༄༅།། ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར་དང་འབྲེལ་ནས་ཞུ་སྒོམ་འཁྲུལ་ཞིག་གི་སྐོར་ལ་དཔྱད་པ།

ས་དམར་ཚེ་རིང་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 08-15



ས་དམར་ཚེ་རིང་དོན་གྲུབ།
        [གནད་བཏུས] ཕྱི་དར་གྱི་སྐབས་སུ་བླ་རབས་གདུང་འཛིན་པ་གཤེན་རྨེའུ་སྤ་དང་བྲུ། ཞུ་དང་ཁྱུང་བཅས་མང་པོ་བྱུང་། ཞུའི་གདུང་རྒྱུད་དུ་བླ་མ་གྲགས་ཅན་ཞུ་སྒོམ་འཁྲུལ་ཞིག་བྱ་བ་བྱུང་ནས། དབུས་གཙང་དང་མདོ་ཁམས་ཕྱོགས་སུ་མཛད་པ་བསྐྱངས་ཏེ་ཞལ་སློབ་ཞིག་ཆེན་བཅོ་བརྒྱད་ཅེས་པའི་སྐུ་གསུང་ཐུགས་ཀྱི་སློབ་བུ་མང་པོ་བྱུང་། ཡིན་ཡང་དུས་ད་ལྟའི་བར་དུ་ཞིག་པོའི་གདུང་རྒྱུད་ཀྱི་བུ་སློབ་བཅོ་བརྒྱད་དང་། སྒོས་སུ་ཞུ་སྒོམ་འཁྲུལ་ཞིག་གི་མི་ཚེའི་འཕྲིན་ལས་སོགས་ལ་རྒྱལ་ཕྱི་ཀུན་ཏུ་ཞིབ་འཇུག་བྱས་པའི་ཆེད་རྩོམ་སོགས་བཙལ་ཀྱང་མ་རྙེད་པས། ཆེད་དམིགས་ཀྱིས་འདིའི་རྣམ་ཐར་བཙལ་བར་བོན་གྱི་བཀའ་བརྟེན་ཆེན་མོ་ལས་རྣམ་ཐར་གཅིག་དང་། རྔ་བ་རྟོགས་ལྡན་དགོན་པའི་བླ་བྲང་དཔེ་མཛོད་དུ་སྐྱེས་རབས་རྣམ་ཐར་གཅིག་བཞུགས་པ་ལག་སོན་བྱུང་། རྣམ་ཐར་འདི་གཉིས་ནི་བོན་གྱི་རིག་གཞུང་བསམ་བློ་དང་ལྷག་པར་དུ་བོན་གྱི་འདུལ་བསྟན་ཕྱི་དར་སྐབས་ཀྱི་ཡིག་ཆ་གལ་ཆེན་དུ་མཐོང་ནས་དཔྱད་པ་བཏང་ཡོད།
        [གནད་ཚིག] འཁྲུལ་ཞིག་གི་རྣམ་ཐར། ཞུ་སྒོམ་འཁྲུལ་ཞིག

དང་པོ། ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར་མཚམས་སྦྱོར།
        བོན་གྱི་བླ་མ་ཞུ་སྒོམ་འཁྲུལ་ཞིག་ནི་བོན་བསྟན་ཕྱི་དར་ཏེ་སྤྱི་ལོ1017ལོའི་རྗེས་ཙམ་ལ་འཁྲུངས་པ་དང་། ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་གཞིས་རྩེ་གྲོང་ཁྱེར་གྱི་པ་རྣམ་རྫོང་དང་རྒྱལ་རྩེ་རྫོང་གི་མཚམས་སུ་ཡོད་པའི་སྐྱིད་མཁར་འཚོགས་མཁར་ནས་འཁྲུངས། གཡུང་དྲུང་བོན་གྱི་གནས་རི་གྲགས་ཅན་སྐྱིད་མཁར་བྲག་ཕུག་གི་སྒོམ་ཆེན་པ་ཞིག་ཀྱང་ཡིན། འདི་ལ་གཡུང་དྲུང་བོན་གྱི་ལོ་རྒྱུས་ཐོག་འཕྲིན་ལས་ཧ་ཅང་ཆེ་བས། ད་སྔའི་བར་དུ་བླ་མ་འདིའི་ཕྱག་རྗེས་ཀྱིས་ཟིན་པའི་བོན་གྱི་ཕྱག་རྒྱུན་དང་སློབ་རྒྱུན་གྱི་ཚུལ་ནི་མ་ཉམས་པར་ཡུལ་མདོ་དབུས་ཁམས་གསུམ་དང་།
སྒོས་སུ་མདོ་སྨད་ཕྱོགས་སུ་བོན་པོའི་བསྟན་པ་ལ་མཛད་པས་སྐྱོང་བའི་འཕྲིན་ལས་མངའ་ཆེའོ། ། ཕྲན་གུས་པས་འདིའི་འབྲེལ་ཡོད་ཡིག་ཆ་བཙལ་འཚོལ་བྱུང་བའི་རྣམ་ཐར་གཉིས་ཡོད་དེ། གཅིག་ནི་བོན་གྱི་བཀའ་བརྟེན་ཆེན་མོ་ཞེས་པར་བཞུགས་པ་དང་། ཅིག་ཤོས་ནི་ནག་ཆུའི་ཁྲོམ་ཚང་དགོན་དུ་བཞུགས། རྣམ་ཐར་དེ་དག་གི་མ་དཔེ་ནི་བོན་པོའི་བཀའ་བརྟེན་ལས་བཏུས་པ་དང་། གཞན་ཤེལ་ཞིག་བླ་མ་ཀུན་བཟང་བསྟན་འཛིན་ཞེས་པས་ནག་ཆུའི་བོན་དགོན་ཞིག་ཏུ་རྣམ་ཐར་དཔེ་རྙིང་ཞིག་འདུག་པར་གསུངས་ནས། ཁོང་ལ་རྒྱུ་མཚན་ཞུས་པ་བཞིན་གུས་པའི་ལག་སོན་བྱུང་།

        གཅིག བོན་པོའི་བཀའ་བརྟེན་ཁྲོད་ཀྱི་རྣམ་ཐར་མཚམས་སྦྱོར། རྣམ་ཐར་འདིའི་མ་དཔེ་ཡི་ཁོངས་ནི་གཡུང་དྲུང་བོན་གྱི་བཀའ་བརྟེན་ཆེན་མོ་ཞེས་པ་ཡིན་ལ། གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོའི་བཀའི་གསུང་རབ་རྣམས་ཞང་སྐད་ནས་བོད་ཡིག་ཏུ་བསྒྱུར་ཞིང་།
        དེ་ཕྱོགས་གཅིག་ཏུ་བསྡུས་པ་ལ་བཀའ་འགྱུར་ཞེས་ཟེར་བ་དང་། དེ་ལ་བརྟེན་ནས་བྱུང་བའམ་དེའི་དགོངས་སྙིང་རྣམ་པར་བཀྲལ་བའི་བསྟན་བཅོས་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ལ་བརྟེན་འགྱུར་ཞེས་ཟེར། ཡིན་ན་ཡང་། ཕྱི་མ་དེ་དོན་ཐོག་ཏུ་ཕལ་ཆེར་བོད་ཀྱི་མཁས་པ་རྣམས་ཀྱིས་གསུངས་པ་ཡིན་པས་འགྱུར་ཏུ་མི་འགྲོ་བའི་རྐྱེན་གྱིས། དེང་རབས་ཀྱི་མཁས་པ་ཆེན་པོ་མཁར་རྨེའུ་བསམ་གཏན་མཆོག་གིས་དེ་ལ་བཀའ་བརྟེན་ཟེར་ན་དོན་དུ་ཁེལ་བར་གསུངས། བཀའ་བརྟེན་ཆེན་མོ་ཞེས་པ་འདི་ནི་བོན་པོའི་སྟོན་པ་གཤེན་རབ་མི་བོ་ཆེའི་ཕྱི་ནང་གསང་གསུམ་གྱི་བཀའ་དུ་མ་ཡོད་པ་ལས་བསྡུས་ནས། བཀའ་འཁོར་ཐོག་མཐའ་བར་གསུམ་དུ་འདུས་པ་ཡིན་ཏེ། 《ཡེ་ཤེས་གསལ་སྒྲོན》ལས།“བཀའ་རབ་འབྱམས་ཐེག་པ་བོན་གྱི་རྒྱ་མཚོ་ཡང་། མདོར་བསྡུས་ན་ཐོག་མཐའ་བར་གསུམ་དུ་འདུས་པ་ཡིན་ཏེ”ཞེས་གསུངས་པའི་ཕྱིར་རོ། །
        དེའི་བཀའ་འཁོར་ཐོག་མ་ནི་ཀུན་རྫོབ་དྲང་སྟོན་གཙོ་བོར་སྟོན་པའི་བཀའ་ཡིན་ལ། དེར་རིག་པའི་གནས་ལྔས་བསྡུས་པའི་བཀའ་དང་ཐེག་པ་རིམ་དགུས་བསྡུས་པའི་བཀའ་གཉིས་སུ་ཡོད། བཀའ་བར་བ་ནི་བདེན་གཉིས་ཟུང་འབྲེལ་གཙོ་བོར་སྟོན་པའི་བཀའ་རྣམས་ཡིན་ཏེ། མདོ་ལས།“བར་བ་བདེན་གཉིས་ཚུལ་གསུངས་པ་སྒོ་བཞི་མཛོད་ལྔ་རུ་དབྱེ”ཞེས་པ་ལྟར་དབོན་སྲས་མན་ངག་ལུང་གི་བོན་སྒོ་དང་། ཆབ་དཀར་དྲག་པོ་སྔགས་ཀྱི་བོན་སྒོ། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྒོ། འཕེན་ཡུལ་རྒྱས་པ་འབུམ་གྱི་བོན་སྒོ་དང་། མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་བོན་སྒོ་བཅས་ལྔ་རུ་འདུས། བཀའ་མཐའ་མ་ངེས་པའི་གནད་གཙོ་བོར་སྟོན་པའི་བཀའ་རྣམས་ཡིན་ལ། དེར་ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་གསུམ་དུ་ཡོད། ཕྱི་རྒྱུད་ཅེས་པ་ཕྱི་སྤང་གི་ལམ་གཙོ་བོར་སྟོན་པའི་རྒྱུ་ཡི་ཐེག་པ་ཆེ་ཆུང་གང་རུང་གི་ལྟ་སྤྱོད་གཙོ་བོར་སྟོན་པའི་བཀའ་རྣམས་ཡིན། ནང་རྒྱུད་ཅེས་པ་བསྐྱེད་རིམ་གཙོ་བོར་སྟོན་པའི་ཨ་དཀར་ཐེག་པའི་གཞུང་དང་། རྫོགས་རིམ་གཙོ་བོར་སྟོན་པའི་ཡེ་གཤེན་ཐེག་པའི་གཞུང་དུ་གཏོགས་པའི་བཀའ་རྣམས་ནང་རིམ་གཉིས་ཀྱི་ཉམས་ལེན་དང་། བསྒྱུར་ལམ་གཙོ་བོར་འདོམས་བྱེད་ཀྱི་ཆ་ནས་ནང་ཞེས་པ་དང་གཙོ་བོ་འབྲས་བུ་ཐེག་པའི་བཀའ་རྣམས་ཡིན། གསང་རྒྱུད་ཅེས་པ་གྲོལ་ལམ་ཆིག་རྫོགས་སུ་གཙོ་བོར་སྟོན་པའི་བཀའ་རྣམས་ཡིན་ལ། དེར་བླ་མེད་རྫོགས་པ་ཆེན་པོའི་ལུགས་ཀྱི་ཁྲེགས་ཆོད་དང་། ཐོད་རྒོལ་སོགས་སྣང་བ་བཞི་གཙོ་བོར་སྟོན་པའི་སེམས་ལུང་མན་ངག་གི་སྡེ་རྣམས་གསང་ཆེན་བླ་མེད་རྫོགས་པ་ཆེན་པོ་གཙོ་བོར་འདོམས་བྱེད་ཀྱི་ཆ་ནས་གསང་རྒྱུད་ཅེས་བྱ། བོན་པོ་ལྟར་ན། སྟོན་པ་གཤེན་རབ་ཀྱི་དངོས་སློབ་མུ་ཆོ་ལྡེམ་དྲུག་གི་རིང་ནས་བཟུང་བརྟེན་འགྱུར་ཟེར་བའི་བསྟན་བཅོས་བཞུགས་ཡོད་པ་མ་ཟད། སྟག་གཟིག་མཁས་པ་དམུ་ཙ་ཏ་ཧེ་དང་། ཞང་ཞུང་མཁས་པ་ཁྲི་ཐོག་སྤར་ཙ། བོད་ཀྱི་མཁས་པ་ཤ་རུ་དབུ་ཅན། རྒྱ་གར་མཁས་པ་ལྷ་བདག་སྔགས་གྲོལ། རྒྱ་ནག་མཁས་པ་ལེགས་ཏང་རྨང་པོ་དང་། ཕྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་སོགས་ཀྱིས་བསྟན་བཅོས་དེ་དག་སོ་སོའི་སྐད་དུ་བསྒྱུར་ཅིང་རང་རང་གི་ཡུལ་དུ་སྤེལ་བར་གྲགས། ཡུལ་དེ་དག་ལས་ཞང་ཞུང་དང་བོད་ནི་སྟོན་པས་ཞབས་ཀྱིས་བཅགས་པའི་ཡུལ་ཡིན་པས། བོན་གྱི་བསྟན་པ་ཡུལ་གཞན་ལས་དར་ཆེ་བར་ཡང་བཤད། དེས་ན་རྒྱལ་བའི་བཀའ་དང་བཀའ་བརྟེན་དབྱེ་ཚུལ་ལ་རྣམ་པ་གཉིས་སུ་ངེས་པའི་དང་པོ་ནི། སྤྱིར་བཀའ་ཞེས་བྱ་བའི་སྒྲ་དོན་ནི་འཁོར་ལོ་ལ་དབང་བསྒྱུར་བའི་རྒྱལ་པོའི་བཀའ་དང་སངས་རྒྱས་ཀྱིས་གསུངས་པའི་བཀའ་རྣམ་པ་གཉིས་ཡོད་དེ། 《མདོ་དྲི་མེད་གཟི་བརྗིད》ལས།“དེ་ལྟར་འཁོར་ལོ་གསུམ་གྱིས་བསྡུས་པའི་རྒྱལ་བའི་བཀའ་དེ་ལ་རྣམ་ཆེན་མི་བོ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོས་དངོས་སུ་ཞལ་ནས་གསུངས་པའི་བཀའ་དང་། སྐུ་ཡི་རྣམ་འགྱུར་གཞན་དུ་སྤྲུལ་ནས་གསུངས་པ་དང་། སྐུ་གསུང་ཐུགས་གསུམ་གྱི་བྱིན་གྱིས་བརླབས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའ་རྣམས་སུ་ཡོད།”①ཅེས་པ་དང་།བཀའ་བརྟེན་གཉིས་སུ་དབྱེ་བའི་བཀའ་འགྱུར་ལ་བོན་པོའི་ལུགས་སུ་མདོ་འབུམ་རྒྱུད་མཛོད་བཞི་རུ་དབྱེ་བ་དང་། བཀའ་བརྟེན་ལ་སྤྱི་དང་བྱེ་བྲག་གཉིས་སུ་སྣང་མོད། སྤྱི་ནི་རྗེས་སུ་བསྟན་པའི་བོན་ལ་བདག་ཅག་གི་སྟོན་པ་ལྷ་ཡི་རྗེས་ཞུགས་ནས་འཁོར་གཡུང་དྲུང་སེམས་དཔའ་རྣམས་ལ་གསུངས་པའོ། ། 《ཉི་མ་འབུམ་གྱི་འོད་ཟེར》 ལས།“གཤེན་རབ་སྟོན་པའི་བཀའ་ལ་མུ་ཆོའི་རྟེན། ། གསུང་ལྟར་སྟོན་པའི་བསྟན་པ་ཁོ་ན་ལ། ། བསམ་པའི་རྗེས་འཇུག་མཁས་གྲུབ་མང་པོ་ཡིས། ། བཀའ་ཡི་དགོངས་འགྲེལ་ལེགས་བཤད་བཀའ་བརྟེན་ནོ། །”②ཞེས་བྱེ་བྲག་གི་བཀའ་བརྟེན་ལ་ཡང་རྣམ་པའི་སྒོ་ནས་བཞི་རུ་དབྱེ་སྟེ། བཤད་བྱ་བཀའ་ཡི་སྒོ་དང་བརྗོད་བྱའི་དོན། བྱེད་པ་ལས་དང་འཇུག་ལྡོག་མཆོག་དམན་བཅས་ལས། འདིར་བསྟན་པའི་བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར་དེ་བཀའ་བརྟེན་ལས་བརྟེན་འགྱུར་ཁྲོད་དུ་བཞུགས་པའི《བོན་གྱི་བརྟེན་འགྱུར་ཆེན་མོའི་དཀར་ཆག》ལས།“ཨང548པ་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར་དེ་བརྟེན་འགྱུར་གྱི་པོད་ཨང215ཡི་ལྡེབ་ངོས390ནས437རུ་བཞུགས”③པས་བླངས་སོ། །
        མ་ཕྱི་འདི་ནི་སློབ་དཔོན་བསྟན་འཛིན་རྣམ་དག་ཚང་གིས་བལ་ཡུལ་དོལ་པོའི་བསམ་གླིང་དགོན་ན་ཡོད་པའི་དཔེ་དཀོན་ཕྱོགས་སྒྲིག་བྱས་ནས། སྤྱི་ལོ1972ལོར་རྒྱ་གར་དོ་ལན་ཇ“Dolanji”ན་ཡོད་པའི“Tibetan Bonpo Monastic Center”ནས་པར་སྐྲུན་བྱས་པའ“Sourcefora of Bon”ཟེར་བའི་དཔེ་དེབ་ནང་ཡོད་པ་དེ་ཡིན། རྗེས་སུ་བོན་པོའི་བཀའ་བརྟེན་པར་སྐྲུན་བྱེད་སྐབས་དཔེ་དེབ་དེ་གློག་པར་བླངས་ནས་བཀའ་བརྟེན་ནང་བཞག་པ་རེད། དེ་ནས་རྣམ་ཐར་འདིའི་པར་གཞི་གཙོ་བྱས་ཏེ། སྤྱི་ལོ1981ལོར《དཔལ་ལྡན་བླ་མའི་རྣམ་ཐར་གྱི་དཀར་ཆག་མུ་ཏིག་འཕྲེང་བ་བཞུགས》ཞེས་པ་རུ་བཀོད་དེ་བཀྲམ།
        གཉིས། རྔ་བ་རྟོགས་ལྡན་བླ་བྲང་དུ་བཞུགས་པའི་སྐྱེས་རབས་རྣམ་ཐར་མཚམས་སྦྱོར། སྐྱེས་རབས་རྣམ་ཐར་འདིའི་མ་ཡིག་ནི་དབུ་མེད་བྲིས་མ་ཡིན་ལ། ད་ལྟའི་སི་ཁྲོན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་བོན་གྱི་དགོན་སྡེ་ཆེ་གྲས་སུ་བགྲངས་པའི་རྔ་བ་རྟོགས་ལྡན་དགོན་པའི་བླ་བྲང་དཔེ་མཛོད་དུ་བཞུགས། མ་ཕྱི་འདི་གཞིར་བྱས་ཏེ་ད་སྔ་དཔར་དུ་བཏབ་པའི་དཔེ་ལ། སི་ཁྲོན་དཔེ་སྐྲུན་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ཀྱིས་ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས་ཞེས་དེབ་ལྔ་བསྒྲིགས་པའི་རྣམ་ཐར་གྱི་སྐོར《རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་རྣམ་ཐར་མདོར་བསྡུས་ཚིག་བཤད་གསོལ་འདེབས་སོགས》ཞེས་པ་དང་། གཉིས་སུ་དབང་ལྡན་ཞུ་ཚང་རིག་གཞུང་འཚོལ་སྡུད་ཚོགས་པས་འགན་བླངས་པའི་ཁྲོམ་ཚང་དགོན་བཤད་སྒྲུབ་འདུས་སྡེ་ནས་པར་སྐྲུན་བྱས་པའི《དབང་ལྡན་ཞུ་ཡས་ལེགས་པོ་དང་ཞུ་སྒོམ་འཁྲུལ་ཞིག་ཆེན་པོའི་སྐྱེས་རབས་རྣམ་ཐར་བཞུགས་སོ》ཞེས་པ་གཉིས་ཡོད། གཉིས་ཀའི་མ་ཕྱི་གཅིག་ཡིན་པ་ལ་ནང་ནས་ལེའུ་ཁ་ཤས་ཀྱི་དཀར་ཆག་འགོད་ཚུལ་མི་འདྲ་བ་དང་། ལྷག་ཏུ་ཡི་གེའི་དག་ཆ་ལ་མི་འདྲ་བ་ཁ་ཤས་ཡོད། དེ་ནི་མ་ཕྱི་ཁོ་རང་དབུ་མེད་བྲིས་མ་དང་སྐུང་ཡིག་ཤིན་ཏུ་མང་བའི་རྐྱེན་ཡིན་པར་གསལ།

གསུམ། རྣམ་ཐར་མཛད་པ་པོའི་སྐོར་གྱི་དོགས་གཞིའི་སྐོར།
        ༡.མཛད་པ་པོ་ཞང་སྒོམ་རིན་ཆེན་རྒྱལ་པོ། རྣམ་ཐར་གྱི་མཇུག་བྱང་དུ།“བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་ལོ་རྒྱུས་རྒད་པོ་བླ་མ་ཆེན་པོ་དང་མཇལ་བ་འགའ་ལ་ཐུག་ནས། ཞང་སྒོམ་རིན་ཆེན་རྒྱལ་བས་བཀོད་པ་རྫོགས་སོ། །” ཞེས་རྣམ་ཐར་མཛད་མཁན་ཞང་སྒོམ་རིན་ཆེན་རྒྱལ་པོས་ཡུལ་དེའི་མི་རྒན་ཞུ་སྒོམ་འཁྲུལ་ཞིག་མཇལ་མྱོང་མཁན་འགའ་ལ་དྲིས་ནས་མཛད་པ་གསལ། དེ་ལྟར་ན་རྣམ་ཐར་འདི་དུས་རབས་བཅུ་གཉིས་ནས་བཅུ་གསུམ་གྱི་ནང་བརྩམས་པ་ཡིན་དགོས། ཡིན་ནའང་བོན་གྱི་བརྟེན་འགྱུར་དཀར་ཆག་ཏུ། རྣམ་ཐར་འདིའི་མཛད་པ་པོ་ལ་བླ་མ་ཞུ་སྒོམ་འཁྲུལ་ཞིག་རང་ཉིད་ཡིན་པར་བརྗོད་ཀྱང་དག་པར་མ་སེམས། མཛད་པ་པོ་ཞང་སྒོམ་རིན་ཆེན་རྒྱལ་པོ་ཡིན་པ་རྣམ་ཐར་དུ་གསལ་བས་སོ། ། འོ་ན་མཛད་པ་པོ་འདིའི་རྣམ་ཐར་དང་མཛད་པ་སོགས་གང་འདྲ་ཡིན་ནམ་ཞེ་ན། ད་སྔ་འབྲེལ་ཡོད་ཡིག་ཆ་སོགས་ལག་སོན་མ་བྱུང་མོད། སྤྱིར་སྔ་རབས་བོད་ཀྱི་སྐྱེས་ཆེན་དེ་ཚོ་ལ་ཆ་རྐྱེན་འཛོམས་མིན་གང་ཕྱོགས་ནས་མཛད་པ་སོགས་ཡིག་ཐོག་ཏུ་འགོད་པའི་ཚུལ་དེ་འདྲ་མེད་པས། བོན་གྱི་སྐྱེས་ཆེན་དེ་ཚོ་མང་དག་ཅིག་གཡའ་རི་གངས་བྲག་ལ་གཤེགས་ནས་མཚན་སྙན་གྲགས་དང་། ཁོང་རྣམ་པའི་མཛད་འཕྲིན་ཡིག་ཐོག་ཏུ་འགོད་པར་དེ་ཙམ་ཐུགས་མོས་མེད་ལ། ལྷག་ཏུ་དོན་གྱི་ཉམས་ལེན་པ་ཁོང་རྣམས་ལ་དེ་བས་མེད། ཡིན་ནའང་ཞང་སྒོམ་རིན་ཆེན་རྒྱལ་པོའི་མཚན་ཟུར་གྱི་ཞང་ཞེས་པའི་མཁས་པ་ནི་བན་བོན་རིས་མེད་ཀྱི་ཆོས་ལུགས་ཁྲོད་དུ་ཧ་ཅང་མང་པོ་བྱུང་འདུག། ཁོང་རྣམས་ཞང་ཞེས་འབོད་དོན་མང་པོ་ཞིག་གི་གདུང་རུས་ཞང་ཡིན་པར་གསལ། དཔེར་ན། བཙན་པོའི་སྐབས་སུ་སྟོད་ན་ཞང་འབྲོ། སྨད་ན་ཞང་མཆིམས། བར་ན་ཞང་སྣ་ནམ། བློན་པོ་སྦས་རྣམས་ལ་ཞང་གསུམ་བློན་དང་བཞི་ཞེས་སྐུ་ཞང་དང་བློན་ཆེན་གྱི་བྱ་བ་བྱེད་དོ། ། དུས་རབས་དང་པོ་ནས་ཞང་གི་རུས་རྒྱུད་དུ་གྲགས་ཆེ་བ་ལ་ཞང་ཨ་སོ་གཙུག་ཕུད་དང་། ཞང་ཨ་ལ་ནན་ཅི། ཞང་མཚོ་མི་ཀུན་སྣང་། ཞང་ཏོ་རེ་ལྷས་བྱིན། ཞང་ཁྲི་སུམ་རྗེ་སོགས་ཤིན་ཏུ་མང་། ད་རུང་བོན་གྱི་ཞང་སྟོན་བསོད་ནམས་རྒྱལ་མཚན། ཞང་སྟོན་དམ་པ་ཚུལ་ཤེས། ཞང་སྟོན་བསོད་ནམས་རིན་ཆེན། ཞང་སྟོན་ཁུ་དབོན། ཞང་སྟོན་བསོད་ནམས་དཔལ། ཞང་སྟོན་ཝེར་ཞི་བཅས་ཞང་སྟོན་གྱི་བླ་མ་དེ་ཚོ་དུས་རབས་བཅུ་པ་ནས་བཅུ་བཞིའི་བར་གྱི་བླ་མ་དང་། ཡང་སྟོད་ལུང་འབྲི་ལུང་དགོན་པའི་ཞང་དམ་པ་ཚུལ་ཤེས་ནས་ཕྱིས་སུ་གོང་ས་ལྔ་པའི་དུས་བར་དུ་ཞང་གི་གདུང་འཛིན་ནས་བསྐྱངས་པ་དང་། སྐབས་དེ་ཤེད་དུ་ལྷ་སའི་ཉེ་འཁོར་གཞན་འགར་ཡང་བོན་བླ་ཞང་གི་གདུང་འཛིན་ཡོད་པར་སྐད། ཡང་མཁས་པ་ལ་ཤས་ཀྱིས་དུས་རབས་བཅུ་པའི་སྟོད་ཀྱི་ཨ་ཙ་ར་མི་གསུམ་གྱི་གཏེར་རྒྱུད་གཟན་བན་གྱི་སློབ་མ་ཀ་བ་བཞི་དང་གསང་བ་ལྔ་ཡི་ནང་ཚན། སྙི་བྱེད་ཀྱི་སློབ་མ་རྨེའུ་ལྷ་རི་གཉན་པོའི་ཡབ་རྨེའུ་རོག་པོ་དཔལ་གྱིས་ཕུར་པ་ཞུ་སའི་སློབ་དཔོན་ཞང་སྒོམ་རིང་མོ་དེ་ཡིན་པར་བཤད། ཡིན་ཡང་འདི་དུས་ད་རུང་བླ་མ་ཞུ་སྒོམ་འཁྲུལ་ཞིག་འཁྲུངས་མེད་པས་བརྟག དེས་ན་གུས་པས་ཁོང་ནི་དྭགས་པོ་བཀའ་བརྒྱུད་ལུགས་ཀྱི་གཏེར་སྟོན་ཞང་སྒོམ་རིན་ཆེན་རྒྱལ་ཞེས་པ་དེ་ཡིན་ནམ་སྙམ། གང་ཡིན་ཞེ་ན་ཞང་སྒོམ་རིན་ཆེན་རྒྱལ་ཞེས་པས་སྤྱི་ལོ1224ལོར་སྔོ་ཕུག་བྲག་ཏུ་ཕྱིན་སྐབས་སུ། སྙིང་ཐིག་གི་བླ་མ་ཆེན་པོ་ཞང་ཇོ་འབེར་གྱི་དྲུང་ནས་ཕྱག་རྒྱ་ཆེན་པོ་ཁ་འཐོར་གྱི་གདམས་པ་གསན་ནས་ལོ་གསུམ་ལ་བཞུགས། དེ་ནས་བོན་ཞིག་གཡུང་དྲུང་གླིང་བ་མཇལ་ནས་རྫོགས་ཆེན་གསེར་ཐུར་གྱི་ཞལ་ལུང་གསན། སྤྱི་ལོ1257ལོར་དྭགས་ལྷ་སྒམ་པོའི་སྟོད་ཀྱི་མཚེའུ་ཞིག་ཏུ་སྦས་པའི་གཏེར་ཆོས་རྣམས་གཏེར་ལས་བཏོན། གཏེར་ཆོས་འདི་ནི་ཟུར་མང་སྙན་བརྒྱུད་ལ་ཁྱབ་གདལ་དུ་གྱུར། དགུང་ལོ་གྱ་གསུམ་ལ་བཞུགས་པས་མཐར་དྭངས་ར་ནས་གཤེགས་པ་སོགས་བསྟན་རྩིས་དག་ལས་གོང་བསྒྲིགས་ན་གསལ་བས། གུས་པའི་ལག་སོན་ཡིག་ཆ་ལྟར་བླ་མ་ཞུ་སྒོམ་འཁྲུལ་ཞིག་སྤྱི་ལོ1250ལོར་འདས་པས། གྲུབ་མཐའ་རིས་མེད་དུ་ཞུགས་པའི་ཞང་སྒོམ་རིན་ཆེན་རྒྱལ་ཡང་སྐབས་དེར་བཞུགས་པས་ཡིན་པར་སྙམ།
        ༢.མཛད་པ་པོ་གླང་ཞིག་ཆེན་པོའི་སྐོར། སྐྱེས་རབས་རྣམ་ཐར་འདི་ནི་ལ་ཤས་ཀྱིས་ཞུ་སྒོམ་འཁྲུལ་ཞིག་གི་རང་རྣམ་ཁོ་ན་ཡིན་པར་བཤད་པས། མཛད་པ་པོའང་བླ་མ་ཁོ་རང་ཉིད་ཡིན་པར་བཤད། ཡང་ལ་ཤས་ཀྱིས་རྣམ་ཐར་འདི་མཛད་པ་པོ་བེ་རི་ཁྲོ་གཉན་རྒྱལ་མཚན་ཡིན་པར་བཤད། གུས་པས་དེ་གཉིས་ཀ་མ་ཡིན་ཞེས་བརྗོད་དཀའ་ཡང་བརྟག་བྱ་ཡོད་དེ། སྔ་མ་རང་རྣམ་ཡིན་པར་བརྗོད་པ་ནི་སྐྱེས་རབས་རྣམ་ཐར་འདི་དཔེ་སྐྲུན་བྱེད་མཁན་དག་གིས་བརྗོད་པ་དང་། ཕྱི་མ་བེ་རི་ཁྲོ་གཉན་གྱིས་མཛད་ཅེས་པ་ནི་ཁོང་གི་གསུང《ཆས་པའི་རི་ཁྲོད་ཀྱི་དཀར་ཆག་མུ་ཏིག་འཕྲེང་མཛེས》ལས།“དགུང་ལོ་གྱ་བདུན་ལ་ཆས་པའི་རི་ཁྲོད་ནས་ཞུ་སྒོམ་མཇལ། བླ་མའི་གསུང་གི་གདམས་ངག་གསན་ནས་སྙན་དུ་ཞུ་སྒོམ་རྣམ་ཐར་ཕབ།”④ཅེས་པའི་ཚིག་དུམ་འདིས་བརྗོད་པ་ཡིན། ཡིན་ནའང《ཞུ་སྒོམ་འཁྲུལ་ཞིག་ཆེན་པོའི་སྐྱེས་རབས་རྣམ་ཐར་བཞུགས་སོ》ཞེས་པ་ལས།“རྨ་རྒྱུད་སྐུ་བླ་བྲག་དཀར་རྩེ་རྫོང་ནས་དགུན་ཟླ་འབྲིང་པོོའི་ཚེས་བཅོ་ལྔའི་ཉིན་ཁྲི་གདུགས་ཉི་མའི་རྩེ་ཤར་ལ། ཕུང་པོ་ལྷག་མ་མ་ལུས་པ། མཁའ་ལ་གཞའ་ཚོན་འོད་དུ་སངས་རྒྱས་ཏེ་སོང་ངོ་། །
        རྗེས་སུ་ཡོད་པའི་སེམས་ཅན་ཐམས་ཅད་དད་མོས་གུས་པའི་སྒོ་ནས་ཤིན་ཏུ་ཡི་རང་བའོ། ། རྗེས་འཇུག་གི་སློབ་མ་རྣམས་ལ་ཕན་པའི་ཆེད་དུ་གླང་ཞིག་ཆེན་པོས་རྣམ་ཐར་བཀོད་པས།”⑤ཞེས་རྣམ་ཐར་འདི་མཛད་པ་པོ་གླང་ཞིག་ཆེན་པོ་ཡིན་པར་གསལ། དེ་ལྟར་ན་བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་སྐྱེས་རབས་རྣམ་ཐར་འདི་ནི་རང་རྣམ་དང་གཞན་རྣམ་གཉིས་ཀས་གྲུབ་པར་གསལ། ལེའུ་བརྒྱད་ཅུ་ཡོད་པ་ལས། ལེའུ་སྔ་མ་བདུན་ཅུ་ལྷག་བླ་མ་ཞུ་སྒོམ་འཁྲུལ་ཞིག་རང་ཉིད་ཀྱིས་མཛད་པར་གསལ། དེ་ནི་ལེའུ་འདི་དག་ཏུ“ང”དང“བདག”“ཞུ་སྨྱོན་ངས”སོགས་དང་། མཇུག་གི་ལེའུ་ཁག་གཅིག་རང་རྣམ་དུ་མི་གཏོགས་པས་མྱ་ངན་འདས་པའི་གནས་སོགས་ཡོད་སྟབས་གླང་ཞིག་གིས་ཁ་སྐོང་དུ་མཛད་པར་གསལ། འོ་ན་གླང་ཞིག་ཅེས་པ་གང་ཡིན་ཞེ་ན། གླང་ཞིག་རྒྱལ་བ་བློ་གྲོས་ཡིན་ནམ་སྙམ། དེ་ནི་གོང་ནས་བརྗོད་པའི་བེ་རི་ཁྲོ་གཉན་རྒྱལ་མཚན་གྱིས་ད་ལྟའི་ཅོ་ནེ་རུ་ཡོད་པའི་ཀ་རི་བཞི་མདོ་ནས་དགོན་པ་བཏབ་པ་དང་། རྗེས་སུ་དགོན་དེ་མདོ་སྨད་གཡུང་དྲུང་སྡེ་བདག་བདུན་གྱིས་བསྐྱངས། དེ་རུ་གླང་ཞིག་རྒྱལ་བ་བློ་གྲོས་ཡོད་པས་བེ་རུ་ཁྲོ་གཉན་གྱི་མདུན་ནས་བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར་གསན་པར་སྙམ་པས། གུས་པས་སྐྱེས་རབས་རྣམ་ཐར་འདི་ནི་རང་རྣམ་དང་གཞན་རྣམ་གཉིས་ཀས་གྲུབ་པར་འདོད་ལ། མཛད་པོའང་བླ་མ་ཞུ་སྒོམ་འཁྲུལ་ཞིག་དང་གླང་ཞིག་རྒྱལ་བ་བློ་གྲོས་གཉིས་ཡིན་པར་འདོད། དེ་བས་གླང་ཞིག་རྒྱལ་བ་བློ་གྲོས་ནི་ཞང་ཞུང་སྟོང་རྒྱུད་མཐུ་ཆེན་གྱི་རྣམ་རོལ་དུ་གྲགས་པས།“ཆུང་དུས་ནས་རང་བྱུང་རྟོགས་པ་ལྷན་སྐྱེས་མངའ། ། འབྲི་ཀློག་ལ་སོགས་མ་བསླབ་རང་བརྡོལ་མཁྱེན། ། འཁྲུལ་ཟད་བླ་མ་མང་པོ་གཙུག་ཏུ་བསྟེན། ། མདོ་སྔགས་སེམས་གསུམ་ཟབ་དོན་དུ་མ་ཡི། ། ཐོས་བསམ་སྒོམ་པས་གནས་ལུགས་གཏན་ལ་ཕབ། ། དབེན་པའི་གནས་དེར་ཉམས་བཞེས་ཀུན་བཟང་གི ། དགོངས་པ་མངོན་གྱུར་གདོད་མའི་བཙན་ས་ཟིན། ། ཞལ་སློབ་རང་གྲོལ་རྣལ་འབྱོར་གྲངས་མང་བྱོན། །གསང་སེམས་བསྟན་པ་ཕྱོགས་ཁྱབ་བདལ་པ་མཛད། །བསྟན་འགྲོའི་མཛད་འཕྲིན་ཡོངས་སུ་མཐར་ཕྱིན་ནས། །གཞོན་ནུ་བུམ་སྐུའི་ཀློང་དུ་ངལ་གསོལ་མཛད། །”⑥ཅེས་གླང་ཞིག་བླ་རབས་གསུམ་པ་ཡིན་པར་བཤད། འདིའི་འཁྲུངས་འདས་ལོ་ཚིགས་སོགས་མ་ངེས་མོད། རྒན་ངག་དབང་རྒྱ་མཚོས་སྨན་རིའི་ཡིག་ཆ་ཁག་ལས་གླང་ཞིག་རྒྱལ་བ་བློ་གྲོས་ནི་ཅོ་ནེ་ནས་འཁྲུངས་པར་བཤད་པས་ཡིག་ཁུངས་མ་རྙེད་དོ། །

གཉིས་པ། རྣམ་ཐར་ལས་ཞུ་སྒོམ་འཁྲུལ་ཞིག་གི་སྐོར་བཤད་པ།
        བོན་གྱི་བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་འཁྲུངས་ཡུལ་ལ་དཔྱད་པ་ཁ་ཤས་ཡོད་ཀྱང་། 《བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར》ལས།“བླ་མ་ཆེན་པོ་དེ་ཡུལ་སྐྱིད་མཁར་འཚོགས་ཁར་སྐུ་འཁྲུངས”⑦ཞེས་པས་གསལ་བོར་རྟོགས་ལ། ད་ལྟའི་གཞིས་རྩེ་གྲོང་ཁྱེར་གྱི་པ་རྣམ་རྫོང་དང་རྒྱལ་རྩེ་རྫོང་གི་མཚམས་སུ་ཡོད། ཁོང་དགུང་ལོ་ཆུང་དུས་མཚན་ལ་ཞུ་འབུམ་མེ་གསོལ། ལྷ་རྗེ་ཇོ་མཁར་གྱིས་བདག་གཉེར་མཛད་པས་ཇོ་སྲས་ཀྱང་ཟེར། ཡབ་ཀྱིས་སྨན་མར་གསོལ་འཕྲོ་ཞིག་གནང་ནས། ཞི་ཁྲོའི་དབང་བསྐུར་བྱིན་རླབས་མཛད། གཏོར་དབང་སྐབས།“སྒོང་ནང་གཤོག་རྩལ་རྒྱས་པ་ལྟ་བུར་ཤོག།། ཚིག་བོར་དོན་ལ་ཞུགས་པར་ཤོག ། རང་ངོ་རང་གིས་ཤེས་པར་ཤོག ། སེམས་ཅན་འདྲེན་སྟོན་ནུས་པར་ཤོག།།”ཅེས་གསུངས་ནས་ཡབ་གཤེགས་རྗེས། ལྷ་རྗེ་ཇོ་མཁར་ལ་སྒོམ་མང་དུ་ཞུས། རི་རྩེ་སོགས་སུ་རྡོ་གཡའ་མ་བརྩིགས་ནས་སྒྲོམ་དུ་བཞུགས་ཏེ་དགོངས་པ་མཛད་པས་རྟོགས་པ་ཤར། དགུང་ལོ་བཅུ་བཞི་བཞེས་དུས་མཐུ་ནུས་འགྲན་ནས་སེར་བ་བཀག དགུང་ལོ་བཅུ་བཞི་ནས་ཉེར་བཞིའི་བར། ཇོ་གཤེན་མདུན་དུ་ཐོས་བསམ་སྒོམ་པ་ཟུང་འབྲེལ་དུ་སྦྱངས་པ་ནན་ཏན་མཛད། གཅེན་སྒྲོལ་བ་གཤེན་རྒྱལ་རིན་པོ་ཆེ་ནས་ཟས་གོས་ཇི་ལྟར་གནང་ན་ཡང་། ལོངས་སྤྱོད་དང་སྲིད་པའི་ཕུན་ཚོགས་ལ་མི་མཉེས་པར་འཁྲི་བ་རྦད་ཀྱིས་བཅད། འཁོར་དང་ཟང་ཟིང་ལ་མི་དགའ་བར་གཅིག་པུར་དབེན་གནས་བསྟེན། སྔར་ཡོད་ཀྱི་དཔེ་གླེགས་བམ། ས་ཞིང་ཁང་ཁྱིམ་སོགས་ཡབ་ཀྱིས་སྐལ་ཕོག་གནང་བ་མཐའ་དག་གཅེན་ཇོ་གཤེན་ལ་ཕུལ་ནས། རྩེ་སྨན་རིར་ལོ་ལྔ་ལ་བཞུགས་ནས་ཚིག་བོར་དོན་ལ་ཞུགས་པའི་སྒོམ་སྒྲུབ་མཛད། ཀུན་ཏུ་བཟང་པོ་ཚད་མེད་འོད་ལྡན་གྱི་ཞལ་མཇལ། ཤངས་ནས་རྣག་ཁྲག་སོགས་བུད་ནས་སྒྲིབ་པ་བྱང་བའི་རྟགས་ཤར་ཡང་དཀའ་སྤྱད་མཛད་ནས་ཕྱག་འཚལ་སྒོམ་སྒྲུབ་ལ་འབད། དེ་ནས་ལོ་ལྔར་རིག་པའི་ཡེ་ཤེས་ཀུན་བཟང་ཐིག་ལེ་ཉག་གཅིག་གི་ཞལ་མངོན་སུམ་དུ་མཐོང་ནས་འཁྲུལ་པ་དབྱིངས་སུ་ཞིག རྫོགས་པ་ཆེན་པོའི་བདེ་གསལ་མི་རྟོགས་པའི་དགོངས་པ་རྒྱུད་ལ་ཤར་བས་མཁྱེན་པའི་རྒྱ་རལ། སྒོམ་ཆེན་མ་པདྨ་རྒྱན་དང༌ར་མོ་བཀྲ་ཤིས་སྐྱིད་ཕྱག་རྒྱ་མར་བསྟེན་ནས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་ཏེ། དབང་བཞི་པའི་ཉམས་ལེན་མཐར་ཕྱིན། སྐལ་ལྡན་ཕོ་མོ་མང་པོ་སྨིན་གྲོལ་མཛད། ལྷ་རྗེ་ཇོ་ཐོག་པས། རིགས་རུས་ཆོ་འབྲང་བཟང་པའི་ལྕམ་བཞེས་དགོས་ཚུལ་བཀའ་བཀྱོན་དང་བཅས་ཏེ་གསུངས་པ་ལ། ཆགས་མེད་འགག་མེད་ཀྱི་མགུར་བླངས་པས། ལྷ་རྗེ་ནས་ཀྱང་སྣང་ཚུལ་མི་རུ་འདུག་པ་ལས། རྟོགས་པ་ལྷ་སྐུར་ཤར་འདུག་ཅེས་ཐུགས་དགྱེས་དགྱེས་མཛད། དེ་ནས་ཚོགས་ཁ་ལྷ་ཁང་དུ་བཞུགས་ནས། རང་སྣང་དབང་དུ་འདུས་པས་གཞན་སྣང་ཟིལ་གྱིས་མནན་ཅིང་འགྲོ་དོན་མཐའ་རྒྱས་བྱུང༌། སྒོམ་ཆེན་ཕོ་མོ་མང་དུ་འདུས། སྐྱིད་མཁར་དུ་བྱོན་ནས་གདམས་ངག་མང་པོ་གསུངས། དམ་པ་འདི་ཉིད་སྤྱིར་བོད་ཡུལ་སྟོད་སྨད་བར་གསུམ་ལ་འགྲོ་དོན་བྱིན་རླབས་རྒྱ་ཆེ་བས་ཞལ་སློབ་མང་པོ་བསྐྱངས།

གཅིག ཞུ་སྒོམ་འཁྲུལ་ཞིག་གི་གདུང་རྒྱུད་འཁྲུངས་འདས་སོགས་བཤད་པ།
        1.རུས་སམ་གདུང་རྒྱུད་ངོས་འཛིན་བྱ་བ། བོན་བསྟན་ཕྱི་དར་གྱི་སྐབས་སུ་བླ་མ་གཤེན་ཆེན་ཀླུ་དགས་འབྲུག་མཚམས་ནས་བོན་གཏེར་བཞེས་པ་དང་། ཕྱིས་སུ་བཀའ་བབས་ཀྱི་བུ་སློབ་བཞི་སོགས་བྱོན་ནས་གཤེན་དང་བཅས་པའི་བྲུ་ཞུ་སྤ་རྨེའུ་དང་ཁྱུང་གི་གདུང་རྒྱུད་སོགས་ཆེ་ཁག་དྲུག་ཙམ་བྱུང་། འདི་དག་ནི་གཡུང་དྲུང་བོན་གྱི་ལུགས་སུ་ཆོ་གའི་ཕྱག་ལེན་སོགས་འདྲ་བོ་མེད་པའི་གྲུབ་མཐའ་ཁག་གཅིག་ཀྱང་ཡིན་པར་བཤད། དེ་བས་འདི་དག་གི་འབྲེལ་བ་ནི་དགེ་སློབ་ཀྱི་འབྲེལ་བ་ལས་བྱུང་བའི་འདུལ་འཛིན་དག་མ་ཤ་སྟག་ཡིན། ཐོག་མར་བཀའ་བབས་ཀྱི་སློབ་མ་ཞུ་ཡས་ལེགས་པས་གཤེན་ཆེན་ཀླུ་དགའ་ལས་བོན་ཞུས་ཚུལ་ནི་ཞུ་ཡས་ལེགས་པོའི་རྣམ་ཐར་ལས།“ཞུ་ཡས་ལེགས་པོ་དགུང་ལོ30སྟེང་ཐོག་མར་བླ་མ་གཤེན་ཆེན་ཀླུ་དགའ་ལ་མཇལ། དེ་དུས་བླ་མ་གཤེན་ཆེན་དགུང་ལོ36ཡིན།”⑧ཞེས་པས་ཕལ་ཆེར་སྤྱི་ལོ1032ཙམ་དུ་དགེ་སློབ་ཀྱི་འབྲེལ་བ་བྱུང་བར་འདུག འདི་ལ་བྱང་སེམས་གབ་པ་སོགས་སེམས་ཕྱོགས་ཀྱི་བཀའ་བབས། དར་རྒྱས་གསལ་སྒྲོན་ལས།“བླ་མ་སྤ་སྟོན་དཔལ་མཆོག་དེ་བླ་མ་གཤེན་དང་མཇལ་དུ་བྱོན་ནས། བླ་མ་བསྙུང་བ་དམ་པས་ཟིན་པ་དང་མཇལ་ཏེ། གྲོང་ཁར་ཁྲོ་བོ་དབང་ཆེན་ལ་སོགས་བོན་གྲངས་མང་བ་དང་། དབང་ཆུ་བོ་རབ་འབྱམས་ལ་སོགས་པའི་ཤོག་སེར་དབང་ལུང་དང་བཅས་པ་གནང་ནས། ལས་ཅན་གསང་སྔགས་ཀྱི་བདག་པོ་ཞིག་འདུག་གིས་བྱིན་རླབས་ཀྱི་རྫས་རྣམས་དང་། ཆ་ལག་བཀྲོལ་བྱང་ཞིབ་པར་འཛི་སྟོན་ལ་ནོས་ཤིག་གསུངས་ནས་ལུང་བསྟན། ”⑨ཞེས་སྤ་སྟོན་དཔལ་མཆོག་གིས་གཤེན་ཀླུ་དགའ་ནས་བོན་སོགས་དངོས་སུ་མ་ཐུབ་ཀྱང་། བླ་མའི་ལུང་བསྟན་བཞིན་དུ་འཛི་སྟོན་བླ་མ་ལ་གཏོར་མ་ཤ་ཁྲག་གི་དངོས་གྲུབ་གནང་བའི་ཁྲོ་བོ་དབང་ཆེན་ལ་སོགས་གསང་སྔགས་ཀྱི་བཀས་བབས། 《བོན་གྱི་ལོ་རྒྱུས་མདོར་བསྡུས་གནད་ཀྱི་ཕྲེང་བ》ལས། “ཅོག་ལ་གཡུ་སྐྱིད་ལ་ཁམས་ཆེན་གནང་བ་དང་། བྲུ་ཤ་ནམ་མཁའ་གཡུང་དྲུང་དང་སྲས་ཁྱུང་གི་རྒྱལ་མཚན་གཉིས་ལ་སྣང་སྲིད་མཛོད་ཕུག་སོགས་ཚད་གཞུང་གནང་།”⑩ཞེས་བརྗོད་པ་ལྟར་ན་བཀའ་བབས་ཀྱི་སློབ་མ་བཞི་ལ་མདོ་སྔགས་གཉིས་ཀྱི་སྒོ་ནས་བོན་གྱི་བསྟན་པའི་སྲོག་ཤིང་གི་སྒོ་ལྟ་བུའི་སྲོལ་བསྐྱར་དུ་ཕྱེ་ནས་བྲུ་ཚང་དང་སྤ་ཚང་། རྨེའུ་ཚང་དང་ཞུ་ཚང་། ཁྱུང་གི་གདུང་རྒྱུད་བཅས་ཀྱི་བསྟན་པ་སྤེལ་པས། ཞུ་ཚང་ནི་དེའི་གྲས་ཀྱི་གདུང་རྒྱུད་བླ་རབས་འཛིན་མཁན་གྱི་ལུགས་ཆེ་གྲས་ཤིག་ཡིན། ཞུ་སྒོམ་འཁྲུལ་ཞིག་ནི་ཞུ་ཚང་གི་གདུང་འཛིན་བླ་རབས་ཡིན་པས་རི་ཞིང་ཞུ་དང་སྐྱིད་མཁར་ཞུ། དབང་ལྡན་ཞུ སོགས་འབོད་ཚུལ་ཡོད་ཀྱང་། དོན་དུ་ཞུ་ཞེས་པ་འདི་ཐོག་མར་འབྲི་ཞེས་པའི་རུས་རྒྱུད་དེ་གཙང་གི་ས་ཆ་གཞུ་ཡི་བ་མོ་ཟེར་བའི་ལུང་དུ་གཞིས་ཆགས་ནས་ས་མིང་རུས་ལ་ཐོགས་པར་བཤད། འབྲིའི་རུས་རྒྱུད་འདི་བོད་རྒྱལ་གྲི་གུམ་བཙན་པོའི་སྐབས་ཀྱི་སྟོབས་ཤུགས་ཆེས་ཆེ་བའི་ཁྱིམ་རྒྱུད་ཅིག་ཡིན་པ 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》ལས།“དབང་ལྡན་ཞུ་ཡི་གདུང་རབས་ནི། ། ཐོག་མར་སྨུག་པོ་གདོང་གི་ནང་མཚན་དུ། ། སྟོད་དུ་བ་ཚབ་འབྲི་གཡས་གཉིས་ཡོད་པའི། ། འབྲི་གཡས་གདུང་འཁྲུངས་འདུར་གསས་ལ་སྔ་བ། ། གྲི་གུམ་འདུར་འདྲེན་གཤེན་མང་སྤྱན་འདྲེན་སྐབས། ། འདུར་ཕུག་སུམ་བརྒྱ་དྲུག་ཅུ་ཐུགས་མཁྱེན་པའི། ། འཕན་ཡུལ་འཕུར་གཤེན་ཁ་འབྱམས་དྲག་པོའམ། ། གཡས་བོན་ལྕགས་ཀྱི་བྱ་རུ་ཅན་བྱ་བའི། ། གདུང་ལས་གྲོལ་བའི་རིགས་དེ་ཞུ་གཡས་རིགས། །”ཞེས་པས་རུས་ལྡོང་ངམ་གདོང་གི་ནང་ཚན་འབྲི་ཞེས་པ་ཡིན་པར་གསལ། གཞན་དོགས་པ་སློང་དགོས་པ་ཞིག་ལ། ད་སྔ་ལག་སོན་བྱུང་མེད་པའི་དཔེ་དཀོན་ཡིག་ཆ《བ་ཞིག་རྟོགས་སྤྲུལ་གྱི་རྣམ་ཐར་རིན་ཆེན་ཕྲེང་རྒྱན་ཞེས་བྱ་བ》ལས།“ཞང་སྒོམ་འཁྲུལ་ཞིག་གི་ཡབ་ཁྱུང་ཁྲ་འོད་དཀར་གྱིས་རབ་བྱུང་དང་པོ་རུ་ཞུ་ཇོ་འཁར་ལ་སྔོ་བྲག་རི་ནས་སྒྲུབ་པ་མཛད་དེ། གཅུང་འཁྲུལ་ཞིག་གིས་མཚན་རྟགས་མང་པོས་ཕ་དམ་པའི་ཞལ་མངོན་དུ་གཟིགས།”ཞེས་པའི་ཚིག་དུམ་འདི་ནི་ལོ་རྒྱུས་ཀྱི་གནད་ཆེ་བ་ཞིག་ཡིན་པར་འདུག འདི་ལས་བསྟན་པའི་ཞང་སྒོམ་དང་ཁྱུང་ཁྲ་ཞེས་པ་ལ་གཞིགས་ན། ཞུ་སྒོམ་འཁྲུལ་ཞིག་དེ་དམ་པ་ཁྱུང་གི་གདུང་འཛིན་ལྟ་བུར་ངེས་ཀྱང་། དཔེ་དཀོན་དེ་རུ་ཚིག་དུམ་འདི་ལས་གཞན་གསལ་ཆ་མེད་པས་བརྟག་དགོས། འོན་ཀྱང་ཞུ་སྒོམ་འཁྲུལ་ཞིག་གི་མཚན་ལ་ཁྱུང་སྒོམ་འཁྲུལ་ཞིག་ཅེས་བྲིས་པ་ཡོད། 《གླིང་ཞིག་བླ་མའི་ལུང་བསྟན》ལས།“གདུང་རྒྱུད་ཞང་ཞུང་སད་ན་གའུ་ཞེས། ། གར་གཤོག་སྟག་ཤམ་འཕྲུལ་ཡིག་རྫོགས་ཅན་བྱོན། ། གང་དེའི་སྲས་རྒྱུད་ཁྱུང་སྒོམ་འཁྲུལ་ཞིག་མཆོག། དབུས་གཙང་སྟོད་སྨད་ཀུན་ཏུ་འགྲོ་དོན་མཛད། ། མི་དང་མི་མིན་ལྷ་འདྲེ་དབང་དུ་བསྡུས། །”ཞེས་པས་ཁྱུང་གི་གདུང་རྒྱུད་ཙམ་ངེས། ཡིན་ཀྱང་དམ་པ་ཁྱུང་གི་གདུང་རྒྱུད་བླ་རབས་སོགས་སུ་མི་སྣང་བས་གསལ་ཐག་ཆོད་པར་དཀའོ། །
        ཞུ་ཚང་གི་གདུང་རྒྱུད་འདི་གདུང་རྒྱུད་གཞན་པ་ལྟར་དགོན་པ་འདེབས་པ་དང་བླ་རྒྱུད་སོགས་ཀྱི་སྲོལ་དེ་འདྲ་མེད། འོན་ཀྱང་གཡུང་དྲུང་བོན་གྱི་ལོ་རྒྱུས་ཁྲོད་དུ་ཞུའི་འདུར་ཐབས་ཞེས་མིང་གྲགས་ཤིན་ཏུ་ཡོད། དུས་རབས་བཅུ་པའི་གཡས་གཡོན་དུ་ཞུ་ཚང་གི་ཁྱིམ་རྒྱུད་དབུས་གཙང་བརྒྱུད་དེ་ས་སྐྱའི་སར་བྱུང་ལ། གནས་ཤབ་བ་མོ་ཆེ་ཞེས་པར་གཞིས་ཆགས། དེ་ནས་བོན་གྱི་སྐྱེས་ཆེན་ཞུ་ཡས་ལེགས་པོ(1002-1067)བྱུང་ནས་ཞུ་ཚང་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་མི་སྣ་ཐོག་མར་གྲགས། ཁོང་གི་འབྲེལ་ཡོད་ཡིག་ཆ་ལྟར་ན་བླ་མ་གཤེན་ཆེན་ཀླུ་དགའ་ལ་ཐོག་མར་མཇལ་མཁན་ཡིན་པར་གྲགས། 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》ལས།“བླ་མ་གཤེན་ཆེན་གྱི་མདུན་ནས་ཏག་ཏག་ལོ་ངོ་བརྒྱད་ལ་དཀའ་སྡུག་མྱོང་བས་གཟོད་བོན་སོགས་མང་པོོ་གནང”ཞེས་བཀོད། གཞན་ད་དུང་ཞུ་ཡས་ལེགས་པོ་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤར་མཇལ་བའི་ཚུལ་ཡོད་དེ། 《གནད་ཀྱི་ཕྲེང་བ》ལས།“ཁོང་གིས་བླ་མ་གཤེན་ཆེན་ནས་བོན་གསན་རྗེས། རང་ཡུལ་སྐྱིད་མཁར་དུ་ལོག་དུས་ཇོ་བོ་ཨ་ཏི་ཤ་དང་མཇལ། ཁོང་དང་ཇོ་བོ་གཉིས་ཀྱིས་དམ་ཆོས་དང་བོན་ཆོས་ཐད་ནས་རང་གི་ལྟ་ཚུལ་བཏོན་པར”བཤད། གདན་ས་ལ་སྟོད་སྨད་བར་རྒྱུད་གསུམ་དུ་བཤད། སྟོད་ལ་སྤྱི་ལོ1050ཙམ་ལ་ཞུ་སྐྱེ་སེ་ཆེན་དང་སྒྲོལ་བ་གཤེན་རྒྱལ་གྱིས་སྐྱིད་མཁར་རི་ཞིང་རྩ་ཕུ་ཕོ་བྲང་བཏབ་ནས་སྔགས་སེམས་ཀྱི་བཤད་སྒྲུབ་ཤིན་ཏུ་རྒྱས་པར་སྤེལ། སྤྱི་ལོ1190ལོར་ཞུ་ཡི་གདན་ས་གཙོ་བོ་དབང་ལྡན་ལྷུན་གྲུབ་སྒང་བྱ་བ་བཏབ། དེར་ཞུ་ཡི་བླ་མ་ཁྲི་གདུང་ཏིམ་བྱོན་དང་རྟོགས་ལྡན་ཤེས་རབ་འབུམ། ཤར་ཆེན་རྒྱལ་མཚན། སྐྱས་མགོན་རིན་ཆེན་འོད་ཟེར་སོགས་ཀྱིས་རྒྱས་པར་བསྐྱངས། བར་བ་ནི་སོག་གཡུང་དྲུང་གླིང་དགོན་ཞེས་པ་ཡིན་ཞིང་། ཐོག་མ་ནས་ཞུ་ཚང་གི་གདན་ས་མ་ཡིན་པར་བར་དུ་ཞུ་ཚང་གི་གདན་སར་གྱུར་ནས་ཞུ་བཙུན་གཡུང་དྲུང་ཁྲི་འོད་སོགས་བཞུགས། སྨད་དུ་སྤྱི་ལོ1399ལོར་ཁྲ་ཆགས་མེད་བཀྲ་ཤིས་རྒྱལ་མཚན་གྱིས་བཏབ་པའི་ཁྲ་རྒན་ཉི་ཕུག་ཅེས་པ་ཡོད། དེར་ཞུ་བཙུན་བསྟན་པ་གྲགས་དབང་སོགས་བཞུགས། རྒྱལ་དབང་ལྔ་པའི་དུས་སུ་ཞུ་བསྟན་འཛིན་ཉི་རྒྱལ་བྱ་བ་བྱུང་ནས་ཞུ་ལུགས་ཀྱི་གྲུབ་མཐའ་རྒྱ་བསྐྱེད་བྱས། དེ་ལྟར་ཞུ་ཚང་གི་བླ་རབས་སོགས་ཀྱིས་གཤེན་ཚང་སོགས་དང་མི་འདྲ་བར་ཆ་ཚང་བའི་ལོ་རྒྱུས་ཡིག་ཁུངས་སོགས་བཀོད་མེད་མོད། སྔར་བཞིན་གཡུང་དྲུང་བོན་གྱི་འདུས་སྡེ་རུ་ཤུགས་རྐྱེན་ཆེན་པོ་ཐེབས་འདུག
        2.ཞུ་སྒོམ་འཁྲུལ་ཞིག་གི་འཁྲུངས་འདས་ལོ་ཚིགས་སྐོར་བཤད་པ། ཁོང་གི་འཁྲུངས་འདས་ལོ་ཚིགས་ལ་སྔ་ཕྱི་མི་མཐུན་པའི་ཚུལ་འགའ་ཡོད་དེ། རབ་བྱུང་གཉིས་པའི་དཀྱིལ་གྱི་མེ་བྱ་ལོར(སྤྱི་ལོ1117ལོ)འཁྲུངས་ཞེས་པ་དང་། རབ་བྱུང་གཉིས་པའི་སྨད་ཀྱི་ལྕགས་བྱ་ལོར(སྤྱི་ལོ1141ལོ)འཁྲུངས་ཞེས་པ། རབ་བྱུང་གཉིས་པའི་ཆུ་བྱ་ལོར(སྤྱི་ལོ1093ལོ)འཁྲུངས་ཟེར་བ་སོགས་ཡོད་ཀྱང་། བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར་ལས།“བླ་མ་ཆེན་པོ་དེ་ཡུལ་སྐྱིད་མཁར་འཚོགས་ཁར་སྐུ་འཁྲུངས། ཡབ་ཞུ་སྟོན་སྐྱེས་ཆེན་ཡིན། ཡུམ་ཇོ་མོ་རྒྱན་ཞེས་བྱ་སྟེ། དེ་ཡང་སློབ་དཔོན་ཞུ་སྟོན་སྐྱེ་སེ་རྒུང(དགུང)ལོ་བརྒྱད་ཅུ་རྩ་ལྔ་ཉེ་ནས་ཇོ་མོ་རྒྱན་ཆུང་དང་འཇལ་ནས་སྲས་བྱུང་བ་དང་ཁོང་བགྲེས་པས། ཕ་མགོ་སྐྱ་ལ་བུ་རྐང་དམར་བྱུང་བ་ངོ་ཚ་གསུངས་ནས་སྲས་ཇོ་འཁར་གི་བུ་རུ་བཅོས་ཏེ། གསང་མཚན་འབུམ་མེར་བཏགས་སྐད།”ཅེས་ཡབ་ཞུ་སྐྱེ་སེ་ཆེན་པོ་དགུང་ལོ་གྱ་ལྔའི་སྟེང་དུ་སྲས་ཞུ་སྒོམ་འཁྲུལ་ཞིག་བྱུང་བར་གསལ་ཀྱང་། མཁས་དབང་བོན་བརྒྱ་མཆོག་གི་གསུང་རྩོམ་ལས།“ཞུ་སྒོམ་ནི་སྐྱེ་སེ་ཆེན་པོ་དགུང་ལོ་དོན་གསུམ་སྐབས། ཇོ་མོ་རྒྱན་ཆུང་ལ་འཁྲུངས་པས་རབ་བྱུང་གཉིས་པར་བྱོན་པའོ། །”ཞེས་པས་ཡབ་དགུང་ལོ་དོན་གསུམ་སྟེང་དུ་སྲས་བྱུང་བར་བཞེད། དེས་ན་ཞུ་སྐྱེ་སེ་ཆེན་པོའི་ཡབ་ཞུ་ཡས་ལེགས་པོ་ནི། སྤྱི་ལོ1002ལོར་ཞུ་ཚང་གི་ཁྱིམ་དུ་སྐུ་འཁྲུངས་པས་སྲས་སུ་ལྷ་རྗེ་སྐྱིད་པོ་དང་ཞུ་སྐྱེ་སེ་ཆེན་པོ་གཉིས་ཡོད། རབ་བྱུང་དང་པོའི་ལྕགས་སྟག་སྤྱི་ལོ1050ཙམ་ལ་སྲས་ཞུ་སྐྱེ་སེ་ཆེན་པོ་དང་། དེའི་སྲས་སྒྲོལ་བ་གཤེན་རྒྱལ་གཉིས་ཀྱིས་སྐྱིད་མཁར་རི་ཞིང་རྩ་ཕུ་ཕོ་བྲང་བཏབ་ཅེས་ཡོངས་སུ་གྲགས། དེས་ན་ཞུ་སྐྱེ་སེ་ཆེན་པོ་ཞུ་ཡས་དགུང་ལོ་ཉི་ཤུའི་ལྕགས་བྱ་དང་སོ་གཉིས་ཀྱི་ཆུ་བྱ་གང་རུང་གི་སྲས་ཡིན་ནམ་སྙམ། ས་བྱ་སྟེ་སྤྱི་ལོ1067ལོར་གཤེན་དམ་པ་རྒྱལ་ཚབ་དགུང་ལོ་ཉི་ཤུའི་སྟེང་ནས་ཉང་སྟོད་དུ་ཞུ་སྒྲོལ་བ་གཤེན་རྒྱལ་གྱི་ཞབས་ལ་བསྟེན་ནས་ཞུ་སྒྲོལ་བ་གཤེན་རྒྱལ་གྱིས་དབང་ལྡན་ཞུ་རི་ཞིང་དུ་ཟོ་བོ་ཁྱུང་ལག་གཡུང་དྲུང་གསས་ཁང་ཆེན་མོ་བཞེངས་ནས་བུ་སློབ་མང་པོ་བྱོན། ལྷ་རྗེ་ཇོ་མཁར་དང་མཁས་པ་ཇོ་ཐོག ཞུ་སྒོམ་འཁྲུལ་ཞིག་གསུམ་ནི་ཞུ་སྒྲོལ་བ་གཤེན་རྒྱལ་གྱི་གཅུང་ཡིན། དེ་བས་ཞུ་སྒྲོལ་བ་གཤེན་རྒྱལ་རབ་བྱུང་གཉིས་པའི་ས་བྱ་སྟེ་སྤྱི་ལོ1069ལ་འཁྲུངས་ཟེར་བ་ནོར་བ་རྟོགས་དགོས། དེ་བས་ཞུ་སྒོམ་འཁྲུལ་ཞིག་གི་ཡབ་ཞུ་སྐྱེ་སེ་ཆེན་པོ་སྤྱི་ལོ1045ལོར་འཁྲུངས་ཞེས་པའང་དོགས་གཞི་ཡོད། སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱིས།“རབ་བྱུང་དང་པོའི་ཤིང་བྱར་སྐྱེ་སེ་འཁྲུངས་པ་ལྟར་ན། རབ་ཟུང་གི་ཤིང་བྱ་ལ་ལོ61དེ་རྗེས་མེ་བྱ་ལོར73ཞུ་སྒོམ་འཁྲུངས་པ་ཡིན་ལ། སྐྱེ་སེ་ཆེན་པོ་ལྕགས་བྱའམ་ཆུ་བྱར་འཁྲུངས་པ་ལྟར་ན། རབ་ཟུང་གི་དཀྱིལ་སྨད་ཙམ་ལ་ཞུ་སྒོམ་འཁྲུངས་པ་ཡིན་དགོས།”ཞེས་གསུངས་པས། ཕལ་ཆེར་སྤྱི་ལོ1093ལོ་དང་སྤྱི་ལོ1141ལོ་གང་རུང་ཡིན་དགོས་པར་འདུག་མོད། ཞུ་སྒོམ་འཁྲུལ་ཞིག་གི་སློབ་མ་གཤེན་སྒོམ་ཞིག་པོའམ། བོན་ཞིག་ཁྱུང་ནག་ནི་རབ་བྱུང་གཉིས་པའི་ཆུ་རྟ་སྟེ་སྤྱི་ལོ1102ལོར་འཁྲུངས་ཞེས་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱི་བསྟན་རྩིས་ལས།“ཐུབ་པས་དམན་པའི་ཆུ་ལུག་ལོར། ། གྲུབ་ཐོབ་བོན་ཞིག་ཁྱུང་ནག་བལྟམས། ། ”ཞེས་དང་།“བོན་ཞིག་ནི་རབ་བྱུང་གཉིས་པའི(ཆུ་རྟ)ཆུ་ལུག(1103)ལོར་འཁྲུངས། བཅུ་དྲུག་པ་ས་ཁྱི་ལོར་ཞུ་སྒོམ་འཁྲུལ་ཞིག་བླ་མར་བསྟེན། ”ཞེས་དང་།《ཞུ་སྒོམ་འཁྲུལ་ཞིག་ཆེན་པོའི་སྐྱེས་རབས་རྣམ་ཐར》ལས།“ཉང་སྟོད་གཡུང་དྲུང་ཉི་ཤར་གྱི་ཕྱོགས་སུ། གཙོ་མཆོག་དངོས་སུ་བྱོན་པ་བོན་ཞིག་ཁྱུང་ནག་བྱ་བ་དེ་ཡི་བསྟན་པ་དར་རོ། །”ཞེས་པས་ཞུ་སྒོམ་འཁྲུལ་ཞིག་སྤྱི་ལོ1141ལོར་འཁྲུངས་པ་མ་ཡིན་པ་གསལ་ལོ། ། ཡང་སྤྱི་ལོ1093ལོར་འཁྲུངས་ཟེར་ན་མི་འཐད་དེ།“བོད་རབ་བྱུང་གཉིས་པའི་ས་ཕོ་འབྲུག་སྟེ་སྤྱི་ལོ1088ལོར་ཡབ་བློ་གྲོས་རྒྱལ་མཚན་དང་ཡུམ་ཉི་མ་སྒྲོན་གཉིས་ལ་སྲས་གཅིག་འཁྲུངས། ཞུ་སྒོམ་འཁྲུལ་ཞིག་གིས་སྲས་འདིར་ཡོན་ཏན་རྒྱལ་མཚན་ཞེས་མཚན་དུ་གསོལ།” ཞེས་པས་བླ་མ་ཞུ་སྒོམ་འཁྲུལ་ཞིག་སྤྱི་ལོ1088ཙམ་ལ་སྐུ་ན་གཞོན་གྲས་སུ་འདུག་པར་རྟོགས། དེར་མ་ཟད་ཞུ་སྒོམ་འཁྲུལ་ཞིག་གི་ཞལ་སློབ་སྣང་ཞིག་དོ་འཕགས་ཆེན་མོ་ནི། བོད་རབ་བྱུང་དང་པོའི་བགྲང་བྱ་གཉིས་པ་ས་འབྲུག་སྟེ། སྤྱི་ལོ1028ལོར་སྐུ་འཁྲུངས་ཞེས་བོན་བརྒྱའི་བསྟན་རྩིས་དང་སྐྱང་སྤྲུལ་བསྟན་རྩིས་སོགས་ལས་གསུངས། དེས་ན་སྤྱི་ལོ1093དང་སྤྱི་ལོ1141སོགས་སུ་ཞུ་སྒོམ་འཁྲུངས་པར་བཞེད་ན་ཞལ་སློབ་སྣང་ཞིག་དོ་འཕགས་ཆེན་མོ་དགུང་ལོ65དང་དགུང་ལོ113ལས་གཅིག་ཡིན་དགོས། དེས་ན་སྣང་ཞིག་དགོན་པ་སྣང་ཞིག་དོ་འཕགས་ཆེན་མོོའི་སྲས་སྣང་ཞིག་ཉི་མ་འཛིན་གྱིས་བཏབ་པས། བླ་སློབ་གྱི་འབྲེལ་བར་མི་མཐུན་པ་མང་དུ་ཡོད། མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས། སྣང་ཞིག་དོ་འཕགས་ཆེན་མོ་དེ་ཞུ་སྐྱེ་སེ་ཆེན་པོའི་སྲས་བཞི་པ་ཞུ་སྒོམ་འཁྲུལ་ཞིག་གི་སྲས་ཡིན་ནམ་དཔྱད་བྱར་སྣང་། ཞེས་འཁོད་འདུག་པ་ལྟར་ཞུ་སྒོམ་འཁྲུལ་ཞིག་སྤྱི་ལོ955ཙམ་ལ་འཁྲུངས་དགོས་པར་འདུག ཡིན་ཡང《གཤེན་གྱི་དགེ་སྦྱོར་ཁྲི་ཀ་བ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་རྩོམ་འཕྲོ་མ》ལས།“ཞིག་ཆེན་དེ་དག་ནང་ནས་ཁྱད་འཕགས་གཤེན། ། འཁྲུལ་པ་གཞི་ལ་ཞིག་པའི་སྒོམ་ཆེན་པ། ། གཡུང་དྲུང་རྒྱལ་མཚན་ཞེས་བྱའི་གྲུབ་ཐོབ་བྱུང་། ། ཞུ་སྒོམ་འཁྲུལ་ཞིག་ཆེན་པོའི་སློབ་མ་ཡིན། ། གྲུབ་པའི་མཚན་ལ་སྟོང་ཉིད་བྱ་འཕུར་ཟེར། །”ཞེས་རྩེ་ཞིག་སྟོང་ཉིད་བྱ་འཕུར་ནི། ཞུ་སྒོམ་འཁྲུལ་ཞིག་གི་སློབ་མ་ཡིན་པར་གསལ། དེས་ན་རྩེ་ཞིག་སྟོང་ཉིད་བྱ་འཕུར་དང་ཞུ་སྐྱེ་སེ་ཆེན་པོ། དགོངས་མཛོད་རི་ཁྲོད་པ་གསུམ་དུས་སྐབས་གཅིག་གི་མི་ཡིན་པ་རྩེ་ཞིག་དགོན་པའི་ལོ་རྒྱུས་སོགས་ལས་རྟོགས་ཤིང་། མདོ་སྨད་ཅོ་ནེའི་སར་བེ་རི་ཁྲོ་གཉན་རྒྱལ་མཚན་གྱིས་བཏབ་པའི་ཀ་རི་བཞི་མདོའི་བོན་དགོན་དེའང་རྩེ་ཞིག་གིས་བདག་སྐྱོང་བྱས་པ་གསལ། 《མདོ་སྨད་ཆོས་འབྱུང》ལས།“སྔོན་བོན་གྱི་བསྟན་པ་དར་སྐབས་རླང་ཞིག་རྒྱལ་བ་བློ་གྲོས། སྣང་ཞིག་དབང་གི་རྒྱལ་པོ། ཁྲོག་ཤེན་སྤྲུལ་སྐུ་རྒྱལ་མཚན། རྩེ་ཞིག་སྟོང་ཉིད་ཡེ་ཤེས་རྣམས་ཀྱི་སྤྱི་དགོན་ཡིན།”  ཞེས“དགོན་འདི་ཐོག་མར་ཕྱག་འདེབས་མཛད་པོ་བེ་རི་ཁྲོ་གཉན་རྒྱལ་མཚན་ཞེས་པ་ཡིན་པར་གྲགས། དགོན་པ་ཐོར་རྗེས་ཁོང་སྐུ་ཚེ་ཧྲིལ་བོ་ཅོ་ནེ་སྟག་ཚང་རི་ཁྲོད་ནས་སྒྲུབ་པ་ཉམས་ལེན་བགྱིས། བོད་ཀྱི་རབ་བྱུང་དང་པོའི་དུས་ཤིག་ཏུ་བདག་སྐྱོང་མཛད་མཁན་ནི། རྩེ་ཞིག་བླ་མ་གྲུབ་དབང་སྟོང་ཉིད་བྱ་འཕུར་གྱིས་སྐྱོང་བར་མཛད།” ཅེས་བེ་རི་ཁྲོ་གཉན་གྱི་དགོན་པ་དེ་ཕལ་ཆེར་སྤྱི་ལོ1050ཡས་མས་སུ་བཏབ་པ་དང་། བེ་རི་དགུང་ལོ་སྨིན་ནས་དགོན་པ་འཐོར་བར་བཤད། དེ་དུས་ཕལ་ཆེར་སྤྱི་ལོ1070ཙམ་ཡིན་འདུག དེས་ན་རྩེ་ཞིག་གིས་དགོན་པ་སླར་གསོ་བྱས་པའི་དུས་སྤྱི་ལོ1080ཡིན་ན་སྤྱི་ལོ1088ལོར་བཤད་པ་མ་དག་པར་མཐོང་བས། བསྟན་པའི་རྩིས་བརྒྱ་གསལ་བྱེད་མེ་ལོང་ལས། སྣང་ཞིག་དོ་འཕགས་ཆེན་མོ་དེ་སྤྱི་ལོ1088ལ་འཁྲུངས་པར་བཤད་པ་ནི་མ་དག་སྟེ་སྲས་སྣང་ཞིག་ཡོན་ཏན་རྒྱལ་མཚན་ནམ་ཉི་མ་འཛིན་འཁྲུངས་པའི་ལོ་དང་འཁྲུལ། ཞུ་ཡས་ལེགས་པོའི་འཁྲུངས་ལོ་ལ་རྩོད་མེད་དུ་སྤྱི་ལོ1002ཡིན་པས་སྣང་ཞིག་དོ་འཕགས་དེ་སྲས་མིན་པར་སྙམ། དེ་བས་གུས་པའི་བསམ་ཚུལ་ལ་བླ་མ་ཞུ་སྒོམ་འཁྲུལ་ཞིག་ནི་སྤྱི་ལོ1065ལོ་ཙམ་ལ་འཁྲུངས་པར་སྙམ། གང་ཡིན་ཞེ་ན། ཞུ་སྒོམ་འཁྲུལ་ཞིག་དེ་ཡོངས་གྲགས་སུ་ཁས་ལེན་པའི་ཡབ་ཞུ་སྐྱེ་སེ་ཆེན་པོ་ཡིན་ཡང་གོང་ནས་ཞུས་པ་ལྟར་སྲས་མིན་པར་འདུག ཡབ་ཞུ་སྐྱེ་སེ་ཆེན་པོ་དེ་ཡང་ཞུ་ཡས་ལེགས་པོའི་སྲས་ཀྱང་མིན། དེ་ནི་ཞུ་ཡས་ལེགས་པོ་དགུང་ལོ་རེ་དྲུག་བཞུགས་པ་མེ་ལུག(སྤྱི་ལོ1067ལོ)ལོར་སྐུ་གཤེགས་པས་སོ། ། དེས་ན་ཞུ་སྐྱེ་སེ་ཆེན་པོ་ནི་ཞུ་ཡས་ལེགས་པོའི་སྲས་ཇོ་ཐོག་སྐྱིད་པོའི་སྲས་ཡིན་པར་འདུག་པས་སྤྱི་ལོ1065ལོར་ཞུ་སྒོམ་འཁྲུངས་པ་གྲུབ་བོོ། ། དེ་བཞིན་ཞུ་སྒོམ་ཁོང་མདོ་ཁམས་སུ་བྱོན་པའི་ལོ་ནི《བོན་གྱི་གདུང་བརྒྱུད་ཆེན་མོ་དྲུག་གི་བྱུང་བ་བརྗོད་པ》ཞེས་པར།“སྤྱི་ལོ1087ལོར་མདོ་ཁམས་སུ་བྱོན་པ་དང་། སྐུ་ཉིད་ཀྱིས་མདོ་ཁམས་ཀྱི་རྔ་ཡུལ་སྟོད་སྨད་བར་གསུམ་དང་།”ཞེས་པར་བདེན་སྣང་ཡོད་དེ། ཞལ་སློབ་གཡུ་ཞིག་གཙུག་ཕུད་ཚུལ་ཁྲིམས་ཁོང་སྤྱི་ལོ1030ལོར་འཁྲུངས་པ་དང་། སྤྱི་ལོ1091ལོར་རྨ་སྟོད་ནས་ཞལ་མཇལ་བར་གསུངས་པས་བདེན་པར་སྣང་། ཡིན་ཡང་དཔལ་ཚུལ་གྱིས་ཞུ་སྐྱེ་སེ་ཁོང་དགུང་ལོ་དོན་གསུམ་སྐབས་ཞུ་སྒོམ་འཁྲུངས་ཞེས་པ་ལ་ད་རུང་བརྟག་དགོས་པས། ཞང་སྒོམ་རིན་ཆེན་རྒྱལ་པོས་རྣམ་ཐར་དུ་དགུང་ལོ་གྱ་ལྔར་འཁྲུངས་ཞེས་བཀོད་པ་ལ་བརྟག་དགོས། འདས་ལོ་ལ་ད་སྔ་གསལ་ཐག་ཆོད་པ་ཞིག་མེད་མོད། 《སྐྱེས་རབས་རྣམ་ཐར》ལས།“ང་ཞུ་སྒོམ་བུ་ཆུང་སྨྱོན་པས། ། འཆི་ཁས་ལེགས་བཤད་ཚིག་གསུམ། ། ཀུན་གྱིས་ཡིད་ལ་ཞོག་ཅིག།། ད་ནི་རྒན་རྒོན་འགྲོ་ལ་རིངས། ། མི་ལོ་བརྒྱ་དང་བརྒྱད་ཅུ་གྱ་ལྔ་སོང་། ། ད་ནི་མཁའ་སྤྱོད་གནས་ལ་འགྲོ། ། ཞེས་གསུངས་ནས། རྨ་རྒྱུད་སྐུ་བླ་བྲག་དཀར་རྩེ་རྫོང་ནས་དགུན་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་ཉིན་ཁྲི་གདུགས་ཉི་མའི་རྩེ་ཤར་ལ། ཕུང་པོ་ལྷག་མ་མ་ལུས་པ། མཁའ་ལ་གཞའ་ཚོན་འོད་དུ་སངས་རྒྱས་ཏེ་སོང་ངོ་། །” ཞེས་པས་དགུང་ལོ་བརྒྱ་དང་གྱ་ལྔ་བཞུགས་པར་གསལ་ཞིང་། ཕལ་ཆེར་སྤྱི་ལོ1250ཡས་མས་སུ་འདས་པར་འདུག སྐྱང་སྤྲུལ་དྲི་མེད་འོད་ཟེར་དང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་བཅས་ཀྱིས་དགུང་ལོ་སུམ་བརྒྱ་དྲུག་ཅུ་ལ་འགྲོ་དོན་མཛད་པར་བཤད་པས་བརྟག་དགོས་ཤེ་ན། ཡང་ལ་ཤས་ཀྱིས་ཞུ་སྒོམ་འཁྲུལ་ཞིག་དགུང་ལོ་དེ་འདྲ་མཐོན་པོར་བཞུགས་ཤེ་ན། མི་བདེན་ཞེས་བརྗོད་མོད། སྐྱོན་མེད་དེ། མིའི་རིགས་ཀྱི་ལོ་རྒྱུས་སུ་དེ་འདྲ་བཞུགས་མྱོང་བའི་ལོ་རྒྱུས་ཡོད་དེ། ཕ་དམ་པ་སངས་རྒྱས་དགུང་ལོ་ལྔ་བརྒྱ་བཞུགས་པར་གསུངས་པ་དང་། རྭ་ལོ་ཙཱ་བ་ཆེན་པོ་རྡོ་རྗེ་གྲགས(1016-1198)ཞེས་དགུང་ལོ་བརྒྱ་དང་གྱ་གཉིས་བཞུགས་པ། དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་ཕྱོགས་ལ་འཆི་མེད་ཚེའི་རིག་འཛིན་བརྙེས་པའི་རྡོ་རྗེ་མཆེད་གསུམ་སྟེ། སྟོད་ལུང་བ་དཔལ་ལྡན་རྡོ་རྗེ། ཁམས་པ་རྡོ་རྗེ་དཔལ། གྲུབ་ཆེན་ཆོས་རྡོ་རྗེ་བཅས་ཚེའི་རིག་འཛིན་བརྙེས་ཏེ་ད་ལྟའི་བར་དུ་བཞུགས་པར་གྲགས་པས། དེ་ལྟར་ན་ད་བར་ལོ་ལྔ་བརྒྱ་ལྷག་སོན་ཡོད་པ་རེད། དེར་མ་ཟད་མཁྱེན་བརྩེའི་བཀའ་འབུམ་དུ།“གྲུབ་ཐོབ་དངོས་གྲུབ་ནི་གཙང་དུ་འཁྲུངས། མི་ཡུལ་དུ་ལོ་སུམ་བརྒྱ་བཞུགས། སྐུ་ཚེའི་སྨད་ལ་གཙང་གི་རི་བོ་ཆེ་ནས་རྟ་མགྲིན་ཁྲོ་འདུས་སོགས་དང་། ལྷ་སའི་གཙང་ཁང་བྱང་གི་རྟ་མགྲིན་ཞབས་འོག་ནས་མ་ཎི་བཀའ་འབུམ་སྐོར་ཕལ་ཆེར་བཞེས། མངའ་བདག་ཉང་གིའང་བླ་མ་ཡིན། ” ཞེས་དགུང་ལོ་སུམ་བརྒྱ་བཞུགས་པ་སོགས་ཡོད་པས་དོགས་པ་མི་དགོས་སོ། །

གཉིས། ཞུ་སྒོམ་སྔ་ཕྱི་གཉིས་བྱུང་མིན་དང་སྐྱེས་རབས་ངོས་འཛིན་བྱ་ཚུལ།
        1.སྐྱེས་རབས་ངོས་འཛིན་བྱེད་ཚུལ། སྤྱིར་བོད་ཀྱི་རྣམ་ཐར་ཡིག་ཆའི་སྐོར་ལས་བསྟན་པ་ལྟར། རྣམ་ཐར་དང་སྐྱེས་རབས་རྣམ་ཐར་གཉིས་ལ་ཁྱད་པར་ཡོད་པ་བཞིན། འདིར་བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་སྐྱེས་རབས་ངོས་འཛིན་གྱི་ཐད་དུ་ད་སྔ་གཅིག་མཐུན་གྱི་ཡིག་ཆ་འདི་ཞེས་མེད་པ་དང་། ལྷག་པར་དུ་ཞུ་སྒོམ་བླ་མའི་སྐྱེས་རབས་རྣམ་ཐར་ཞེས་པ་ལེའུ་གྱ་ལྔའི་བདག་ཉིད་དུ་གྱུར་པའི་བསྟན་བཅོས་ལས། ལེའུ་བཅུ་པའི་མཚམས་སུ་སྔོན་ཚེ་སྐྱེས་པ་འདི་ཡི་གོང་ནས། ད་ལྟའི་སྐྱེ་བའི་བར་དུ་བུ་ཆུང་ང་ཡི་དག་པའི་སྐྱེ་བ་དང་། མ་དག་པའི་སྐྱེ་བ་དུ་མའི་ལུས་བླངས་ཞེས་བརྗོད་པ་ལས། སྐྱེས་རབས་གང་ལ་ངོས་འཛིན་བྱ་དགོས་པ་སོགས་མི་གསལ་མོད། 《སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་ཞེས་བྱ་བ་བཞུགས་པ་དབུ་ཡི་གཟིགས་ཕྱོགས་སོ》ལས།“དབོོན་སྒོམ་མུ་དུར་སྤྲུལ་བ་ནི། ། ཞུ་སྒོམ་འཁྲུལ་ཞིག་བྱ་བ་འབྱུང་། ། མ་བཅོས་གནས་ལུགས་དོན་གྱི་དགོངས་པ་ཡིས། ། སེམས་ཅན་ཁྲི་ཚོ་ལྔ་བརྒྱ་ཐར་པར་འདྲེན། །”ཞེས་ལུང་གིས་བསྔགས་པར་འོས་པའི་སྐྱེས་མཆོག་མཚན་ལྡན་དུ་བརྗོད་པ་དང་། 《སྣང་ཞིག་དགོན་གྱི་དཀར་ཆག》ལས།“བསྐལ་སྟོང་སངས་རྒྱས་ཀུན་འདུས་ངོ་བོ་ཉིད། ། བསྟན་པའི་དཔལ་གྱུར་ཞུ་སྒོམ་འཁྲུལ་ཞིག་ལ། ། སྨིན་གྲོལ་རྒྱུད་འཛིན་ཞིག་པོ་བཅོ་བརྒྱད་བྱུང་། ། འགྲོ་དོན་མཐར་ཕྱིན་མཛད་ལ་སུ་མི་དད། །”ཅེས་པས་སྐུའི་སྐྱེ་བ་མང་པོས་འགྲོ་དོན་མཛད་པ་གསལ་བ་ལྟར། ཞལ་སློབ་ཞིག་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་ཤེལ་ཞིག་བླ་མའི་གདུང་རབས་ལས། ནམ་མཁའ་རང་གྲོལ་རྩལ་གྱིས《རྒྱལ་གཤེན་གདུང་འཛིན་གྱི་སྐྱེས་རབས་གསོལ་འདེབས་ངེས་དོན་ལུང་གི་ཕྲེང་བ་ཞེས་བྱ་བ》ལས།“ཞུ་ཡི་གདུང་གྲོལ་འཁྲུལ་མེད་ཞིག་པོ་ཞེས། ། དཀའ་ཐུབ་ཆེན་པོས་རྡོ་ལ་བཅུད་ལེན་མཛད། ། གཙོ་མཆོག་ཁྲོ་བོ་ལྷ་ཞལ་དངོས་སུ་མཇལ། ། མཐར་ཐུག་འཕོ་ཆེན་ལུས་རྒྱ་བདག་མེད་གཤེགས། ། གྲུབ་པའི་རྟོགས་ལྡན་བླ་མར་གསོལ་བ་འདེབས། ། བྱིན་དང་དབང་བཞི་དགོངས་རྒྱུད་རྒྱལ་མངོན་པར་འཕོ། །ཉམས་དང་རྟོགས་པའི་ཡེ་ཤེས་འབར་བར་མཛོད། ། ཅེས་དང་། གཙང་གི་གཡས་རུ་ཞེས་པ་ན། ། གྲུབ་ཐོབ་ཞུ་སྒོམ་འཁྲུལ་ཞིག་ཅེས། ། སྐུ་ལུས་དར་དཀར་གཟན་གྱིས་གཡོག།། ཕྱག་ན་དྷར་ཀང་སིལ་སྙན་འཛིན། ། སྐྱིད་མཁར་རི་ཞིང་གསང་ཕུག་ན། ། གཙོ་མཆོག་ཁྲོ་བའི་ལྷ་ཞལ་ཁུམས། ། བཅུད་ལེན་དཀའ་ཐུབ་ཆེན་པོ་མཛད། ། མི་མིན་ལྷ་འདྲེ་བོན་འཆད་སྐྱོངས། ། དཀའ་ཐུབ་ཀྱི་རྣལ་འབྱོར་ཆེན་པོ་དེ་ཉིད་སྐྱེས་རབས་ལྔ་པའོ། །”ཞེས་གཡུང་དྲུང་བོན་གྱི་སྐྱབས་གནས་ཀུན་འདུས་ཀྱི་བླ་མ་སྟོན་པ་གཤེན་རབས་མི་བོ་ཆེ་གང་གི་རྣམ་ཐར་ཕྲེང་བ་ལས། བོན་སྐུ་ཀུན་ཏུ་བཟང་པོ་དང་རྫོགས་སྐུ་གཤེན་ལྷ་འོད་དཀར་ལས་བརྒྱུད་པའི་གསང་བ་སྔགས་ཀྱི་སྐུ་དང་། དཀྱིལ་འཁོར་ཞིང་ཁམས་ཐམས་ཅད་རང་བཞིན་གྱིས་གཟུངས་ཐོབ་པ། གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་མཐར་ཐུག་གི་བོན་སྟོན་པ་གསང་བ་འདུས་པདེ་ཉིད་བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་སྐུའི་སྐྱེས་རབས་དང་པོ་དང་། ལྷོ་ཤར་བདུད་འདུལ་སྔགས་ཀྱི་གླིང་ཆེན་ནས་སྔགས་ཀྱི་བདག་པོ་གཡུང་དྲུང་བདུད་འདུལ་བྱ་བ་སྐྱེས་རབས་གཉིས་པ། ཞང་ཞུང་གི་གྲོང་ཁྱེར་གཡུ་སྟེང་པདྨ་བདལ་ཞེས་པར་སྐུ་ལས་ཞི་ཁྲོའི་ལྷ་ཚོགས་དུ་མར་སྤྲུལ་ནས་ཚོགས་ཀྱི་འཁོར་ལོ་བསྐོར་བས། སྦས་པའི་གྲུབ་ཐོབ་ཆེན་པོ་དམུ་གཤེན་རྒུ་སྐྱ་བྱ་བ་སྐྱེས་རབས་གསུམ་པ། གཏེར་སྟོན་བརྒྱ་རྩའི་ཡ་གྱལ་རྟ་ནག་དུང་ཕོར་གསང་བའི་གནས་མཆོག་ནས་ཟབ་མོ་གཏེར་གྱི་བོན་སྡེ་གྲངས་མེད་འཆད་པའི་གྲུབ་ཐོབ་ཆེན་པོ་གུ་རུ་རྣོན་རྩེཞེས་པ་སྐྱེས་རབས་བཞི་པ་དང་ལྔ་པ་ནི་བླ་མ་ཞུ་སྒོམ་ཡིན་པར་གསུངས། དེ་བཞིན་བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་སྐུའི་སྐྱེས་རབས་ད་ལྟའི་བར་དུ་བརྒྱུད་ཚུལ་ཡོད་དེ། བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་སྐུའི་སྐྱེས་པ་ཕྱི་མ་དག་ནི། ཞང་ཞུང་རྒྱལ་གྱི་གདན་སའི་དྭང་ར་གཡུ་བུན་ཞེས་པར་བྱ་བྲལ་གྱི་ཚུལ་འཛིན་སྤྲུལ་སྐུ་ཤེས་རབ་རིན་ཆེན་ཞེས་བྱ་བ། དེ་ནས་གཙང་གི་དར་ལྡིང་ཞེས་པར་རྒྱལ་གཤེན་གདུང་གི་རྒྱུད་གྲོལ་བ་ནམ་མཁའ་རྒྱལ་པོ་ཞེས་རབ་བྱུང་གི་ཚུལ་འཛིན་པ་དེ་ཉིད། ཤར་ཕྱོགས་ཤར་རྫའི་གདན་ས་ན་གྲུབ་ཐོབ་མཐོང་གྲོལ་སྙིང་པོ། གངས་དཀར་ཏེ་སེའི་གནས་མཆོག་ནས་རྟོགས་ལྡན་བོན་པོ་ནམ་མཁའ་བྱ་བ་དང་།གཙང་གི་ཡུལ་གྲུ་དར་ལྡིང་ཞེས་པ་རུ་གཤེན་གྱི་གདུང་ལས་གྲོལ་བ་གྲུབ་ཐོབ་གཡུང་དྲུང་སྙིང་པོ། ཁྱུང་པོའི་ཡུལ་དུ་ངེས་མེད་རྣལ་འབྱོར་སྨོན་ལམ་ཞེས་བྱ་བ་ལས་བརྒྱུད་དེ། དེང་གི་ཆར་རྒྱལ་བ་གཤེན་གྱི་གདུང་འཛིན་པ་གཤེན་སྲས་ནོར་བུ་དབང་རྒྱལ་ཞེས་ཕྱི་འདུལ་ཁྲིམས་ཀྱི་བརྒྱུད་པས་འགྲོ་དོན་གྱི་སྐྱེས་རབས་འཛིན་པ་དང་། ནང་གསང་སྔགས་ཀྱི་བརྒྱུད་པས་འགྲོ་དོན་གྱི་སྐྱེས་རབས་འཛིན་པ། གསང་བ་རིག་སྔགས་ཀྱི་བརྒྱུད་པས་འགྲོ་དོན་གྱི་སྐྱེས་རབས་འཛིན་པ། ཡང་གསང་རྫོགས་པ་ཆེན་པོའི་རྣལ་འབྱོར་གྱིས་འགྲོ་དོན་གྱི་སྐྱེས་རབས་འཛིན་པ་ལ་སོགས་མ་ངེས་པའི་འགྲོ་བ་འདུལ་བའི་སྐྱེས་རབས་བཅུ་གཉིས་ལ་བརྒྱུད་པར་བཤད་པས། བླ་མ་ཞུ་སྒོམ་འཁྲུལ་ཞིག་ནི་སྟོན་པ་གཤེན་རབས་ལས་བརྒྱུད་པའི་སྐྱེས་རབས་ལྔ་པར་གསུངས་སོ། །

2.ཞུ་སྒོམ་སྔ་ཕྱི་གཉིས་བྱུང་མིན་བཤད་པ། ཞུ་སྒོམ་འཁྲུལ་ཞིག་ལ་སྔ་ཕྱི་གཉིས་ཡོད་པར་བཤད་ཀྱང་།
        ཐོག་མར་མཁས་དབང་དཔལ་ཚུལ་གྱིས། ཞུ་སྒོམ་སྔ་ཕྱི་གཉིས་བྱོན་པར་བཞེད་པ་ལྟར་ཕྱིས་ཀྱི་མཁས་པ་ཁག་གཅིག་གིས་དེ་ལྟར་འདོད་མཁན་ཡོད་ཀྱང་། མཁས་དབང་དཔལ་ཚུལ་ནི་བན་བོན་གཉིས་ཀའི་ལོ་རྒྱུས་ཀྱི་དཔེ་ཆ་མང་པོ་མཇལ་མྱོང་བའི་མཁས་པ་ཞིག་ཡིན་པ་གསུང་རྩོམ་དག་ལས་ཤེས་སླ། 《བསྟན་འབྱུང་ཤེལ་གྱི་རྒྱང་མཐོང》ལས།“དཔལ་ཚུལ་གྱིས་ཞུ་སྒོམ་སྔ་མའི་རྣམ་ཐར་སྐབས་བཤད་པ་དང་མཚུངས་པས། ཞུ་སྒོམ་སྔ་ཕྱི་གཉིས་གང་ཟག་གཅིག་ཏུ་འདོད་དམ་སྙམ་མོ། །”ཞེས་དང་། ཡང་རྣམ་ཐར་ཁག་ཏུ་སྐྱིད་མཁར་བྲག་ལ་བཞུགས་ནས་འདས་ཚུལ་བསྟན་པ་དང་། སྤྲུལ་སྐུ་ཁྲོ་གཉན་ལ་ཞལ་གདམས་གནང་བ། སྐུ་བླ་བྲག་དཀར་དུ་ཕུང་བོ་ལྷག་མེད་འཇའ་ཡལ་བ་ལྟར་གྱུར་ཅེས་གསུངས་པ་སོགས་དང་། རབ་བྱུང་དང་པོའམ་གཉིས་པར་བྱོན་ན། རབ་བྱུང་ལྔ་པའི་དུས་ཀྱི་སྤྲུལ་སྐུ་ཁྲོ་གཉན་ལ་ཞལ་གདམས་གནང་བ། རབ་བྱུང་དྲུག་པའི་ནང་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ལ་ཐུགས་སྨོན་དང་མ་ཡུམ་གྱི་སྙུང་གཞི་ལ་ཕན་མཛད་རྣམས་དུས་མི་མཚུངས་ཞེས་སྨྲ་མི་དགོས་ཏེ། ཞུ་སྒོམ་རྣམ་ཐར་ལས།“རྨ་རྒྱུད་སྐུ་བླ་བྲག་དཀར་རྩེ་རྫོངས་སུ་བཞུགས་ནས་འདའ་ཀའི་ཞལ་གདམས་གནང་སྐབས་མི་ལོ་བརྒྱ་དང་བརྒྱད་ཅུ་གྱ་ལྔ་སོང་ཞེས་པ་དང་། ང་ལོ་བརྒྱ་ལོན་ནས་གཞོན་པར་སོང༌།”ཞེས“ལོ་བརྒྱ་ལོན་ནས་གཞོན་པར་སོང་ཞེས་པའི་ཚིག་དེ། ཚེ་ལ་དབང་བའི་རིག་འཛིན་ནི། ལོ་བརྒྱ་ཕྲག་དུ་མར་བཞུགས་པ་ན། ལོ་བརྒྱ་ལོན་ནས་གཞོན་ལུས་ཅན་དུ་འགྱུར་བ་རྒྱུད་ཀྱི་དགོངས་དོན་ཡིན་པས། གང་ཟག་གཞན་ལྟར་ལོ་ཚིགས་མི་འགྲིགས་ཞེས་སོམ་ཉིའི་དྲ་བར་ཚུད་མ་དགོས་སོ། །”ཡང་མདོ་ཁམས་ཞིག་པོ་བཅོ་བརྒྱད་ཀྱི་བླ་མར་བསྟེན་པ་ནི། ཡབ་ཞུ་སྐྱེ་སེ་ཆེན་པོའི་བུ་བླ་མ་ཞུ་སྒོམ་འཁྲུལ་ཞིག་ཡིན་པ་བོན་གྱི་གདུང་རབས་ལོ་རྒྱུས་ཡོངས་སུ་མཐུན་པ་ཞུ་སྒོམ་སྔ་ཕྱི་གཉིས་བྱོན་པ་གོར་མ་ཆག་སྙམ།“འོན་ཀྱང་ཞུ་སྒོམ་ནི་སྐྱེ་སེ་ཆེན་པོའི་སྲས་ཡིན་མིན་གང་ལྟར་ཀྱང་དོ་འཕགས་ནི་ཞུ་སྒོམ་གྱི་སྲས་ཡིན་ན། དོ་འཕགས་རབ་བྱུང་དང་པོའི་ས་འབྲུག་ལ་འཁྲུངས་སྐབས་ཞུ་ཡས་ལེགས་པོ་དགུང་ལོ་ཉེར་བདུན་ཡིན་ལ། སྐྱེ་སེ་འཁྲུངས་ཡོད་མེད་ཀྱང་མ་ངེས་པས། གཉིས་པའི་ས་འབྲུག་ལ་འཁྲུངས་ན་རིགས་པས་མི་གནོད་པས་དཔྱད་པར་བྱའོ། །”ཞེས་དོ་འཕགས་ཆེན་མོ་ཁོང་གི་སྲས་ཡིན་པར་བཞེད་པ་དང་། ཞུ་སྒོམ་སྔ་ཕྱི་གཉིས་མེད་པར་གང་ཟག་གཅིག་ཡིན་པར་འདོད། གལ་སྲིད་ཕྱི་མ་བྱོན་པའི་དབང་དུ་བྱས་ན་རབ་བྱུང་དྲུག་པར་བྱོན་དགོས། དེ་ལྟར་ན་སྐྱེས་རབས་རྣམ་ཐར་ལས་བསྟན་པའི་རབ་བྱུང་གཉིས་པའི་ནང་གི་ཞལ་སློབ་བོན་ཞིག་ཁྱུང་ནག་དང་།ཞིག་ཆེན་བཅོ་བརྒྱད་ཀྱི་ཡབ་རྗེ་དམ་པ་གཅིག་པུ་ནི་ཞུ་སྒོམ་འཁྲུལ་ཞིག་ཡིན་པ་རྣམ་ཐར་ལས་ལུང་བསྟན་དངོས་གྲུབ་ཐོབ་པའི་ལེའུ་སོ་གཅིག་པའི་སྐབས་སུ་གསལ་བས་གྲུབ། ཡང་ཁ་ཅིག་གིས་སྐྱེས་རབས་རྣམ་ཐར་ཕྱི་མ་ཡིན་ཟེར་ན། ཕ་དམ་པ་དང་བོན་ཞིག་ཁྱུང་ནག། ལེའུ་སོ་གཅིག་པའི་སྐབས་ཀྱི་ཞིག་པོ་བཅོ་བརྒྱད་སོགས་རེ་རེ་ནས་སྔ་ཕྱི་གཉིས་བྱོན་དགོས་པའི་གནས་སུ་འགྱུར་རོ། །

དཔྱད་འབྲས་དང་མཇུག་བསྡུ་བ།
    མདོར་ན་བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར་གཉིས་ལ། གུས་པས་སྔ་ཕྱི་བར་གསུམ་དུ་བན་བོན་གྱི་དགེ་བཤེས་དང་འབྲེལ་ཡོད་མི་སྣ་གང་མང་ལ་བཅར་འདྲི་བྱས་པ་དང་། དགོན་སྡེ་དང་ཡུལ་ལུང་རེར་ཉུལ་ནས་འབྲེལ་ཡོད་ཡིག་ཆ་འཚོལ་སྡུད་བྱས་པས་རང་ནུས་ཅི་ལྕོགས་ཀྱིས་དཔྱད་པ་ཙམ་བཏང་། ད་སྔར་ལག་སོན་ཡིག་ཆ་ལྟར་དཔྱད་འབྲས་ཀྱི་སྡོམ་ཚིག་ཆེན་པོ་འགོད་དཀའ་ནའང་མདོ་ཙམ་ནི་འདི་ལྟར། དང་པོ་ལས་བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར་དང་སྐྱེས་རབས་རྣམ་ཐར་གཉིས་ལས། བརྗོད་གཞི་གང་ཟག་གཅིག་ལ་བརྗོད་དོན་ལ་ཁྱད་པར་ཆེ་བས། བལྟས་ཚོད་ཀྱིས་གང་ཟག་གཅིག་གི་རྣམ་ཐར་ལྟ་བུར་ངོས་འཛིན་བྱེད་དཀའ་མོད། ཞིབ་ཏུ་མཇལ་ན་ནང་དོན་རྒྱས་བསྡུས་ཙམ་གྱི་ཁྱད་པར་ཡོད་པས། སྔ་མས་སྐུ་ཚེ་སྟོད་ཀྱི་ལོ་རྒྱུས་དང་ཕྱི་མས་ཚེ་གང་གི་མཛད་པ་བསྟན་ཡོད། དེ་བསྡུས་ན་བླ་མ་ཞུ་སྒོམ་འཁྲུལ་ཞིག་ནི་ཕྱི་ལྟར་འདུལ་བའི་བསླབ་པས་སྐུ་བཙུན་ཞིང་།  ནང་ལྟར་བྱང་སེམས་བསླབ་པས་རྒྱུད་དུལ་བ། གསང་བ་སྔགས་སེམས་བོན་ལ་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་ཞིག་ཡིན་པར་མ་ཟད། བོན་བསྟན་ཕྱི་དར་སྐབས་སུ་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཞིག་ཀྱང་ཡིན། གཉིས་པ་རུ་བླ་མ་ཞུ་སྒོམ་འཁྲུལ་ཞིག་དང་འབྲེལ་བའི་ལོ་རྒྱུས་དོགས་གཞི་འགའ་ལས་གུས་པས་བརྗོད་པ་ནི། བླ་མ་ཞུ་སྒོམ་འཁྲུལ་ཞིག་ནི་སྤྱི་ལོ1065ལོར་འཁྲུངས་པ་དང་། སྤྱི་ལོ1250ལོར་འདས་པ། ཞུ་སྒོམ་འཁྲུལ་ཞིག་སྔ་ཕྱི་གཉིས་མེད་པ། གཤེན་གྱི་སྐྱེས་རབས་ལྔ་པ་ཡིན་པ། ཡབ་ཞུ་ཡས་སྐྱིད་པོ་ཡིན་ལ། སྐུ་གཤེགས་སའི་གནས་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆུ་རྫོང་གི་སྐུ་བླ་བྲག་དཀར་ཞེས་པ་དེ་ཡིན། དེ་བས་གདོད་མའི་བོན་གྱི་རིག་གནས་ཀྱི་ཤུགས་རྐྱེན་དང་ལྷག་ཏུ་བསྟན་པ་ཕྱི་དར་སྐབས་ནས་ད་བར་དུ་མདོ་ཁམས་ཕྱོགས་སུ་བོན་གྱི་དགོན་སྡེ་མ་ཉམས་པར་ལྷག་ལུས་སུ་ཡོད་པ་འདི་དག་ཀྱང་། བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་མཛད་པ་ལས་མ་འདས་པས་རྗེ་འདིའི་རྣམ་ཐར་དག་ནི་གཙོ་གནད་དུ་འཛིན་པར་བྱའོ། །


* ས་དམར་ཚེ་རིང་དོན་གྲུབ། ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཉི་མ་གྲོང་རྡལ་མཐོ་རིམ་སློབ་འབྲིང་དུ་ཕྱག་ལས་གནང་བཞིན་ཡོད།


① སྟོན་པ་གཤེན་རབ་མི་བོ་ཆེའི་གསུང། མདོ་དྲི་མེད་གཟི་བརྗིད། པོད་བདུན་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2000:129
② རིག་འཛིན་ཀུན་གྲོལ་གྲགས་པ། ཟབ་དང་རྒྱ་ཆེ་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར། [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1993:92
③ གྲུབ་དབང་བསྟན་པའི་ཉི་མ། བོན་གྱི་བརྟེན་འགྱུར་ཆེན་མོའི་དཀར་ཆག [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2001:131
④ བེ་རི་ཁྲོ་གཉན་རྒྱལ་མཚན། ཆས་པའི་རི་ཁྲོད་ཀྱི་དཀར་ཆག་མུ་ཏིག་འཕྲེང་མཛེས། [M] བོད་ཀྱི་ནང་བསྟན་དཔེ་མཛོད་ཆེན་མོ(TBRC)ཡི་དཀར་ཆག་ལས་རྙིང་མའི་སྐོར། ཅོ་ནེའི་མཁར་ཆེན་ཁོག་གི་ཨ་མྱེས་བསོད་ནམས་ཀྱིས་དཔེ་གཉེར་བྱས་པའི་གླེགས་བམ་བདུན་པ། ལག་བྲིས། དབུ་ཅན། ལྡེབ་ངོས27ན་གསལ།
⑤ཞུ་ཡས་ལེགས་པོ་དང་ཞུ་སྒོམ་འཁྲུལ་ཞིག་གི་གསུང་། དབང་ལྡན་ཞུ་ཡས་ལེགས་པོ་དང་ཞུ་སྒོམ་འཁྲུལ་ཞིག་གི་སྐྱེས་རབས་རྣམ་ཐར་བཞུགས་སོ། ། [M] ཁྲོམ་ཚང་དགོན་བཤད་སྒྲུབ་འདུས་སྡེ་ནས་པར་སྐྲུན་བྱས། 2016:254
⑥གླང་ཞིག་བླ་མ་ཚེ་དབང་གཡུང་དྲུང་གིས་གསུངས། དངོས་གྲུབ་དབང་ལྡན་གྱིས་གཙོ་སྒྲིག་བྱས། གླིང་ཞིག་བླ་མའི་ལུང་བསྟན། [M] ལྕགས་དཔར། 2016:14
⑦ཞང་སྒོམ་རིན་ཆེན་རྒྱལ་པོས་བཀོད། བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར་བཞུགས་སོ། ། [M] བོན་གྱི་བཀའ་བརྟེན་ཆེན་མོ། པོད་གྲངས215པ། དབུ་ཅན་བྲིས་མ། ཤོག་ངོས391ན་གསལ།
⑧ ཞུ་ཡས་ལེགས་པོའི་རྣམ་ཐར། བོན་གྱི་བླ་མའི་རྣམ་ཐར་ཕྱོགས་བསྒྲིགས་ལས་བདམས། [M] ཤོག་ངོས10ནས11བར་གསལ།
⑨སྤ་བསྟན་རྒྱལ་བཟང་པོོ། བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན། [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།1991:212
⑩ ཚེ་རིང་ཐར་དང་དོན་གྲུབ་ལྷ་རྒྱལ། བོན་གྱི་ལོ་རྒྱུས་མདོར་བསྡུས་གནད་ཀྱི་ཕྲེང་བ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།2015:131
 11 རི་ཞིང་ཞུ་དང་སྐྱིད་མཁར་ཞུ་ཞེས་ཐོགས་པ་བླ་མ་གཤེན་ཆེན་ཀླུ་དགའི་བཀའ་བབས་ཀྱི་སློབ་མ་ཞུ་ཡས་ལེགས་པས་སྐྱིད་མཁར་རི་ཞིང་དུ་སྒྲུབ་པ་ཉམས་ལེན་ལོ་མང་མཛད་ནས་བཞུགས་པས་ཞུའི་གདན་ས་ལྟ་བུ་གྱུར་པས། དེ་ལྟར་ས་མིང་གདུང་རྒྱུད་ལ་བཏགས་པས་འབོད་སྲོལ་བྱུང་།
 12    དབང་ལྡན་ཞུ་ཞེས་ཐོགས་དོན་ནི་རུས་རྒྱུད་འདི་བོད་བཙན་པོའི་སྐབས་སུ་དབང་ཆ་ངེས་ཅན་ལྡན་པའི་ཁྱིམ་རྒྱུད་ཡིན་པར་གཞིགས་ནས། མི་རྣམས་ཀྱིས་ཞུའི་མཚན་ཟུར་དུ་དབང་ལྡན་ཞེས་མཚོན་བྱེད་དུ་བཀོལ་བའི་མིང་ཞིག་ཡིན།
13 དཔལ་ཚུལ། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988:361
14  བ་ཞིག་བདེ་སྙིང་ཀུན་གྲོལ་རིན་ཆེན། བ་ཞིག་རྟོགས་སྤྲུལ་གྱི་རྣམ་ཐར་རིན་ཆེན་ཕྲེང་རྒྱན་ཞེས་བྱ་བ། [M] ཅོག་རྭའི་མཁར་སྣ་གཡུང་དྲུང་གྲྭ་ཚང་གི་དཔེ་རྙིང་ཐོར་བུ་ཕྱོགས་བསྒྲིགས་ཀྱིས་གཉེར། དབུ་ཅན་བྲིས་མ། ལྡེབ་ངོས7ན་གསལ།
15  དངོས་གྲུབ་དབང་ལྡན་གྱིས་གཙོ་སྒྲིག་བྱས། གླིང་ཞིག་བླ་མའི་ལུང་བསྟན [C] འབུམ་རྨད་དགོན་གྱི་མ་ཡིག 2016:12
 16 དཔལ་ལྡན་ཚུལ་ཁྲིམས། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988:362
 17  ཚེ་རིང་ཐར་དང་དོན་གྲུབ་ལྷ་རྒྱལ། བོན་གྱི་ལོ་རྒྱུས་མདོར་བསྡུས་གནད་ཀྱི་ཕྲེང་བ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015:130--131
 18 ཞང་སྒོམ་རིན་ཆེན་རྒྱལ་པོས་བཀོད། བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར་བཞུགས་སོ། ། [M] བོན་གྱི་བཀའ་བརྟེན་ཆེན་མོ། པོད་གྲངས215པ། དབུ་ཅན་བྲིས་མ། ཤོག་ངོས391ན་གསལ།
 19 བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། མཁས་དབང་བོན་བརྒྱ་མཆོག་གི་གསུང་རྩོམ། པོད་གྲངས3པ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1