《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་《“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》ཅེས་པ་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-19



      ཟླ་8ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདེན་ཐེངས་16པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་《“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་》འགྲེམས་སྤེལ་བྱ་རྒྱུ་རེད།
     རྩོམ་ཡིག་ནང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དེ་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་། བསམ་བློ་གཅིག་གྱུར། དོན་འཁྱོལ་དམ་འཛིན། ངར་ཤུགས་གཅིག་སྒྲིམ། དཔའ་ངར་ཆེར་སྐྱེད། དམག་འཐབ་ཇི་ཙམ་བརྒྱབ་པ་དེ་ཙམ་གྱིས་དཔའ་ངར་ཆེ་རུ་འགྲོ་བ་བཅས་ཀྱི་ཐོག་ནས་“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ། ད་ལོ་དང་སང་ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་དུས་ཐོག་ཏུ་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་དུས་ཐོག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་ཡོད།
     རྩོམ་ཡིག་ནང་། སྤྱི་ཡོངས་ནས་བལྟས་ན་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་དང་། གཅིག་ནི་དབུལ་ཞྭ་ཕུད་པའི་ལས་དོན་གོ་རིམ་ལྡན་པའི་ངང་མདུན་དུ་སྤེལ་བཞིན་ཡོད་ལ། གཉིས་ནི“སེམས་ཁྲལ་མེད་པ་གཉིས”སྤྱིའི་ཆ་ནས་མངོན་འགྱུར་བྱུང་ཡོད། གསུམ་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པའི་འཛུགས་སྐྲུན་ལས་འགན་རིང་མིན་ལེགས་སྒྲུབ་ཡོང་རྒྱུ་དང་། བཞི་ནི་ཏང་གིས་གྲོང་གསེབ་ཏུ་སྲིད་སྐྱོང་བའི་རྨང་གཞི་སྔར་ལས་སྲ་བརྟན་དུ་ཕྱིན་ཡོད། གྲུབ་འབྲས་ཁས་ལེན་བྱེད་པ་དང་ཆབས་ཅིག་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་ངོས་འཛིན་ཐུབ་པ་བྱེད་དགོས་པ་སྟེ། རིགས་དང་པོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་རྒྱུར་ཐད་ཀར་ཤུགས་རྐྱེན་ཐེབས་པའི་གནད་དོན་ཡིན་པ་དང་། རིགས་གཉིས་པ་ནི་ལས་ཀའི་ཁྲོད་གོམ་གང་མདུན་སྤོས་ཀྱིས་ལེགས་བཅོས་བྱེད་དགོས་པའི་གནད་དོན་ཡིན། རིགས་གསུམ་པ་ནི་དུས་ཡུན་རིང་པོའི་ནང་རིམ་བཞིན་ཐག་གཅོད་བྱེད་དགོས་པའི་གནད་དོན་རེད་ཅེས་གསུངས་ཡོད།
     རྩོམ་ཡིག་ནང་། 2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་མི་འབོར་དབུལ་པོར་ལྟོ་གོས་ལ་སེམས་ཁྲལ་མེད་པ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་འགན་ལེན་ཐུབ་པ་བྱ་རྒྱུ་ནི་མི་འབོར་དབུལ་པོ་དབུལ་སྒྲོལ་གྱི་གཞི་རྩའི་བླང་བྱ་དང་ལྟེ་བའི་དམིགས་ཚད་ཡིན་པས། འགག་སྒྲོལ་དམག་འཐབ་ཀྱི་སྤུས་ཚད་དང་ཐད་ཀར་འབྲེལ་བ་ཡོད། སྤྱིའི་ཆ་ནས་བལྟས་ན། “སེམས་ཁྲལ་མེད་པ་གཉིས་”གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་ཡོད། “འགན་ལེན་གསུམ་”ལ་ད་དུང་ལྷུ་ཚིགས་ཞན་ས་མི་ཉུང་བ་གནས་ཡོད། གཞི་གྲངས་གསལ་རྟོགས་དང་། གནད་དོན་མངོན་གསལ་ཅན་ལ་དམིགས་པ། དུས་ཚོད་རེའུ་མིག་དང་ལམ་ཐིག་དཔེ་རིས་ཁ་གསལ་བཟོ་བ། ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་བ། ཉམས་སད་ཐེག་ཐུབ་པའི་བྱེད་ཐབས་དང་ཐབས་ཤེས་འདོན་པ་བཅས་བྱས་ནས་ལས་འགན་དུས་ཐོག་ཏུ་ལེགས་འགྲུབ་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས་ཞེས་གསུངས་ཡོད།
     རྩོམ་ཡིག་ནང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དེ་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། དམག་འཐབ་རྒྱག་སྟངས་དེ་ཐོག་མའི་དུས་ཀྱི་ཕྱོགས་ཡོངས་ཀྱི་བཀོད་སྒྲིག་དང་དུས་དཀྱིལ་གྱི་ཕྱོགས་ཡོངས་ཀྱི་སྐུལ་འདེད་དང་ཁྱད་པར་ཡོད་པ་ཞིག་ཡིན་དགོས། གལ་ཆེ་ཤོས་ནི་ལྷོད་གཡེང་དང་སྡུག་ཏུ་འགྲོ་རྒྱུ་སྔོན་འགོག་བྱ་རྒྱུ་དེ་ཡིན། གཅིག་ནས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། གཉིས་ནས་སྲ་ཞིང་བརྟན་པའི་འགག་གནད་སྒྲོལ་དགོས། གསུམ་ནས་གནད་དོན་བཅོས་སྒྲིག་ནན་ཏན་བྱེད་དགོས། བཞི་ནས་དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། ལྔ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་བརྟན་པོ་ཡོང་བ་བྱེད་དགོས། དྲུག་ནས་སྤྱོད་ཚུལ་ལེགས་བཅོས་ཏན་ཏིག་བྱེད་དགོས་ཞེས་གསུངས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1