གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༠༩ཉིན།

པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་མངའ་རིས་སུ་སྤེལ་བའི་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་མཛད་སྒོ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་བ།


          རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་མངའ་རིས་སུ་སྤེལ་བའི་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་མཛད་སྒོ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད། ད་ཐེངས་མངའ་རིས་སུ་ཕེབས་པའི་དུས་ཚོད་ནི་ཟླ་7ཚེས་20ཉིན་ནས་ཟླ་8ཚེས་4ཉིན་བར་དུས་ཡུན་ཉིན་16ཡིན་པ་དང་དེ་ནི་པཎ་ཆེན་རིན་པོ་ཆེས་ལོ་ལྔའི་རྗེས་སུ་སླར་ཡང་མངའ་རིས་སུ་ཕེབས་ཐེངས་གཉིས་པ་ཡིན་པ་རེད།
          རྒྱལ་ཁབ་དཔལ་གྱིས་བརྒྱན་ཅིང་སེམས་ཅན་བདེ་ལམ་དུ་འགོད། པཎ་ཆེན་རིན་པོ་ཆེ་སྔ་རྗེས་སུ་སྤུ་ཧྲེང་རྫོང་གི་ཁྲུས་སྒོ་དགོན་དང་འཁོར་ཆགས་དགོན་དང་། རྩྭ་མདའ་རྫོང་གི་མཐོ་ལྡིང་དགོན་དང་གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ། རུ་ཐོག་རྫོང་གི་ལྷུན་གྲུབ་ཆོས་སྡེ་དགོན། སྒར་རྫོང་གི་བཀྲ་ཤིས་སྒང་དགོན་དང་པྲེ་ཏ་པུ་རི་དགོན་སོགས་སུ་གནས་གཟིགས་ཕྱག་མཆོད་དང་སྒར་རྫོང་གུ་རུ་གྱམ་དགོན་དུ་གནས་གཟིགས་དང་འབྲེལ་མ་ཕམ་གཡུ་མཚོ་དང་གངས་རིན་པོ་ཆེར་མཆོད་འབུལ་ཡང་གནང་བ་རེད།
          ཆོས་ཕྱོགས་ཀྱི་མཛད་འཕྲིན་སྤེལ་རིང་། པཎ་ཆེན་རིན་པོ་ཆེས་དད་ལྡན་སེར་སྐྱ་མང་ཚོགས་ཚོར་བཀའ་ཆོས་དང་། དབང་བསྐུར། ཕྱག་དབང་བཅས་གནང་བ་དང་། དད་ལྡན་སེར་སྐྱ་མང་ཚོགས་ཚོར་རྒྱལ་གཅེས་ཁྲིམས་སྲུང་དང་། ཆོས་གཅེས་སྡོམ་སྲུང་བྱ་དགོས་པའི་བཀའ་སློབ་གནང་བ་དང་སྦྲགས། འགྲོ་དྲུག་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་དང་བྲལ་ཞིང་བདེ་བའི་རྒྱུ་དང་ལྡན་པར་འགྱུར་པ་མ་ཟད། རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་ཐུགས་སྨོན་ཡང་ཞུས་གནང་བ་རེད།
          བསང་གི་དུ་བ་ལྷོག་ལྷོག་ཏུ་འཕྱུར་ཞིང་དུང་དང་རྒྱ་གླིང་གི་སྒྲ་ཕྱོགས་བཅུར་ཁྱབ། དགོན་སྡེ་ཁག་གིས་བོད་བརྒྱུད་ནང་བསྟན་གྱི་ཆོ་ག་གཟབ་ཤོས་ཀྱིས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུས། རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་ཚོས་འཚང་ཁ་ཤིག་ཤིག་ངང་པཎ་ཆེན་རིན་པོ་ཆེའི་ཕྱག་དབང་ཞུས། པཎ་ཆེན་རིན་པོ་ཆེ་གནས་གང་ཞིག་ཏུ་ཆིབས་བསྒྱུར་ཕེབས་ཀྱང་དེ་གར་དད་ལྡན་མང་ཚོགས་ཚོས་ལུས་ལ་གཟབ་མཆོར་སྤྲས་པ་དང་། ལག་ཏུ་མཇལ་དར་འཁྱེར་བ། ངག་ནས་སྨོན་ལམ་འདེབས་པ། ལྷག་བསམ་རྣམ་དག་གིས་ཕྱག་འཚལ་བ་བཅས་བྱས་ནས་རང་ཉིད་ཀྱིས་རབ་ཏུ་བརྩེ་བའི་རིན་པོ་ཆེར་བླ་ན་མེད་པའི་དད་གུས་ཞུ་ལུགས་མཚོན་པར་བྱས། པཎ་ཆེན་རིན་པོ་ཆེས་ཉིན་རེའི་མཛད་རིམ་མང་བ་དང་སྐུ་ངལ་ཆེ་ཡང་དེ་དག་ལ་མ་འཛེམས་པར་རླངས་འཁོར་ནས་ཐེངས་མང་བབས་གནང་སྟེ། ལམ་བར་དུ་ཕེབས་སྒུག་ཞུས་ནས་སྡོད་མཁན་དད་ལྡན་མང་ཚོགས་ཀྱི་ཁྲོད་དུ་ཕེབས་ནས་མི་རེ་རེ་བཞིན་ལ་ཕྱག་དབང་གནང་བ་མ་ཟད། ངས་ཁྱེད་ཚོར་བཀྲ་ཤིས་བདེ་ལེགས་དང་ཁམས་བཟང་ཡོང་བའི་སྨོན་ལམ་བརྒྱབ་ཆོག་ཅེས་ཡང་ཡང་གསུངས་སྐབས་དད་ལྡན་མང་ཚོགས་ཀྱི་ངོ་གདོང་ལས་དགའ་སྤྲོའི་རྣམ་པས་ཁེངས།
          སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་སྤེལ་རིང་། པཎ་ཆེན་རིན་པོ་ཆེ་སྐུ་ངོ་མས་མངའ་རིས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ཉམས་སུ་མྱོང་བ་མ་ཟད། སྒར་རྫོང་དགུན་ས་དེང་རབས་ཞིང་འབྲོག་ཚན་རྩལ་དཔེ་སྟོན་གླིང་དང་། རུ་ཐོག་རྫོང་ལྕགས་སྒང་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ། སྒར་རྫོང་བདེ་སྐྱིད་ཁང་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཁུལ། མངའ་རིས་ས་ཁུལ་གྱི་གཅིག་སྡུད་གཉིས་ཀྱི་བསྙེན་བསྐུར་ལྟེ་གནས་དང་སྒར་རྫོང་གི་སྣོད་བཅུད་ཞིང་ལས་ཐོན་ལས་གླིང་བཅས་སུ་བརྟག་ཞིབ་གནང་བ་རེད།
          སྒར་རྫོང་བདེ་སྐྱིད་ཁང་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཁུལ་གྱི་ཆུ་དང་། གློག ལམ། དྲོད་རླངས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་བུ་བཅོལ་ཁང་། འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་སོགས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་གང་དགོས་ཚང་མ་ཡོད་པ་དང་། དེ་ནི་མངའ་རིས་ས་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་རེད། བསོད་ནམས་ཡེ་ཤེས་ཀྱི་ཁྱིམ་མི་ཚང་མ་ཁང་གསར་དུ་སྤོས་ནས་ལོ་གསུམ་སོང་བ་དང་། དེ་སྔོན་འབྲོག་ཁུལ་དུ་དཀའ་ཚེགས་ཆེ་བའི་སྐྱས་སྤོས་ཕྱུགས་འཚོའི་འཚོ་བ་སྐྱེལ་བ་ནས། ད་ཆ་གྲོང་ཁྱེར་དུ་བདེ་སྡོད་ལས་བརྩོན་བྱུང་སོང་ཞེས་ཁོང་གིས་པཎ་ཆེན་རིན་པོ་ཆེར་རང་ཉིད་ཀྱི་འཚོ་བའི་འགྱུར་ལྡོག་དང་ནང་སེམས་ཀྱི་སྤྲོ་སྣང་ཞུས། པཎ་ཆེན་རིན་པོ་ཆེས་བསོད་ནམས་ཡེ་ཤེས་ཀྱི་ཁྱིམ་མི་དང་མཉམ་དུ་བཞུགས་ཏེ་བཀའ་མོལ་ལྷུག་གླེང་གནང་སྐབས། སྲིད་གཞུང་གིས་ཁོང་ཚོ་གནས་སྤོས་དུད་ཚང་གི་ལས་ཞུགས་དང་བུ་ཕྲུག་གི་སློབ་གསོའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས། ཁྱིམ་ཚང་གི་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་པ་མཁྱེན་རྟོགས་བྱུང་རྗེས། པཎ་ཆེན་རིན་པོ་ཆེ་དགྱེས་ཚོར་ཆེན་པོ་བྱུང་། པཎ་ཆེན་རིན་པོ་ཆེས་ཁོང་ཚོར་ནམ་ཡང་བཀའ་དྲིན་གྱི་བསམ་པ་ཤེས་པ་དང་དྲིན་ལན་གཟོ་རྒྱུ་ནི་བོད་རིགས་མི་དམངས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་པས། ང་ཚོས་ནམ་ཡང་ཏང་གི་བཀའ་དྲིན་དྲན་པ་དང་ཐོབ་པར་དཀའ་བའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་བྱས་ཏེ་བུ་ཕྲུག་གི་སློབ་གསོར་མཐོང་ཆེན་བྱས་ཐོག དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་སྐུལ་ལྕག་གནང་བ་རེད།
          མངའ་རིས་ས་ཁུལ་གྱི་གཅིག་སྡུད་གཉིས་ཀྱི་བསྙེན་བཀུར་ལྟེ་གནས་ནི་རྒན་གསོ་དང་། སྨན་བཅོས། ནད་གཡོག་བཅས་གཞི་གཅིག་ཏུ་འདུས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་ཞབས་འདེགས་ཞུ་བའི་སྒྲིག་གཞི་ཞིག་ཡིན་པ་དང་། དུས་མཚུངས་སློབ་ཞུགས་དང་། འཚོ་བ། ལྟ་སྐྱོང་བཅས་གཞི་གཅིག་ཏུ་འདུས་པའི་བྱིས་པའི་ཕན་བདེའི་སྒྲིག་གཞི་ཞིག་ཀྱང་རེད། པཎ་ཆེན་རིན་པོ་ཆེས་རྒན་རྒོན་ཚོའི་བཟའ་བཏུང་འགྲོ་སྡོད་དང་། ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚར་ལོངས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ལས་དོན་མི་སྣས་ཁོང་ཚོར་བློ་གཅིག་སེམས་གཅིག་གིས་ལྟ་སྐྱོང་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཞལ་གྱེས་ཁར་པཎ་ཆེན་རིན་པོ་ཆེས་གནས་སྐབས་བཀོད་སྒྲིག་བྱས་པའི་བཞུགས་ཁྲིར་མ་ཞུགས་པར། ཞབས་བཀྱག་བསྣམས་ནས་རྒན་རྒོན་ཚོ་དང་ལྷན་དུ་ཞུགས་ཏེ་བྱམས་བརྩེའི་བཀའ་མོལ་གནང་བ་རེད། པཎ་ཆེན་རིན་པོ་ཆེས་བརྩེ་བ་ཆེན་པོས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་འོག་ཁྱེད་ཚོའི་བུ་ཕྲུག་ལ་འགྲོ་སའི་བུ་བཅོལ་ཁང་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ཉམས་ཞན་ལ་རོགས་སྐྱོར་ཡོད་པ། རྒས་དུས་འཚོ་བརྟེན་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། སྡོད་སའི་ཁང་པ་ཡོད་པ་བཅས་ལས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བླ་ན་མ་མཆིས་པའི་ཁྱད་འཕགས་རང་བཞིན་གང་ལེགས་མཚོན་ཡོད། ཁྱེད་ཚོ་བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བར་ང་ཧ་ཅང་དགའ་པོ་བྱུང་། ངས་ཁྱེད་ཚོར་བདེ་སྐྱིད་ཡོང་བའི་སྨོན་ལམ་འདེབས་རྒྱུ་ཡིན་ཞེས་གསུངས་པ་རེད།
          མངའ་རིས་ས་ཁུལ་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་བཞུགས་མོལ་གནང་སྐབས། པཎ་ཆེན་རིན་པོ་ཆེས་མངའ་རིས་ས་ཁུལ་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མངའ་རིས་ས་ཁུལ་གྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བའི་ཡར་རྒྱས་གོང་འཕེལ་དང་དགའ་འོས་པའི་གྲུབ་འབྲས་ཐོབ་པར་བསྔགས་བརྗོད་གནང་བ་རེད། པཎ་ཆེན་རིན་པོ་ཆེས་ང་ཚོ་མི་རིགས་ཁག་དང་ལས་རིགས་ཁག་གིས་ཆུ་འཐུང་དུས་ཆུ་འགོ་དྲན་པ་དང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་པ་བཅས་བྱས་ཏེ་སེམས་རྣལ་དུ་ཕབ་ནས་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་ལྡབ་འགྱུར་བྱེད་དགོས་པ་དང་། སྤྱི་ཚོགས་འཕེལ་རྒྱས་དང་། མི་དམངས་བདེ་སྐྱིད། རྒྱལ་ཁབ་བརྟན་ལྷིང་བཅས་ཡོང་ཆེད་མི་རིགས་ཁག་དང་ལས་རིགས་ཁག་གིས་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས་ཞེས་གསུངས་པ་རེད།
          པཎ་ཆེན་རིན་པོ་ཆེས་མངའ་རིས་ས་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་ སྒོ་སྤེལ་རིང་། དད་ལྡན་མང་ཚོགས་ཀྱིས་ཕུལ་བའི་མཎྜལ་རྟེན་དོད་ཚང་མ་ས་གནས་ཀྱི་དབུལ་སྐྱོར་བྱ་གཞག་ལ་ཞལ་འདེབས་ཕུལ་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསྟན་ཁོ་དང་། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1