རྒྱལ་ཁབ་གནོད་འགོག་སྤྱིའི་བཀོད་འདོམས་པུའུ་ཡིས་མཚོ་རླུང་འགོག་པའི་རིམ་པ་གཉིས་པའི་འཕྲད་བསྟུན་བྱེད་ཐབས་སྤྱད་པར་མ་ཟད་ཀྲེ་ཅང་སོགས་ལ་མཉམ་འབྲེལ་བྱ་བའི་ཚན་ཁག་མངགས།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 08-13


        གསར་འགོད་པས་ཚེས་དགུ་ཉིན་འཕྲད་བསྟུན་དོ་དམ་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་རླུང་ལེ་ཆི་མཱ་ཟེར་བ་དེ་གཡུག་པར་དམིགས་ནས། རྒྱལ་ཁབ་གནོད་འགོག་སྤྱིའི་བཀོད་འདོམས་པུའུ་ཡིས་མཚོ་རླུང་འགོག་པའི་རིམ་པ་གཉིས་པའི་འཕྲལ་བསྟུན་བྱེད་ཐབས་སྤྱད་པར་མ་ཟད། ཀྲེ་ཅང་སོགས་ལ་མཉམ་འབྲེལ་བྱ་བའི་ཚན་ཁག་མངགས་ནས། ས་དེ་དག་གིས་ཆུ་ལོག་དང་མཚོ་རླུང་འགོག་པའི་བྱ་བར་མཛུབ་སྟོན་དང་གཞོགས་འདེགས་བྱས་ཟེར།
        ཟླ་བརྒྱད་པའི་ཚེས་དགུ་ཉིན་གྱི་ཆུ་ཚོད་བཅུ་དྲུག་གི་སྟེང་། རྒྱལ་ཁབ་གནོད་འགོག་སྤྱིའི་བཀོད་འདོམས་པུའུ་ཡིས་མཚོ་རླུང་འགོག་པའི་རིམ་པ་གསུམ་པའི་འཕྲལ་བསྟུན་བྱེད་ཐབས་དེ་རིམ་པ་གཉིས་པར་སྤར་ཏེ། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར། རྒྱལ་ཁབ་གནོད་འགོག་སྤྱིའི་བཀོད་འདོམས་པུའུ་ཡི་ཁོངས་གཏོགས་ལས་ཁུངས་སོ་སོ་བཅས་ཀྱིས་གཏན་ཁེལ་ལྟར་འབྲེལ་ཡོད་རིམ་པའི་འཕྲལ་བསྟུན་བྱེད་ཐབས་སྤྱོད་པ་དང་། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ། ཉེན་ཁ་བརྡར་གཅོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ། ཉེན་སེལ་རོགས་སྐྱོབ་གནོད་སེལ་ནུས་པ་ཇེ་ཆེར་གཏོང་བ། ཉེན་ཁ་ཆེ་སའི་མང་ཚོགས་དུས་སྔོན་དུ་གནས་སྤོར་བ་བཅས་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་མཚོ་རླུང་གི་གནོད་འཚེ་འགོག་པའི་བྱ་བ་སྣ་ཚོགས་བཟང་པོར་སྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།
        བསྟུད་མར་ཉིན་འགའི་རིང་ལ། འཕྲལ་བསྟུན་དོ་དམ་པུའུ་ཡིས་མཚོ་རླུང་གི་ཉིན་རེའི་གྲོས་སྡུར་བརྡར་གཅོད་རྐྱེན་སྲོལ་བཙུགས་ལ། རྒྱལ་ཁབ་གནོད་འགོག་སྤྱིའི་བཀོད་འདོམས་པུའུ་ཡིས་སྤྱིའི་བཀོད་འདོམས་པ་གཞོན་པ། འཕྲལ་བསྟུན་དོ་དམ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་ཧོང་མེན་གྱིས་བཀོད་འདོམས་ལྟེ་གནས་ནས་ཁོངས་གཏོགས་ལས་ཁུངས་དང་མཉམ་དུ་བསྟུད་་མར་གནས་བབ་ལ་བརྡར་གཅོད་དབྱེ་ཞིབ་བྱས་པ་དང་། ས་ཁུལ་སོ་སོའི་མཚོ་རླུང་འགོག་པའི་གནས་ཚུལ་ལ་བཀོད་སྒྲིག་བྱས་པར་མ་ཟད། མཚོ་རླུང་འགོག་པའི་བྱ་བབར་ཚན་རིག་དང་མཐུན་པར་མཛུབ་སྟོན་བྱས། ཀྲེ་ཅང་དང་ཧྲང་ཧེ། ཅང་སུའུ་སོགས་ས་ཁུལ་གྱི་གནོད་སེལ་མྱུར་སྐྱོབ་སྤྱིའི་རུ་ཁག་གིས་གྲ་སྒྲིག་གང་ལེགས་བྱས་ཡོད་པ་དང་། མཐའ་འཁོར་གྱི་ཞིང་ཆེན་དག་གིས་ཀྱང་མངའ་ཁོངས་ལས་བརྒལ་བའི་རོགས་སྐྱོར་ལ་གྲ་སྒྲིག་ལེགས་པོ་བྱས་ཡོད། ཧྥུའུ་ཅན་དང་ཅང་ཞི། ཨན་ཧོས། ཧྲན་ཏུང་། ལེའོ་ཉིང་སོགས་ས་ཁུལ་གྱི་གནོད་སེལ་མྱུར་སྐྱོབ་སྤྱིའི་རུ་ཁག་གིས་ཞིང་ཆེན་རིམ་པའི་གནོད་འགོག་ཉེན་སེལ་མྱུར་སྐྱོབ་རུ་ཁག་མངགས་ཡོད། མིག་སྔའི་བར་དུ་ཞིང་ཆེན་དང་གྲོང་ཁྱེར་བརྒྱད་ཀྱི་ཉེན་སེལ་མྱུར་སྐྱོབ་སྟོབས་ཤུགས་ཀྱིས་བསྡོམས་པས་འདུ་འཛོམས་ས་གནས་ཞེ་བརྒྱད་བཙུགས་ཡོད་པ་དདང་། ཉེན་སེལ་བཀོད་འཐབ་པ་སྟོང་གསུམ་དང་ཉིས་བརྒྱ་མངགས་ནས། སྟོབས་ཤུགས་ཡོད་རྒུས་མཚོ་རླུང་གི་གནོད་འགོག་ཉེན་སེལ་མྱུར་སྐྱོབ་བྱ་བར་གྲ་སྒྲིག་བཟང་པོ་བྱས་ཡོད།
        རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་མཚོ་རླུང་དགུ་བ་ལེ་ཆི་མཱ་ཟེར་བ་དེ་ཟླ་བརྒྱད་པའི་ཚེས་བཅུ་ཉིན་གྱི་ཞོགས་པ་ནས་སྔ་དྲོའི་བར་ཀྲེ་ཅང་ནས་གཡུག་རྒྱུ་ཡིན་པ་དང་། མཚོ་རླུང་གི་ཤུགས་ཆེ་བ་དང་དུས་ཚོད་རིང་ཞིང་རྒྱ་ཆེ་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1