རྔ་བ་རྫོང་བོད་ལུགས་གསོ་རིག་ཁང་གིས་མང་ཚོགས་ལ་བདེ་སྐྱིད་བསྐྲུན།

སྒྲོལ་མ་ཚེ་བརྟན་དང་བསྟན་འཛིན་ཉི་མ། ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-19



        སྤྱི་ཟླ་8པའི་ཚེས་17ཉིན་རྔ་བ་ཁུལ་ཁྱབ་བསྒྲགས་པུའུ་ཡི་སྣེ་ཁྲིད་འོག་ངེད་གསར་འགོད་ཚོ་ཆུང་རྔ་བ་རྫོང་བོད་ལུགས་གསོ་རིག་ཁང་ལ་བཅར་འདྲིར་ཕྱིན།
        རྔ་བ་རྫོང་བོད་ལུགས་གསོ་རིག་ཁང་ནི་སྤྱི་ལོ་1986ལོར་ཐོག་མར་གསར་ཏུ་བཙུགས་པ་དང་། སྤྱི་ལོ་2014ལོར་གྲུབ་འབྲས་ཡོད་པའི་སྒོ་ནས་སྨན་བཅོས་དང་སློབ་ཁྲིད། ཚན་ཞིབ། སྨན་བཟོ་བཅས་གཞི་གཅིག་ཏུ་འདུས་པའི་སྨན་ཁང་ཡོངས་སུ་གྲུབ་ལ་དམངས་ཡོངས་ལ་དབང་བའི་ལམ་ལུགས་ཀྱི་ཨང་རིམ་གཉིས་པའི་ཚད་རིམ་དང་པོའི་ཕྱོགས་བསྡུས་རང་བཞིན་གྱི་བོད་ལུགས་གསོ་རིག་ཁང་ཞིག་རེད།
        སྨན་ཁང་གི་སྨན་དོན་ཚན་ཁག་གི་འགོ་གཙོ་རྡོ་རྗེ་རྣམ་རྒྱལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། རྔ་བ་རྫོང་བོད་ལུགས་གསོ་རིག་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་7700ལྷག་ཡོད་ལ་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་7000ཡོད། སྨན་ཁང་ཡོངས་སུ་སྒྲིག་གཞིའི་ཁོངས་གཏོགས་ཀྱི་སྨན་པ་60ཡོད་ལ་ནང་གསེས་སུ་བོད་ལུགས་གསོ་རིག་ཆེད་ལས་སྨན་པ་26དང་། བོད་ལུགས་གསོ་རིག་གི་འབུམས་རམས་སྨན་པ་1། འབུམ་རམས་གཞོན་པ་9། རབ་འབྱམས་པ་9། དཀའ་བཅུ་བ་10བཅས་ཡོད།
        ད་ལྟ་ལས་བཟོ་པ་ཁྱོན་མི་126དང་། དངོས་གཞིའི་ཚན་ཁག་དང་ཆེད་ཚན་སློབ་གྲྭ་ཆེ་མོ་བ68། འབྲིང་རིམ་ཆེད་ཚན་པ་35དང་སློབ་གཉེར་བརྒྱུད་རིམ་གཞན་དག་ནས་ཡོངས་པའི་སྨན་པ་23བཅས་ཡོད། སྒྲིག་གཞིའི་ཁོངས་གཏོགས་སུ་མལ་ཁྲི་80བཀོད་སྒྲིག་བྱས་ཡོད་པ་དང་དོན་དངོས་ཐོག་མལ་ཁྲི་136བེད་སྤྱོད་བྱས་བཞིན་ཡོད།
        སྨན་ཁང་དུ་སྒོ་བསྟེན་སྨན་བཅོས་ཁང་དང་ནད་སྡོད་ཁང་། ནད་བརྟག་ཁང་དང་འཕྲལ་བཅོས་ཁང་། མོ་ནད་ཚན་ཁག་དང་གཤགས་བཅོས་ཁང་། དེ་བཞིན་གློག་པར་དང་Bསྒྲ་རླབས། སྙིང་པར་དང་སྨན་སྦྱོར་སོགས་གསོ་རིག་ལག་རྩལ་ཚན་ཁག་བཅས་ཡོད་ལ།  དཔྱད་བཅོས་ཚན་ཁག་དང་སྨན་ལུམས་ཚན་ཁག་ཏེ་ཞིང་ཆེན་རིམ་པའི་ཁྱད་ཆོས་ལྡན་པའི་གཙོ་གནད་ཆེད་ཚན་གཉིས་ཡོད་པ་མ་ཟད། ད་དུང་བོད་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་ཕྱི་ནད་ཚན་ཁག  བོད་ལུགས་གསོ་རིག་གི་མོ་ནད་ཚན་ཁག་སོགས་ཁྱད་ཆོས་ལྡན་པའི་སྒོ་བསྟེན་སྨན་ཁང་གསུམ་ཡང་ཡོད།
        2018ལོ་ནས་བཟུང་སྨན་ཁང་གི་བདེ་ཐང་སླར་གསོའི་ཚན་ཁག་གི་སྤྱིའི་སྨན་བཅོས་མི་གྲངས་མི་ཐེངས་ཁྲི་1.9933ཟིན་པ་དང་(དེའི་ནང་སྒོ་བསྟེན་སྨན་བཅོས་བྱེད་མཁན་ནད་པ་མི་ཐེངས་ཁྲི་1.2697ཟིན་པ་དང་། སྨན་ཁང་དུ་སྡོད་པའི་ནད་པ་མི་ཐེངས་7236ཡོད། ) སྨན་བཅོས་འགྲོ་གྲོན་གྱི་སྤྱིའི་ཡོང་འབབ་སྒོར་ཁྲི་123.3ཟིན་པ་དང་(དེའི་ནང་སྒོ་བསྟེན་སྨན་ཁང་གི་ཡོང་འབབ་སྒོར་ཁྲི་75.2དང་། སྨན་ཁང་དུ་བསྡད་པའི་ཡོང་འབབ་སྒོར་ཁྲི་48.1ཡིན་ལ། མི་རེའི་ཆ་སྙོམས་སྨན་བཅོས་འགྲོ་གྲོན་སྒོར་56ལྷག་རེད།) ནད་པ་ཚང་མར་རིག་ལམ་གསལ་པོ་དང་བརྟག་དཔྱད་ཁ་གསལ་པའི་སྒོ་ནས་བོད་ལུགས་དང་ནུབ་ལུགས་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། ནད་པ་སངས་དྲག་བྱུང་ཚད་61%ཡིན་པ་དང་ལས་ཆོད་97.9%ཟིན་ཡོད།
        རྔ་བ་རྫོང་གི་བདེ་ཐང་སླར་གསོའི་སྨན་བཅོས་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་ཆེད། རྔ་བ་རྫོང་སྲིད་གཞུང་གིས་དེ་སྔའི་རྔ་བ་རྫོང་འཕྲོད་བསྟེན་ཅུས་ཀྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་600ལྷག་ཙམ་གྱི་ས་ཆ་དེ་རིན་མེད་དུ་བོད་ལུགས་གསོ་རིག་ཁང་གིས་ཁུལ་རིམ་པའི་ས་ཁོངས་ཀྱི་བདེ་ཐང་སླར་གསོའི་སྨན་བཅོས་གསོ་སྦྱོང་རྟེན་གཞི་དང་སློབ་གསོའི་རྟེན་གཞི་འཛུགས་པར་མཁོ་འདོན་བྱས། ཁུལ་རིམ་པའི་ས་ཁོངས་ཀྱི་བདེ་ཐང་སླར་གསོའི་སྨན་བཅོས་གསོ་སྦྱོང་རྟེན་གཞི་དང་སློབ་གསོའི་རྟེན་གཞི་འཛུགས་པར་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་100བཏང་ནས་རིམ་སྤོར་གསར་བསྒྱུར་བྱས་པ་མ་ཚད། ཧོར་མེ་སྨན་བཅོས་ཁང་དང་བོད་ལུགས་གསོ་རིག་གི་གསེར་ཁབ་སྨན་བཅོས་ཁང་། བོད་ལུགས་གསོ་རིག་གི་དུགས་ལུམས་བྱུག་པ་སོགས་ཁྱད་ལྡན་སྨན་བཅོས་ཁང་སོགས་འབྲེལ་ཡོད་ཚན་ཁག་བཙུགས་པ་རེད།
        ཁུལ་རིམ་པའི་ས་ཁོངས་ཀྱི་བདེ་ཐང་སླར་གསོའི་སྨན་བཅོས་གསོ་སྦྱོང་རྟེན་གཞི་དང་རྫོང་རིམ་པའི་བདེ་ཐང་སླར་གསོའི་སྨན་བཅོས་གསོ་སྦྱོང་རྟེན་གཞི་ཡིན་པའི་ཆ་ནས་དཔལ་འབྱོར་གྱི་ཕན་འབྲས་དང་དེ་བཞིན་སྤྱི་ཚོགས་ཀྱི་ཕན་འབྲས་དོན་གཉེར་བྱེད་པ་དང་དུས་མཚུངས་རྔ་བ་རྫོང་བོད་ལུགས་གསོ་རིག་ཁང་གིས་མི་སྣ་གསོ་སྐྱོང་བྱ་རྒྱུར་སྔར་ནས་བཟུང་མཐོང་ཆེན་བྱས་ནས་བདེ་ཐང་སླར་གསོའི་ཆེད་ལས་མི་སྣའི་གསོ་སྦྱོང་ལམ་ལུགས་བཙུགས་ཏེ་འཆར་གཞི་ལྡན་པའི་སྒོ་ནས་འབྲེལ་ཡོད་སྨན་དོན་མི་སྣ་དང་གོང་རིམ་སྨན་བཅོས་ཀྱི་སྒྲིག་གཞིར་སོགས་སུ་གསོ་སྦྱོང་བྱེད་པར་བཀོད་སྒྲིག་བྱས།
        སྔ་རྗེས་སུ་འབྲེལ་ཡོད་ཆེད་ལས་ལག་རྩལ་མི་སྣ་སི་ཁྲོན་ཞིང་ཆེན་ཀྲུང་དབྱིན་ཟུང་འབྲེལ་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། ཁྲེན་ཏུའུ་གྲོང་ཁྱེར་ཅིང་ཅན་མི་དམངས་སྨན་ཁང་དང་མེ་ཧྲན་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་། དེ་བཞིན་ཏེ་དབྱང་གྲོང་ཁྱེར་ཅིན་དབྱང་ཁུལ་ཀྲུང་ལུགས་སྨན་ཁང་བཅས་སུ་བདེ་ཐང་སླར་གསོའི་སྨན་བཅོས་སློབ་སྦྱོང་བྱེད་དུ་མངགས།
        བོད་རིགས་ས་ཁུལ་གྱི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་ཆ་རྐྱེན་ལེགས་སུ་གཏོང་བ། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཆེད་དུ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་རྔ་བ་རྫོང་གིས་ཀྲུང་དབྱང་གི་ཆེད་དོན་མ་དངུལ་སྒོར་ཁྲི་4000སྤྱད་དེ་རྫོང་བོད་སྨན་ཁང་བསྒྱུར་བཀོད་མཐོར་འདེགས་བྱས་པ་དང་མ་ཚད་རྫོང་གི་ལྷོ་ཕྱོགས་ཀྱི་ཁུལ་གསར་ལ་ཁྱོན་ཡོངས་གནས་སྤོ་བྱས་པ་དང་། སྨན་ཁང་གསར་པའི་འཆར་འགོད་འཛུགས་སྐྲུན་ལ་སྤྱོད་པའི་སའི་རྒྱ་ཁྱོན་ལ་མུའུ་30ལྷག་ཙམ་ཡོད་པ་དང་ད་ལོའི་ལོ་མཇུག་བར་ལ་ཕལ་ཆེར་སྤྱོད་འགོ་ཚུགས་རྒྱུ་རེད་ཅེས་བཤད་བྱུང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1