གཙོ་ངོས།>> དམངས་སྲོལ།>>བསང་མཆོད།

མི་གསལ། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།ཝེ་ཁེ་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༡༠ཚེས་༢༡ཉིན།

༄༅། །ལྷ་གསོལ་འམ་བསང་གསོལ།

                        བསང་གཏོང་བ་ནི་བོད་ཀྱི་ལྷ་གསོལ་བའི་ཆོ་གའི་ནང་གོ་གནས་གལ་ཆེན་བཟུང་བའི་བྱེད་སྒོ་ཞིག་ཡིན།  དེ་ནི་རྣམ་པའི་ཐོག་ནས་བཤད་ན་གཙོ་བོ་མི་ཡུལ་ གྱི་བཙོག་གྲིབ་མཐའ་དག་བསང་དུད་ཀྱིས་བདུགས་ཤིང་བསལ་ནས་ལྷ་སྤྱན་འདྲེན་པའི་ཆོ་ག་ཞིག་ཡིན། ཆོ་ག་དེ་ནི་ཐོག་མར་བོན་ལུགས་ནས་བྱུང་བར་བཤད། བོན་བསྣུབས་པ་དང་མཉམ་དུ་བཙན་གསོལ་གཉན་གསོལ་གྱི་གོམས་གཤིས་ཉམས་ན་ཡང་། ལྷ་གསོལ་བསང་གཏོང་གི་གོམས་སྲོལ་མུ་མཐུད་དུ་དར་རྒྱས་བྱུང་བ་རེད། ལྷ་གསོལ་བསང་གཏོང་གི་འདོད་སྨོན་དེའང་སྔོན་ཆད་ཚེ་རིང་ནད་མེད་དང་། དབང་ཐང་རླུང་རྟ་སྐྱེད་པ། མི་དང་མི་མ་ཡིན་གྱི་དགྲ་བགེགས་ལས་རྣམ་པར་རྒྱལ་བ་སོགས་ཚེ་འདིའི་འདོད་དོན་ཤས་ཆེར་དམིགས་པ་དེ་རིམ་བཞིན་ཆོས་མཐུན་གྱི་ཆ་རྐྱེན་འཕེལ་ཞིང་འགལ་རྐྱེན་ཞི་བ་སོགས་བདེ་དོན་གཉེར་བའི་ཕྱོགས་སུ་དམིགས་ཤུགས་ཇེ་ཆེར་གྱུར། ཡིན་ནའང་ལྷ་གསོལ་བསང་གཏོང་དང་། དར་འཛུགས་གནས་བསྐོར་སོགས་ཀྱི་བྱེད་སྒོའི་རྣམ་པ་ནི་ད་རུང་གནའ་བོའི་ལུགས་ལྟར་སྤྱོད་པ་ལགས། ལྷ་གསོལ་བསང་གཏོང་གི་བྱེད་སྒོ་དེས་བོད་ཀྱི་ལོ་རྒྱུས་སྟེང་གལ་ཆེའི་གནས་བབས་བཟུང་ཡོད། དཔེར་ན། གནའ་བོའི་སྐུ་བོན་གྱིས་ལྷ་གསོལ་ཞིང་འདྲེ་བཏུལ་ནས་བཙན་པོའི་སྐུའི་རིམ་གྲོ་དང་ཆབ་སྲིད་དར་བར་བགེགས་རྐྱེན་བསལ། དམག་དོན་གྱི་བྱ་གཞག་ཁྲོད་ལྷ་གསོལ་འཕྲིན་བཅོལ་གྱི་བྱེད་སྒོ་སྤེལ་ནས་རྒྱལ་ཕམ་རྩོད། ལྷ་འདྲེ་མི་ཁོག་ཏུ་བརླམས་པར་གསོལ་མཆོད་ལུང་བསྟན་ཞུས་ནས་བླང་དོར་གྱི་བགྲོད་ལམ་བསྟན་པ་སོགས་བྱས་པ་རྣམས་སྲིད་ཕྱོགས་ལ་མཁོ་གལ་ཆེ་བས་དམངས་ཁྲོད་དུ་དར་ཁྱབ་ཆེ། རི་སྐོར་ལ་གངས་སྐོར་དང་མཚོ་སྐོར། གནས་སྐོར་བཅས་ཀྱི་དབྱེ་བ་ཡོད། ས་ཆ་འགར་གངས་སྐོར་ནི་རྟ་ལོར་བྱེད་པ་དང་། མཚོ་སྐོར་ནི་ལུག་ལོ། གནས་སྐོར་ནི་སྤྲེལ་ལོ་བྱེད་པ་བཅས་ཀྱི་ཁྱད་པར་ཡོད། ད་དུང་རི་བསང་ཆུ་བསང་གཏོང་བ། དགྲ་ལྷའི་སྤྱི་གསང་བསྐོར་བ། ཐབ་ལྷ་མེ་ལྷ་གསོལ་བ་སོགས་ཀྱི་སྲོལ་ཡང་ཡོད། མདོར་ན་རིག་གནས་ཕུན་སུམ་ཚོགས་པའི་བོད་རིགས་ལ་མཚོན་ན་ལྷ་གསོལ་བསང་གསོལ་གྱི་རིག་གནས་ནི་འཚོ་བའི་ནང་མེད་དུ་མི་རུང་ཞིག་རེད།


                  བསང་གསོལ་གྱི་རྫས་གཙོ་བོ་ནི། ཤུག་པ་དང་། སྤ་མ། བ་ལུ། འཁན་པ་སོགས་ཡིན་ཞིང་། རབ་ཡིན་ན་ཙན་དན་དཀར་དམར་དང་། ཨ་ག་རུ། གུར་ཀུམ། སྤང་སྤོས་སོགས་ཀྱང་བསྲེ། བསང་རྩམ་ནི་གཙོ་བོ་རྩམ་པ་དང་མར་བསྲེས་ནས་བཟོ་ཞིང་། རབ་ཡིན་ན་དཀར་གསུམ་མངར་གསུམ། སྨན་ཕྱེ་བཅས་མཉམ་བསྲེས་ཀྱིས་བསང་མེའི་ཐོག་ཏུ་འདེབས་པ་དང་། ད་དུང་ཇ་ཕུད་དང་ཆང་ཕུད། གྲིབ་སེལ་གྱི་ཆབ་འདེབས་པ་སོགས་ཀྱང་བྱེད་སྲོལ་ཡོད།

བོད་གནའ་རབས་ཀྱི་བཙན་གསོལ་བའི་དམར་མཆོད་དེ་བོན་བསྣུབས་པ་དང་མཉམ་དུ་མེད་པར་གྱུར་ཀྱང་། ནག་ཕྱོགས་ལ་དགའ་བའི་ལྷ་གསོལ་མཁན་འགས་དེའི་ཤུལ་ལུས་གོམས་གཤིས་ཀྱི་ཚབ་བྱེད་དུ་ར་ལུག་དང་། བྱ་དེ། ཐ་ན་སྒོ་ང་གཅིག་ཡན་ལྷ་ནག་ཕྱོགས་པ་དེའི་རྟེན་གྱི་དྲུང་དུ་བཤས་ནས་དེའི་ཤ་ཕུད་ཁྲག་ཕུད་བསང་རྫས་ནང་བསྲེས་ཏེ་མེར་བསྲེགས་ཀྱི་གསོལ་ཁ་བྱེད་སྲོལ་ད་རུང་མདོ་ཁམས་ཀྱི་ཡུལ་ལུང་ཁག་འགའ་རེར་་ལུས་ཡོད། སྤྱིར་ལྷ་གསོལ་བསང་གཏོང་གི་བྱེད་སྒོ་གནའ་བོའི་ལུགས་ལྟར་སྤྱོད་ན་ཡང་། ཡུལ་ལུང་སོ་སོའི་གནས་བབས་ཀྱི་ཁྱད་ཆོས་རེའང་ཡོད། མདོ་དབུས་ཁམས་གསུམ་ལ་ཁྱད་པར་ཡོད་པ་དེ་བཞིན་དུ། རོང་འབྲོག་གཉིས་ལའང་རང་སའི་ཁྱད་ཆོས་རེ་ཡོད། རོང་ཁུལ་དུ་ཞིང་ཁ་དང་མཁར་སྟེང་དུ་དར་ལྕོག་འཛུགས་པ་དང་། སྡེ་བའི་ཕྱོགས་བཞིར་རྒྱལ་མཚན་རྩེ་མོའི་དར་སོགས་འཛུགས། རི་བསང་ནི་ལོ་རེ་ཐེངས་གཅིག་གཉིས་དང་། མདོར་ན་བོད་ཁུལ་གྱི་ཡུལ་ལུང་ཀུན་ཏུ་དར་ལྕོག་མེད་ས་དང་། བསང་གསོལ་གཏོང་ས་ལ་བཙས་མེད་ས་ཤིན་ཏུ་དཀོན་པ་ཡིན།།

 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1