2019ལོར་མགོ་ལོག་པདྨའི་རྫ་ཆས་སམ་རྫ་ནག་འདི་ཉིད་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 08-12


མང་ཚོགས་ལ་རྫ་ཆས་ལག་རྩལ་ཁྲིད་བཞིན་པ།
          སྤྱིར་མགོ་ལོག་གི་མི་རྒྱུད་ནི་སྟོད་མངའ་རིས་སམ་ཞང་ཞུང་བོན་གྱི་མི་རྒྱུད་ལས་མཆེད་པར་གྲགས་ཤིང་། རྫ་བཟོའི་ལག་རྒྱུན་ཡང་ལ་སྟོད་ཞང་བོད་བོན་གྱི་རིག་གནས་རིམ་པར་དར་བ་ཞིག་རེད། རྒྱུ་མཚན་ནི་མི་ལོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ཁུངས་ཐུབ་ཡོད་ལ་མངའ་རིས་ནས་རིམ་བཞིན་གཙང་། དབུས། ལྷོ་ཁ་བསམ་ཡས། ཀོང་པོ་ནས་ཁམས་ཆབ་མདོའི་ཕྱོགས་སུ་དར། རིམ་བཞིན་སྡེ་དགེ་སོགས་ཁམས་ཕྱོགས་སྤྱི་ལ་ཕལ་ཆེར་དར་ཞིང་། དེ་ནས་སྡེ་དགེ་ནས་མི་རྒྱུད་མགོ་ལོག་ཏུ་མཆེད་དེ་དེ་དང་ཆབ་གཅིག་དེ་གའི་རིག་གནས་ཀྱང་ཡུལ་མགོ་ལོག་གི་ཕྱོགས་སུ་དར་བ་མངོན། ཆབ་མདོར་རྫ་ཆས་དར་བ་ནས་བཟུང་ཁ་དོག་ཕལ་ཆེར་ནག་པོ་ཡིན་པར་མངོན། ལོ་རྒྱུས་ཀྱི་འཕེལ་རིམ་བཞིན་རྫ་ཆས་ཀྱི་བཟོ་དབྱིབས་དང་། ཁ་དོག ལས་བཟོ་བྱེད་ཚུལ་ཀྱི་ཐབས་སམ་ལག་ལེན་གྱི་སྟེང་ལ་འགྱུར་བ་བྱུང་འདུག དང་པོའི་གནས་སྐབས་ན་རྫ་མའི་དབྱིབས་སྐྱོ་ར་ལྟ་བུ་དང་། འབུར་གཟུགས་ཅན། ཁ་དོག་སྐྱ་བོ་དང་སྔོ་ཤས་ཅན་ཡིན། རིམ་བཞིན་དབྱིབས་བུམ་གཟུགས་དང་། ཁ་དོག་དམར་ཤས་ཅན་དང་གཡུ་མདོག་སྟེ་ལྗང་ཤས་ཆེ་བར་སྣང་།

སྤུས་དག་པའི་རྫ་ཆས།
          ཆབ་མདོ་ཁ་རུབ་ས་འོག་ནས་ཐོན་པའི་རྫ་ནག་ལ་ལོ་སྟོང་ཕྲག་བཞི་དང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་ཚན་རིག་གི་ར་སྤྲོད་གསལ་པོ་བྱས་འདུག་ཅིང་། ད་ལྟ་མགོ་ལོག་ན་དར་བའི་རྫ་ཆས་ཀྱི་དབྱིབས་ཁ་དོག་བཟོ་ཚུལ་གང་གི་ཐད་ནས་དཔྱད་ན་ཆབ་མདོ་ཁ་རུབ་ནས་རྙེད་པའི་རྫ་ཆས་དང་དབྱེ་འབྱེད་མེད་པར་ལྟ་བུ་རེད།
          རྒྱུ་མཚན་དེའི་ཕྱིར་ན་ཆབ་མདོ་ནས་སྡེ་དགེ། སྡེ་དགེ་ནས་མགོ་ལོག་གི་ཕྱོགས་སུ་མི་རྒྱུད་དང་རིག་གནས་ལག་རྩལ་གྱི་རྒྱུན་བཅས་མཉམ་དུ་དར་བ་མངོན་སུམ་གྱིས་རྟོགས་ཐུབ།

སྤུས་དག་པའི་རྫ་ཆས།
          མགོ་ལོག་པདྨའི་རྫ་ནག་འདི་ཉིད་ས་གནས་རང་ནས་རྒྱུད་འཛིན་དང་དར་སྤེལ་བྱས་ནས་ལོ་དྲུག་བརྒྱ་ལྷག་གི་རྒྱུད་རིམ་ཁྲོད་དུ་ཨ་མདོ་རྔ་བའི་ཕྱོགས་སུ་རྫ་ཁྲོམ་གྱི་ཚོང་ལས་གཉེར་བ་དང་ལག་རྒྱུན་དར་སྤེལ་བྱས་པར་མ་ཟད་ས་ཆ་མང་པོར་རྒྱ་ཆེར་དར་མྱོང་།
          2019ལོར་མགོ་ལོག་རྫ་ཆས་སམ་རྫ་ནག་འདི་ཉིད་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་ཅིང་སྔར་ལས་ལྷག་པའི་སེམས་ཤུགས་དང་ཡིད་ཆེས་བླ་ལྷག་སྦྱིན་སོང་།

སྤུས་དག་པའི་རྫ་ཆས།
          ད་ལྟ་ཁྱིམ་རྒྱུད་ཀྱི་ལྷ་བཟོ་བ་མགོ་ལོག་ཤེལ་དཀར་ཐར་གྱིས་སྲོལ་རྒྱུན་གྱི་རིག་གནས་སྤྱི་དང་བྱེ་བྲག་གནའ་བོའི་སྡོད་ཁང་བཟོ་བཀོད། ལྷ་རིས་དང་འཇིམ་བཟོ་བསེ་འབག་སོགས་སྣ་མང་རང་བཞིན་གྱི་ཕྱག་ལས་གནང་བ་དང་། ཁྱད་པར་དུ་མེས་པོ་གོང་མའི་ཤུལ་བཞག་གནང་བའི་རྫ་བཟོའི་ལག་རྒྱུན་འདི་ཉིད་ནུབ་ལ་ཉེ་བར་མཐོང་སྟེ་རང་གི་ཕ་ཡར་གྱི་མདུན་ནས་སྦྱང་པ་མཐར་སོན་བྱས་ཏེ་ད་གཟོད་ཕྱོགས་ཡོངས་ནས་ནུས་ཤུགས་བཏོན་དེ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་ཐབས་སུ་སློབ་བུ་མང་པོ་གསོ་སྐྱོང་གནང་ནས་རྒྱུན་ཆད་ལ་ཉེ་བའི་རྫ་བཟོའི་ལག་རྩལ་གྱིས་ས་གནས་ཀྱི་ལག་རྩལ་གང་མང་ཞིག་གི་སྲོག་མཐུད་པར་མ་ཟད། དཀའ་ངལ་ཅན་གྱི་ཁྱིམ་ཚང་མང་པོ་ཞིག་ལ་དཔལ་འབྱོར་གྱི་རོགས་སྐྱོར་དང་ཕུན་སུམ་ཚོགས་པའི་རིག་གནས་རྒྱུན་འཛིན་ཕྱོགས་ལ་འབད་པ་ལྷོད་མེད་གནང་བཞིན་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1