུས་ཐུང་ཟླ་བ་དྲུག་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་འཚམས་འདྲིར་ཐེངས་ལྔ་ཕེབས་པ་དང་། ཞབས་རྗེས་ཡོ་རོབ་དང་ཨེ་ཤ་ཡའི་རྒྱལ་ཁབ་བརྒྱད་ལ་བཞག་གནང་ཞིང་། ཕྱོགས་གཉིས་དང་ཕྱོགས་མང་བྱེད་སྒོ་བརྒྱ་ལྷག་ཙམ་ནང་ཞུགས་གནང་བ། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་པའི་མཐོ་ཚད་ཐོག་ནས་རོགས་པའི་མཉམ་ལས་ཟབ་ཏུ་བཏང་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་བཏང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་གནང་ཡོད་ལ། འཛམ་གླིང་གིས་ཀྲུང་གོ་འདི་ཉིད་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་མཐོ་ཚད་དང་འགན་འཁྲི་མཐོང་ཐུབ་ཡོད།
            ད་ལོའི་ཟླ་༣པར། རྒྱལ་ཡོངས་ཚོགས་ཆེན་གཉིས་མཇུག་འགྲིལ་ནས་ཡུན་རིང་མ་སོང་བར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ཐ་ལི་དང་། མོ་ན་ཀོ ཧྥ་རན་སི་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲིར་ཕེབས་ཏེ། ད་ལོའི་འཚམས་འདྲི་འགོ་བཙུགས་གནང་ཡོད། ད་ཐེངས་ཡོ་རོབ་ཏུ་འཚམས་འདྲི་གནང་བ་དེས་ཕྱོགས་གཉིས་མཛའ་གྲོགས་རྒྱུན་འཛིན་གནང་བ་མ་ཟད། རྒྱལ་ཁབ་གསུམ་པོའི་ཕྱོགས་གཉིས་ཁྱབ་ཁོངས་ལས་བརྒལ་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བར་སྒུལ་ཤུགས་གསར་པ་བསྣན་ཡོད་ལ། ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱ་ཆེད་སེམས་ཤུགས་འཕེལ་བ་གནང་ཡོད། ཀྲུང་གོ་དང་ཧྥ་རན་སིའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གླེང་སྟེགས་ཚོགས་སྐབས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཚལ་ཡིག་ཆེན་པོ་བཞི་སེལ་བར་འདུ་ཤེས་ཆེན་པོ་བཞི་རྒྱུན་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་སྒྱུར་བཅོས་ཐད་ཁྲིད་སྟོན་ནུས་པ་ཐོན་པ་བྱེད་དགོས་ཞེས་བཏོན་གནང་ཡོད།
            ཞི་ཅིན་ཕིང་གིས། ད་ཆའི་འཛམ་གླིང་ལ་ལོ་བརྒྱར་མཐོང་དཀོན་པའི་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་དང་། ཞི་བདེ་དང་གོང་འཕེལ་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན་པ་དང་དུས་མཚུངས་བརྟན་པོ་མེད་པའི་རང་བཞིན་དང་གཏན་འཁེལ་མེད་པའི་རང་བཞིན་སྔར་བས་མངོན་གསལ་དོད་པས་མིའི་རིགས་ལ་ཐུན་མོང་གི་འགྲན་རྩོད་མང་པོ་འཕྲད་ཡོད། ཛ་དྲག་པའི་གོ་ལ་ཧྲིལ་པོའི་འགྲན་རྩོད་དང་མིའི་རིགས་ཀྱི་གོང་འཕེལ་དེ་ལམ་བཞི་མདོ་ཁར་སླེབས་ནས་གདམ་ག་གང་འདྲ་བྱེད་མིན་གྱི་གནས་ལ་ཐུག་སྐབས་རྒྱལ་ཁབ་ཁག་གིས་གནམ་འོག་གི་འགན་འཁྲི་རང་ཉིད་ཀྱིས་འཁུར་བའི་སྙིང་སྟོབས་ཐོག་ནས་བྱ་སྤྱོད་ཧུར་ཐག་སྤེལ་མཁན་བྱེད་པ་ལས་བལྟས་ནས་སྡོད་མཁན་མི་བྱེད་པར་མཉམ་དུ་འབད་བརྩོན་བྱས་ཏེ་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ནང་བཟུང་དགོས་ཞེས་གསུངས་པ་རེད།
            སྤྱི་ཟླ་དྲུག་པ་ནི་ཕྱི་འབྲེལ་གྱི་མཛད་བྲེལ་ཆེ་བའི་ཟླ་བ་ཞིག་ཡིན་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ལམ་གཟའ་འཁོར་རེར་འཚམས་འདྲི་རེ་གནང་སྟེ་ཀྲུང་གོ་གསར་པའི་ཕྱི་འབྲེལ་ལོ་རྒྱུས་ཐོག་གི་ཟིན་ཐོ་བཏོད་ཡོད། སྤྱི་ཟླ་༦པའི་ཚེས་༥ཉིན་ནས་༧ཉིན་བར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་མ་ཟད་སྐབས་༢༣པའི་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་གནང་ཡོད། དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ་༢༠༡༣ལོར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བཞེས་ཚུན་ཨུ་རུ་སུར་འཚམས་འདྲི་གནང་ཐེངས་བརྒྱད་པ་དང་ཙུང་ཐུང་ཕུ་ཅིང་དང་མཇལ་འཛོམས་གནང་ཐེངས་༣༡པ་དེ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་མཛའ་གྲོགས་དེ་ཀྲུང་གོ་དང་ཨུ་རུ་སུའི་འཐབ་ཇུས་འབྲེལ་བའི་འགན་སྲུང་གལ་ཆེན་ལ་གྱུར་བ་དང་། མཉམ་འགུལ་ཡང་སེ་གནང་བ་དེས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དུས་རབས་གསར་པར་སླེབས་རྒྱུར་ཁྲིད་སྟོན་གནང་ཡོད།
            ཞི་ཅིན་ཕིང་གིས། ལོ་ངོ་བདུན་ཅུའི་ལོ་རྒྱུས་ཉམས་མྱོང་ལས་སྔོན་ཆད་དང་། ད་ལྟ། མ་འོང་བཅས་གང་ཡིན་རུང་། ཀྲུང་གོ་དང་ཨུ་རུ་སུ་ནི་འགྱུར་བ་མེད་པའི་ཁྱིམ་མཛེས་ཡག་པོ་དང་། ཁ་ཕྲལ་མི་ཐུབ་པའི་རོགས་པ་ངོ་མ་ཡིན་པ་གསལ་བཤད་བྱས་ཡོད། ང་ཚོས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༧༠འཁོར་བ་འགོ་འཛུགས་སར་བརྩིས་ཏེ། ལག་གདང་སྦྲེལ་ནས་འབད་བརྩོན་དང་། དཔུང་པ་མཉམ་གཤིབ་ངང་མདུན་སྐྱོད་བྱས་ནས་དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་ཞེས་གསུངས་གནང་ཡོད།
            སྐབས་༢༣པའི་ཧྲེང་པི་ཏེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ་༢༠༣༠ལོའི་རྒྱུན་མཐུད་གོང་འཕེལ་གྲོས་རིམ་ལ་གཞིགས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་གོང་འཕེལ་མཉམ་ལས་ལ་གོ་རིམ་ལྡན་པའི་ངང་རྒྱས་བཤད་གནང་བའི་སྐོར་གྱི་གྲོས་འགོ་བཏོན་གནང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུང་གོ་དང་འཛམ་གླིང་ཧྲིལ་པོ་རྒྱུན་མཐུད་གོང་འཕེལ་འགྲོ་བའི་མདུན་ལྗོངས་ལ་འཛིན་པའི་སེམས་ཤུགས་ནུས་ལྡན་ངང་འཕེལ་བ་གནང་ཡོད། ཞི་ཅིན་ཕིང་གིས། རྒྱུན་མཐུད་གོང་འཕེལ་ནི་མིག་སྔའི་འཛམ་གླིང་རང་བཞིན་གྱི་གནད་དོན་འགག་གཏོར་བྱེད་པའི་གསེར་གྱི་ལྡེ་མིག་ལྟ་བུ་ཡིན་པས། དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུའི་དམིགས་འབེན་དང་ཐག་ཉེ་བ་དང་འདུ་ཤེས་ཕན་ཚུན་སྦྲེལ་བས། ཚང་མས་མིའི་རིགས་ལ་བདེ་སྐྱིད་དང་འཛམ་གླིང་ཧྲིལ་པོར་ཕན་བདེ་བསྐྲུན་ཐུབ། ཀྲུང་གོས་མུ་མཐུད་ཕྱོགས་གཞན་དག་དང་ཐུན་མོང་ཐོག་འབད་བརྩོན་བྱེད་པ་དང་། རྒྱུན་མཐུད་གོང་འཕེལ་གྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འགན་འཁྲི་མངོན་པ་བྱེད་པ། ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྒྲིག་འཐུས་ཚང་བཟོ་བ། ཐུན་མོང་ཐོག་ས་གོ་ལའི་རྒྱུན་མཐུད་དང་། ཞི་བདེ། བརྟན་ལྷིང་བཅས་ལ་སྐུལ་འདེད་དང་། སྔར་བས་དར་རྒྱས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་འདོད་ཡོད་ཅེས་གསུངས་ཡོད།
            དེ་ནས་ཉིན་ལྔའི་རྗེས་ཨེ་ཤ་ཡ་དབུས་མར་ཕེབས་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཅིའར་ཅི་སི་སི་ཐན་དང་། ཐ་ཅི་ཁེ་སི་ཐན་དུ་ཕེབས་ནས། རྒྱལ་ཁབ་གཉིས་པོར་རྒྱལ་དོན་འཚམས་འདྲི་གནང་བ་མ་ཟད་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དང་། ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་ཆེས་བྱ་ཐབས་ཀྱི་དབུ་ཚོགས་གཉིས་ལ་ཞུགས་གནང་ཡོད། རྒྱལ་ཁབ་དེ་གཉིས་ནས་གུས་ལུགས་ཀྱི་ཚད་གཞི་མཐོ་ཤོས་ཐོག་ནས་ཀྲུའུ་ཞི་ཅིན་ཕིང་ལ་སྣེ་ལེན་ཞུས་ཡོད། དེའི་ཐོག་ནས་གཙོ་བདག་དབར་གྱི་མཛའ་གྲོགས་ཟབ་མོ་དང་ཕྱོགས་གཉིས་འབྲེལ་བའི་ཆུ་ཚད་མཐོ་པོ་མངོན་ཡོད། འཚམས་འདྲི་ཞུ་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་ཁག་སོ་སོར་ཧ་སག་སི་ཐན་དང་། དབྱི་རན། རྒྱ་གར་སོགས་ཚོགས་ཞུགས་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་མཇལ་འཛོམས་གནང་ནས། ཀྲུང་གོའི་གྲོགས་ཚོམས་སྔར་བས་བརྟན་དུ་བཏང་གནང་ཡོད།
            ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་པི་ཧྲེ་ཁའེ་ཁེའི་དབུ་ཚོགས་ལ་ཞུགས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་ཡི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་དང་། མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ། ས་ཁུལ་གྱི་བདེ་འཇགས་སྲུང་ར་བརྟན་པོ་འཛུགས་པ། ས་ཁོངས་མཉམ་ལས་གོང་འཕེལ་ལ་སྐུལ་འདེད། རྒྱལ་སྤྱིའི་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ཀྱི་ནན་གསུངས་གནང་ཡོད།
            ཨེ་ཤ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཀྱི་དབུ་ཚོགས་ཐེངས་ལྔ་པར་ཞུགས་གནང་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཡིད་ཆེས། བདེ་འཇགས་བརྟན་ལྷིང་། དར་རྒྱས་གོང་འཕེལ། སྒོ་དབྱེ་ཁོག་ཡངས། མཉམ་ལས་གསར་གཏོད་བཅས་ཀྱི་ཨེ་ཤ་ཡ་འཛུགས་རྒྱུ་དང་། ས་ཁོངས་མཉམ་ལས་བྱེད་པའི་འདུ་ཤེས་དང་ཁ་ཕྱོགས་སྟོན་གནང་མཛད་ཡོད།
            ཞི་ཅིན་ཕིང་གིས། དཔལ་འབྱོར་ཉོ་ཚོང་འགྲོ་འོང་ཁྲོད་འཕྲད་པའི་གནད་དོན་ཐད། ཕྱོགས་ཁག་ཚང་མས་ཕན་ཚུན་བརྩི་བཀུར་གྱི་སྙིང་སྟོབས་ཐོག་ནས། འདྲ་མཉམ་གྲོས་མོལ་དང་། རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་དང་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་གཞིགས་ཏེ། ཐག་གཅོད་འོས་འཚམ་བྱེད་པ་ལས་རྒྱུན་དུ་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་ཀྱི་བྱ་ཐབས་བཟུང་རྒྱུ་མེད། ཀྲུང་གོའི་ལངས་ཕྱོགས་དེས་རྒྱལ་ཁབ་ཁག་གི་ལུགས་མཐུན་གོང་འཕེལ་དང་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་མ་ཟད། རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ལའང་སྲུང་སྐྱོང་བྱེད་བཞིན་ཡོད་ཅེས་གསུངས་གནང་ཡོད།
            སྤྱི་ཟླ་༦པའི་ཚེས་༢༠ཉིན་ནས་༢༡ཉིན་བར། ཀྲུའུ་ཞི་ཞི་ཅིན་ཕིང་ནས་བྱང་ཁོ་རེ་ཡར་རྒྱལ་དོན་འཚམས་འདྲི་གནང་ཡོད། དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཏང་དང་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་འགན་བཞེས་ཚུན་བྱང་ཁོ་རེ་ཡར་འཚམས་འདྲི་གནང་ཐེངས་དང་པོ་དེ་ཡིན། ཀྲུང་གོ་དང་བྱང་ཁོ་རེ་ཡའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་༧༠འཁོར་བའི་ལོ་རྒྱུས་ཀྱི་དུས་ཚིགས་དང་། ཕྱེད་གླིང་ཕྲན་གྱི་ཞི་བའི་སྐད་ཆ་ཤོད་རེས་ཀྱི་འགག་རྩའི་དུས་མཚམས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བ་དེས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་ལ་ཁྲིད་སྟོན་བྱེད་པའི་ལེའུ་གསར་པ་བཏོད་ཡོད་ལ། ཕྱེད་གླིང་ཕྲན་གྱི་ཆབ་སྲིད་སྐད་ཆ་ཤོད་རེས་ཀྱི་འཕེལ་རིམ་ལ་སྒུལ་ཤུགས་གསར་པ་ཡང་བསྣན་ཡོད་པས། འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་མངོན་ཡོད།
            དེ་ནས་གཟའ་འཁོར་གཅིག་ཀྱང་མ་འགོར་བར། ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་ལྗར་པན་ཏ་པན་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བཞི་པར་ཞུགས་གནང་ཡོད། དུས་ཡུན་ཉིན་གཉིས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་ནས་བསྟུད་མར་བྱེད་སྒོ་ཁག་༢༠ལྷག་ཙམ་ནང་ཞུགས་གནང་བ་དང་། ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ། རོགས་ཟླའི་མཉམ་ལས་སྙིང་སྟོབས་དར་སྤེལ་གཏོང་བ། གཉིས་ཕན་མཉམ་རྒྱལ་གྱི་འདུ་ཤེས་ལག་བསྟར་བཅས་བྱས་ཏེ། ཐུན་མོང་གོང་འཕེལ་གྱི་དགོངས་ཚུལ་རྒྱས་བཤད་གནང་ཡོད། དབུ་ཚོགས་མ་འཚོག་གོང་གི་གྲངས་གཞིའི་དཔལ་འབྱོར་གྱི་དམིགས་བསལ་གྲོས་ཚོགས་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་ནས། མིག་སྔར་གྲངས་གཞིའི་དཔལ་འབྱོར་གོང་འཕེལ་ལ་ཉིན་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་དཔལ་འབྱོར་དང་མིའི་རིགས་ཀྱི་སྤྱི་ཚོགས་རྣམ་པ་བསྐྱར་འཛུགས་གཏིང་ཟབ་བྱེད་བཞིན་ཡོད་པ་སྟེ། གཅིག་ནས་གཞུང་དྲང་དང་དྲང་བདེན། མཐོང་ཆུང་མེད་པའི་ཁྲོམ་རའི་ཁོར་ཡུག་སྐྲུན་དགོས་པ། སྒོ་བརྒྱབ་ནས་གོང་འཕེལ་གཏོང་ཐབས་བྱེད་རྒྱུ་མེད་ལ། དེ་བས་ཀྱང་རྐང་བཙུགས་ནས་ཁྲོམ་རར་འགོག་རྐྱེན་བཟོ་མི་རུང་། གཉིས་ནས་གྲངས་གཞིའི་བཅོས་སྐྱོང་སྒྲིག་སྲོལ་ཐུན་མོང་ཐོག་འཐུས་ཚང་བཟོ་དགོས། གྲངས་གཞིའི་བདེ་འཇགས་སྒྲིག་སྲོལ་ལྡན་པའི་ངང་བེད་སྤྱོད་གཏོང་རྒྱུར་འགན་ལེན་བྱ་དགོས། གསུམ་ནས་གྲངས་གཞིའི་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་ཤུགས་ཆེ་རུ་གཏོང་བ་དང་མཉམ་འབྲེལ་མཉམ་མཐུད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། བཞི་ནས་གྲངས་གཞིའི་དཔལ་འབྱོར་གྱི་ཁོག་ཡངས་རང་བཞིན་ཆེ་རུ་གཏོང་བ་དང་། གྲངས་ཀའི་འགལ་རྐྱེན་ཆེན་པོ་སེལ་ཐབས་བྱ་དགོས། གྲངས་ཀའི་དཔལ་འབྱོར་གྱི་རྒྱལ་ཁབ་ཆེན་པོ་ཡིན་པའི་ངོས་ནས། ཀྲུང་གོས་རྒྱལ་སྤྱིའི་མཉམ་ལས་ནང་ཐེ་ཞུགས་ཧུར་ཐག་བྱ་རྒྱུ་དང་། ཁྲོམ་ར་སྒོ་དབྱེ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཉིས་ཕན་མཉམ་རྒྱལ་ཡོང་བ་བྱ་འདོད་ཡོད་ཅེས་བསྟན་གནང་ཡོད།
            ཏ་པན་དབུ་ཚོགས་ཀྱི་ཚོགས་རའི་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཕྱོགས་ཁག་གིས་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་སྲུང་དང་། གོང་འཕེལ་གྱི་ཁ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ། བློ་གཤོག་ཆེན་པོས་ཐུན་མོང་འབྱུང་འགྱུར་ལ་ཕྱོགས་པ། རྒྱུན་འཁྱོངས་བཞི་འཛིན་ཐུབ་པ་བཅས་གནང་ནས། འཛམ་གླིང་དཔལ་འབྱོར་གྱི་མདུན་དུ་འཕྲད་པའི་འགྲན་རྩོད་ལ་ཁ་གཏད་གཅོག་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཕྱོགས་ཁག་ནས་ཐུན་མོང་འབད་བརྩོན་གནང་བའི་འོག རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཏ་པན་དབུ་ཚོགས་ཐོག་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་གཙོ་རྒྱུན་འདོད་ཚུལ་བསྟན་ཡོད་པ་དང་། རྒྱལ་སྤྱིའི་དུས་བབ་ཀྱི་གོང་འཕེལ་ལ་དྲང་ནུས་ཆེན་པོ་བསྣན་ཡོད། དབུ་ཚོགས་ཚོགས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་དང་ཀྲུང་གོ་དང་ཨུ་རུ་སུ། རྒྱ་གར་བཅས་ཀྱི་འགོ་ཁྲིད་པའི་ཐུག་འཕྲད། དེ་བཞིན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་ཐུག་འཕྲད་སོགས་ཕྱོགས་མང་བྱེད་སྒོ་ཁག་མང་པོར་ཞུགས་གནང་བ་མ་ཟད། ལྗར་པན་དང་ཧྥ་རན་སི། འཇར་མན་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ཐུག་འཕྲད་དང་གྲོས་མོལ་གནང་ནས། ཐུན་མོང་ངོས་འཛིན་སྔར་བས་གཅིག་སྡུད་བྱུང་བ་དང་། རྒྱལ་ཁབ་ཆེན་པོའི་འབྲེལ་བ་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད།
            ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་ལོ་སྟོད་དུ་ཕྱི་རྒྱལ་ལ་འཚམས་འདྲི་ཐེངས་ལྔ་གནང་ནས། ཕྱོགས་མང་དང་ཕྱོགས་གཉིས་གཅིག་གྱུར་འཆར་འགོད་དང་། རྒྱལ་ཁབ་ཆེན་པོ་དང་མཐའ་འཁོར་རྒྱལ་ཁབ་གཉིས་ཀར་དགོངས་པ་བཞེས་ནས། ཀྲུང་གོའི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་སླར་ཡང་ཆེ་རུ་བཏང་གནང་བ་དང་། ཕྱི་འབྲེལ་གྱི་སྤྱི་ཡོངས་བཀོད་སྒྲིག་སླར་ཡང་འཐུས་ཚང་བཟོས་པ། འཐབ་ཇུས་ཇུས་འགོད་ཀྱི་བར་ཁམས་སླར་ཡང་རྒྱ་སྐྱེད་གནང་ནས། དུས་རབས་གསར་པའི་ཀྲུང་གོའི་ཕྱི་འབྲེལ་གྱི་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། བློ་སྤོབས་འགན་འཁུར་གྱི་རྣམ་པ་འཛམ་གླིང་ལ་མངོན་པར་བྱས་ཡོད་ལ། དེ་དག་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་འགོ་འཛུགས་ས་གསར་པ་ཞིག་ཏུའང་འགྱུར་ངེས་ཡིན་པ་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1