དཀར་མཛེས་ཀྱི་ཐུམ་འབུའི་ནད་པས་འཛམ་གླིང་གི་ཕྱེད་ཀ་ཟིན་ཡོད་དམ།

སྒྲོལ་མ་ཚེ་བརྟན་དང་བསྟན་འཛིན་ཉི་མ། ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-14




        སྤྱི་ཟླ་8པའི་ཚེས་10ཉིན་གྱི་ཉིན་གུང་ཆུ་ཚོད་བཅུ་གཅིག་ཙམ་ལ་ངེད་བཅར་འདྲི་ཚོ་ཆུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་དུ་བཅར་འདྲི་ལ་སོང་།  སྤྱིར་གཟའ་འཇུག་ཡིན་ཡང་སྨན་ཁང་གི་སྟེང་ཤོད་བར་གསུམ་དུ་མི་མང་པོ་འགྲོ་འོང་བྱེད་བཞིན་འདུག །མི་ཚོའི་ཕྱིའི་ཆ་ལུགས་དང་ཡུལ་སྐད་སོགས་ལ་བལྟས་ན་རྫོང་ཁག་དུ་མ་ཞིག་གི་མི་ཚོགས་འདུས་ཡོད་པ་ཤེས་སླ།  སྨན་ཁང་ཕྱི་ནང་གི་གཙང་སྦྲ་ལེགས་ཤིང་།  འབྲོག་ཁུལ་སོགས་ཆ་རྐྱེན་ཞན་ས་ནས་ཡོང་བའི་ནད་པ་དང་ནད་པའི་ཁྱིམ་བདག་ཚོས་ཀྱང་གཙང་སྦྲ་འཕྲོད་བསྟེན་གང་ལེགས་བྱས་འདུག །
དཀར་མཛེས་ཁུལ་གྱི་རྫོང་ཁག་སོ་སོའི་ཐུམ་འབུའི་ནད་པའི་ཡིག་ཚགས།
        ད་ཐེངས་ང་ཚོའི་བཅར་འདྲི་བྱ་ཡུལ་གཙོ་བོ་ཐུམ་འབུའི་ནད་ཀྱི་འགོག་བཅོས་སོགས་ཀྱི་སྐོར་ལ་ཡིན་པས།  ཁང་བརྩེགས་བདུན་པའི་ཐུམ་འབུའི་ནད་སྨན་བཅོས་ལྟེ་གནས་སུ་བཅར་འདྲིར་སོང་།  ཐུམ་འབུའི་ནད་གཞུང་ལས་ཁང་གི་གྱང་ངོས་དང་ཅོག་རྩེ།  དཔེ་སྒྲོམ་སོགས་སུ་དཀར་མཛེས་ཁུལ་གྱི་ཐུམ་འབུའི་ནད་ཀྱི་ཁྱབ་ཡུལ་དང་།  ནད་པའི་མིང་ཐོ།  སྨན་བཅོས་བྱས་ཚུལ་སོགས་ཞིབ་ཅིང་ཕྲ་བའི་ངང་པར་རིས་དང་ཡིག་ཆ།  གྲངས་ཀ་སོགས་ཀྱིས་མངོན་པར་བྱས་འདུག །དཀར་མཛེས་ཁུལ་མི་དམངས་སྨན་ཁང་ཐུམ་འབུའི་ནད་གཞུང་ལས་ཁང་གི་ཀྲུའུ་རེན་ཉི་མ་དབྱངས་མཚོས་གཟབ་ནན་སྒོས་ང་ཚོས་དཀར་མཛེས་ཁུལ་གྱི་རྫོང་ཁག་སོ་སོ་དང་གྲོང་པ་སོ་སོ།  མཐའ་ན་དུད་ཚང་གང་དག་ལ་ཐུམ་འབུའི་ནད་པ་ག་ཚད་ཡོད་ཤེས་པར་མ་ཟད།  དེ་དག་གི་གནས་ཚུལ་ཅི་འདྲ་ཡིན་པ་ཤེས་ཞེས་ཁ་ཚོན་ཆོད་པའི་ངང་ལབ་བཞིན་གྲལ་ལྟར་སྒྲིག་པའི་ཡིག་ཚགས་རྣམས་རེ་རེ་བཞིན་ང་ཚོ་ལ་བསྟན་བྱུང་བས།  ཞིབ་ཅིང་ཕྲ་བའི་ཡིག་ཚགས་དེ་དག་ལས་ཁོང་རྣམ་པས་ལས་དོན་ལ་བཅངས་བའི་འགན་འཁྲི་ཁུར་སེམས་དང་ཉམ་ཐག་ནད་པ་རྣམས་ལ་བཅངས་བའི་བརྩེ་སེམས་རྣལ་མ་དེ་མཚོན་ཐུབ།  ཁོང་གིས་དཔྲལ་བའི་སྨིན་མ་སྡུད་བཞིན་བཤད་དོན།  ང་ཚོའི་དཀར་མཛེས་ཁུལ་སེར་ཁུལ་རྫོང་ནི་འཛམ་གླིང་ལ་གྲགས་པ་ཆེ་རེད།  ཡིན་ནའང་དེ་ནི་སྲིད་འབྱོར་རིག་གསུམ་སོགས་དར་རྒྱས་ཆེ་ནས་མིན་པར།  དེ་ལས་ལྡོག་སྟེ་ཐུམ་འབུའི་ནད་ཀྱི་ཁྱབ་རྒྱ་ཧ་ཅང་ཆེ་བས་རེད།  འཛམ་གླིང་ཡོངས་ལ་ཐུམ་འབུའི་པ་ཆིག་སྟོང་ཡོད་པའི་དབང་དུ་བཏང་ན་དེ་ལས་ནད་པ་ལྔ་བརྒྱ་ནི་དཀར་མཛེས་ཁུལ་སེར་ཤུལ་རྫོང་དང་དེའི་ཉེ་འཁོར་ས་ཆའི་ནད་པ་རེད་ཅེས་ཟེར་བས།  གློ་བུར་དུ་ངའི་སེམས་སུ་གཟོད་ཐབས་མེད་པའི་ཟུག་གཟེར་གྱིས་མནར་ཞིང་།  རང་དབང་མེད་པར་འཕྲོད་བསྟེན་གྱི་ཤེས་བྱ་དམན་པའི་ཡུལ་མི་རྣམས་ཡིད་ངོས་སུ་འཆར་བྱུང་། །
དཀར་མཛེས་ཁུལ་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཀྱི་ཁྱབ་ཡུལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1