པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བྱང་ཐང་གི་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་འགོ་ཚུགས་མཛད་སྒོར་ཕེབས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 08-16



            ཟླ་8ཚེས་10ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ནག་ཆུའི་2019ལོའི་བྱང་ཐང་གི་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་ལ་བཞུགས་གནང་བ་རེད།
            པཎ་ཆེན་རིན་པོ་ཆེས་མངའ་རིས་སུ་སྤེལ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་སྤྱི་ཚོགས་ཀྱི་བྱེད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་རྗེས་ཟླ་8ཚེས་4ཉིན་ནག་ཆུར་ཕེབས་འབྱོར་ཟིན་པ་རེད། ནག་ཆུར་བཞུགས་རིང་པཎ་ཆེན་རིན་པོ་ཆེ་སྔ་རྗེས་སུ་ཉི་མ་རྫོང་འོམ་བུ་དགོན་དང་། དཔལ་མགོན་རྫོང་གནམ་མཚོའི་བྱང་ངོགས། གསེར་རྙེད་ཆུས་ཞབས་རྟེན་དགོན་བཅས་སུ་གནས་གཟིགས་ཕྱག་མཆོད་ལ་ཕེབས་པ་དང་འབྲེལ་ཕྱག་དབང་དང་དབང་བསྐུར་བ་སོགས་གནང་བ་དང་ཆབས་ཅིག་ས་གནས་ཀྱི་དབུལ་སྐྱོར་ཐོན་ལས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ལས་དོན་ཐད་སྤྱི་ཚོགས་ཀྱི་བརྟག་ཞིབ་ཀྱང་གནང་བ་རེད།
            ཟླ་8ཚེས་8ཉིན་པཎ་ཆེན་རིན་པོ་ཆེས་ནག་ཆུ་གྲོང་ཁྱེར་གྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་བཞུགས་མོལ་གནང་བ་རེད། ཚོགས་ཞུགས་འཐུས་མི་ཚོས་དང་ཐོག་པཎ་ཆེན་རིན་པོ་ཆེ་མཆོག་ཉིན་ཤས་གོང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་བར་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་།  དེ་རྗེས་ནག་ཆུ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་འབྲི་རུ་རྫོང་ཆོས་སྡེ་དགོན་པའི་སྤྲུལ་སྐུ་སྟག་ཕུ་རྣམ་རྒྱལ་དབང་ཕྱུག་གིས་ནག་ཆུ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་གནས་ཚུལ་ངོ་སྤྲོད་གནང་བ་དང་། ནག་ཆུའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་རྗེ་དྲུང་བློ་བཟང་བསྟན་འཛིན་དང་། ཀུན་གསལ་སྙིང་པོ། འཇིགས་མེད་ཐེག་མཆོག་བསྟན་འཛིན། ཟླ་བ་ཚེ་རིང་སོགས་བླ་མ་སྐྱེས་ཆེན་གྱིས་རང་ངོས་ཀྱི་མྱོང་ཚོར་དང་ཟུང་འབྲེལ་བྱས་ནས་ཕ་ཡུལ་གྱི་འགྱུར་ལྡོག་གླེང་བ་དང་ཆབས་ཅིག་ཆོས་ལུགས་ལས་རིགས་ཀྱི་མཚོན་བྱེད་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་ཐད་སྤེལ་རེས་གཏམ་བཤད་གནང་བ་རེད།
            པཎ་ཆེན་རིན་པོ་ཆེས་ཉེ་བའི་ལོ་ཤས་རིང་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བར་བསྔགས་བརྗོད་ཆེན་པོ་གནང་བ་དང་སྦྲགས་ནག་ཆུ་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། པཎ་ཆེན་རིན་པོ་ཆེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ནག་ཆུ་གྲོང་ཁྱེར་གྱིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པས་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་ཆོས་དད་རང་མོས་འགན་ལེན་གང་ལེགས་བྱུང་ཡོད་ཅེས་གསུངས་པ་རེད།
            པཎ་ཆེན་རིན་པོ་ཆེས་ནག་ཆུའི་ནང་བསྟན་མཐུན་ཚོགས་དང་ཆོས་ལུགས་ལས་རིགས་ཀྱི་མཚོན་བྱེད་མི་སྣར་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་རྒྱུ་གནས་བབ་ཨང་དང་པོར་བཞག་ནས་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོའི་སྣེ་ཁྲིད་དེ་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་དགོས། དད་མོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འགྲོ་བ་ཀུན་འདྲ་མཉམ་དང་ལས་འབྲས་བསླུ་བ་མེད་པའི་ནང་ཆོས་ཀྱི་འདུ་ཤེས་འཛིན་ནས་རྒྱལ་ཁབ་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན། མི་དམངས་བདེ་སྐྱིད་བཅས་ཡོང་ཆེད་དད་མོས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས། ཆོས་ལུགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རང་གཅུན་ནན་པོ་དང་རང་དཔེ་གཞན་སྟོན་བྱེད་པ། རྒྱལ་གཅེས་ཁྲིམས་སྲུང་དང་ཆོས་གཅེས་སྡོམ་སྲུང་དར་སྤེལ་གཏོང་བ། ཐོས་བསམ་སྒོམ་གསུམ་ལ་དོ་སྣང་བྱེད་པ། འཆད་རྩོད་རྩོམ་གསུམ་ལ་འབད་བརྩོན་བྱེད་པ། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་བྱེད་དགོས། རིགས་པའི་གཞུང་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བསྟན་དོན་དང་འདུལ་ཁྲིམས་ཁྲོད་ཀྱི་སྤྱི་ཚོགས་ཞི་མཐུན་དང་། དུས་རབས་ཡར་རྒྱས། སྐྱོན་བྲལ་ཤེས་དཔལ་བཅས་ལ་ཕན་ཐོགས་ཡོད་པའི་ནང་དོན་སྔོག་འདོན་དང་དགོངས་འགྲེལ་གཏིང་ཟབ་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཟམ་མི་ཆད་པར་སྐུལ་མ་གཏོང་བའི་འགྲོ་ལམ་ཐོག་མཐའ་གཅིག་ཏུ་བསྐྱོད་དགོས་པའི་ཐུགས་རེ་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1