གཙོ་ངོས།>> དམངས་སྲོལ།>>དམངས་རྩོམ།

དམངས་ཁྲོད། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ། སྤེལ་དུས། ༢༠༡༤ལོའི་ཟླ་བ་༡༠ཚེས་༢༡ཉིན།

༄༅། །གབ་ཚིག

                                     147

གངས་རིའི་སྲས་མོ་ཤ་རྩ་སྨུག་པོ་ཅན།།

ཙོང་ཁའི་ཡུལ་གྱི་བདག་མོ་ང་ཡིན་ཞེས།།

ལུས་ཀྱི་སྟང་སྟབས་ཅི་དགར་སྒྱུར་བཞིན་པར།།

དབྱངས་ཀྱི་ང་རོ་ཆེས་ཆེར་སྒྲོགས་བཞིན་རྒྱུ།།

148

གངས་ཅན་ལྷ་ལམ་ཕ་མཐའ་ཡས་པའི་འོག།།

གཡུ་འབྲུག་སྔོན་མོ་ས་ལ་ལྷུང་བའིགཏམ།།

ཐོས་པས་མ་མགུར་རང་ལུས་འཁྱོག་པོའི་ངང་།།

སྐྱིད་ཤོད་གཞུང་ན་གོམ་པའི་འདེགས་འཇོག་སྒྱུར།།

149

དུག་ཅན་པ་ཡི་བུ་རྣམས་དམྱུལ་བ་ལས།།

འདྲེན་ཙྱིར་ཆུ་བོ་སྐལ་ལྡན་ཤིང་རྟ་ང་།།

དེ་རིང་ད་གཟོད་རྫ་ལམ་མྱུར་བརྒྱུད་དེ།།

དགའ་བའི་གླུ་དབྱངས་ལེན་པའི་སྐལ་བ་ཐོབ།།

150

དགུ་འགྱུར་པད་མོ་རོང་གི་འགག་མདོ་ན།།

གནམ་གྱི་དགུ་ཚིགས་ས་ལ་ལྷུང་ངོ་ཞེས།།

རང་ལུས་འཁྱོག་ལ་འཆང་བའི་བུ་མོ་ཞིག།།

མྱ་ངན་ཁུར་གྱིས་མནར་ཏེ་འོ་དོད་འབོད།།

151

རྟ་མཆོག་ཚེམས་ཕྲེང་དགོད་པའི་སོ་བར་ནས།།

མཐའ་གཉིས་ཕྱོགས་ལྷུང་བྲལ་བའི་དབུ་མའི་ཆོས།།

ལྷང་ལྷང་ཐོན་པ་རབ་དཀར་བྲག་རིའི་ངོར།།

མ་བརྐོས་འབུར་དུ་ཐོན་པའི་གནས་དེ་གང་།།

152

མཁའ་ལྡིང་གཤོག་པ་བརྒྱངས་འདྲའི་སྨིན་མའི་རླབས།།

ཁྱུང་སྔོན་སྐྱེས་ཀྱིས་དྲངས་པའི་གདུགས་ཀྱི་དུས།།

ཉི་གཞོན་གྲིབ་སོ་ས་ལ་ཤར་བ་ཡི།།

གྲུབ་ཆེན་དམ་པའི་བསྟི་གནས་གང་

153

ལིང་ང་ཁྱི་ཁྲིད་ཐར་ལམ་ལ་བཀོད་པའི།།

ལི་ཁྲིའི་མདངས་ལྡན་དཀན་གཟར་བྲག་རིའི་རྩེར།།

དགེ་ལེགས་རྐང་སྟེགས་ལན་མང་བཀོད་པ་ཡི།།

སྒྲུབ་པའི་གནས་མཆོག་དེ་ཀོ་ཅི་ཞིག་ལགས།།

154

སྲོག་ལྡན་ཕྲ་རགས་མ་ལུས་སྡུག་བསྔལ་གྱི།།

རྒྱ་མཚའི་ཕ་མཐར་ཉེ་བར་དྲངས་བྱས་ཏེ།།

སྐལ་ལྡན་བྱང་ཆུབ་ལམ་ལ་འགོད་པ་ཡི།།

རི་ཁྲོད་དབེན་རྫོང་བྱིན་རླབས་སུ་ཞིག་གཞལ།།

155

སྐྱེ་བོ་འདི་དག་ཚེ་འདིའི་བདེ་སྐྱིད་ལ།།

མངོན་མར་ཆགས་པའི་ཚུལ་འདི་མི་རིགས་ཞེས།།

སྟོང་ཉིད་ནམ་མཁའ་ལལྟ་བུའི་གཞུང་གི་དོན།།

ཐུགས་ཀྱི་སྲས་ལ་འཆད་པའི་གནས་དེ་གང་།།

156

སྐྱིབས་ཀྱི་བང་རིམ་ལྡན་པའི་བྲག་རི་འདི།།

ཁ་དོག་སྐྱ་ཡང་རྡོ་རྗེ་གདན་གྱི་གྲོང་

གནལ་བ་དེའི་དོ་ཟླར་འོས་སོ་ཞེས།།

མི་འཇུག་རྡོ་རྗེའི་མཚན་མ་འཛིན་དེ་གང་།།

157

རྒྱ་སྟག་ནགས་ལ་མཆོང་འདྲའི་བཤུལ་ལམ་ན།།

བདག་ལ་མཁོ་བའི་བཟའ་བཏུང་མེད་དོ་ཞེས།།

ནམ་མཁའ་ལྡིག་གི་ཡིད་ཀྱང་རབ་ཙམ་སྟེ།།

རང་མལ་བདེ་བའི་ཚང་ན་གཉིད་དུ་ཡུར།།

158

སྐྱིད་པའི་ཉི་མ་འདི་ལ་ཤར་ན་ཡང་།།

ཚེ་འདིའི་བདེ་སྐྱིད་རྟག་པ་མིན་པས་ན།།

སོས་དུས་ཉི་མ་རིང་བའི་དུས་སྐབས་འདིར།།

དགེ་བའི་སྒོམ་སྒྲུབ་གནས་ལ་བརྩོན་དེ་གང་།།

159

དཔྱིད་གསུམ་སོས་ཀའི་དུས་ཀྱི་ཉིན་གུང་ལ།།

རི་ཁྲོད་དབེན་པའི་ནགས་ཀྱི་ལྗོན་ཤིང་རྩེར།།

དཔྱིད་ཀྱི་ཙོ་ཉས་གླུ་དབྱངས་ལེན་པ་ཡིན།།

གཙང་གི་འབྲོག་དགོན་མིང་ལ་ཇི་སྐད་ཟེར།།

160

མན་ཤེལ་ཟླ་བའི་ཞུན་མ་ལས་འོངས་པའི།།

ཆུ་ཤིང་གཞོན་ནུའི་དཀར་འཇམ་མགུལ་མནཞིག།།

འཕྲུལ་གྱི་ཕུག་རོན་དགའ་མས་ཉེར་འཁྱུར་པའི།།

མཁའ་འགྲོའི་གནས་མཆོག་དེ་ཀོ་ཅི་ཞིག་ལགས།།

161

བེའུའི་རྭ་ཅོ་ལྟ་བུའི་རྩེ་མི་ན།།

འདོད་ཡོན་ལྔ་ལྡན་འཇིག་རྟེན་མཛེས་མ་ཞིག།།

མཛངས་ཡོན་བརྒྱད་ཀྱི་ཁེངས་པས་སྙེམ་བཞིན་དུ།།

འཛུམ་དཀར་ཚེམས་ཕྲེང་དགོད་པའི་གནས་དེ་གང་།།

162

དཀར་པོའི་རྩིག་ལྡེབས་ངོས་ལ་ཞབས་མཐིལ་གྱི།།

དགེ་ལེགས་རི་མོ་མངོན་པར་བཀོད་པ་འདི།།

དམ་པའི་ལྷ་ཆོས་དར་བའི་རྟགས་ཡིན་ཞེས།།

འཕྲུལ་གྱི་གྲུབ་རྟགས་བསྟན་པའི་གནས་དེ་ཅི།།

163

རྒྱ་གར་གྲུབ་ཐོབ་བགྲང་གིས་མི་ལང་བའི།།

ས་བཅུ་ལམ་ལྔའི་སྣེ་མོ་འདི་ན་ཞེས།།

མཁའ་ལ་བགྲོད་པའི་རྨུ་ཐག་འཐེན་པ་ཡི།།

ས་ཡི་ཚངས་པ་ཆེན་པོ་དེ་ཅི་ཞིག།།

164

དམར་ཡག་སྟག་གི་ཐིག་ལེ་མ་ཉམས་ན།།

གངས་སེར་དཀར་མོའི་འོ་མ་མི་འཛད་པས།།

འགྲོ་བའི་བསོད་ནམས་གང་དང་ཟགས་པའི་བར།།

ཚུང་འདིར་གཟིགས་ཞས་འབོད་པའི་མགྲོན་བདག་གང་།།

165

བདག་ནི་བསྐལ་པ་སྙིགས་མའི་དུས་སྐབས་འདིར།།

སྦས་པའི་བརྟུལ་ཞུགས་ལྷུ་རུ་བླངས་ནས་ནི།།

འགྲོ་དྲུག་ཕ་མའི་འཕྲིན་ལས་སྒྲུབ་པོ་ཞེས།།

ཚུལ་འདིར་གཟིགས་ཞེས་འབོད་པའི་མགྲོན་བདག་གང་།།

166

སྐྱེ་བོ་ལ་ལ་ཚེ་འདི་བློས་བཏང་ནས།།

དབེན་པའི་ཕུག་པར་སྒོམ་པར་དགའ་ན་ཡང་།།

འདམ་ལས་སྐྱེས་པའི་པད་མ་དཀར་བོ་ལྟར།།

འདམ་གྱིས་གོས་པ་མེད་པའི་གོ་སྐབས་དཀོན།།

167

གླང་ཆེན་སྣ་ཞགས་རིང་དུ་བརྐྱངས་ན་ཡང་།།

གཉིས་འཐུང་དབང་བོའི་ངང་ཚུལ་མི་འདོར་བཞིན།།

སྨྲ་བའི་སྒོ་མོ་དམ་པོར་བསྡམས་ནས་ནི།།

ཀླུ་བདུད་དམ་ལ་འདོགས་པའི་གནས་དེ་གང་།།

168

ཞི་ཁྲོ་རབ་འབྱམས་ལྷ་ཚོགས་མང་པོའི་ཁྲོད།།

རྣམ་པར་རྒྱལ་བའི་ལྷ་ཆེན་ང་ཡིན་ཞེས།།

རྡོ་རྗ་རྩེ་བརྒྱ་ལག་ན་འཛིན་པ་ཡི།།

ལྷ་ཡི་དབང་བོ་གཉིས་པ་ཡི་།།

169

བདེ་སྐྱིད་བདབེན་པའི་དྲང་སྲོང་ཕུག་པ་རུ།།

བདེ་སྐྱིད་ཉི་མ་འཆར་བ་དཀའ་ན་ཡང་།།

བདེ་ལྡན་ཞིང་གི་ཉི་མ་ང་ཤར་ཚེ།།

བདེ་བ་ཅན་ལ་བགྲོད་པའི་ལམ་ཐག་ཉེ།།

170

རི་དབང་ལྷུན་པོའི་རྩེ་མོའི་སྤོ་བ་ལ།།

ང་ཆེ་ང་མཐོའི་ཉི་མ་ང་ཤར་ཚེ།།

སྔོ་བསངས་ལྷ་ལམ་མུ་མཐའ་ཡས་པའི་གཞིར།།

མུན་པའི་རྫོང་གཞི་གནས་པའི་གོ་སྐབས་བྲལ།།

171

གཡང་དཀར་ལུག་གི་གྲོད་པ་ལྷ་བུའི་ཡུལ།།

ལ་དང་ལུང་དང་གྲོག་མོ་ཤར་ཤུར་ཅན།།

ནང་བའི་སངས་རྒཡས་གཉིས་པ་བསྒོམ་པའི་ཡུལ།།

གཉའ་ཁྲི་བཙན་པོའི་བུ་རྒྱུད་བླ་ན་མཛེས།།

172

གཉའ་ལ་བྲིན་ཏི་རུས་ཆེན་རིགས་བཞི་སྟེ།།

ནང་གི་བདུད་བཞི་རྫུ་འཕྲུལ་གྱིས་བཏུལ་བའི།།

ལ་ཕྱི་གངས་དང་ཏི་སེ་སྤུན་མཆེན་གཉིས།།

ཕུ་ནུའི་ཁྱད་པར་སུ་ཡིས་འབྱད་པར་ནུས།།

173

ཀུན་ལ་མ་གྲགས་གསང་བའི་ཚུལ་གནཡིས་རྒྱུ།།

སུས་ཀྱང་མ་ཤེས་བསྟི་གནས་ཡ་མཚན་ཅན།།

ཟ་འོག་གོས་ལ་འགྲན་པའི་རི་མོ་ཅན།།

ཕུག་རོན་རྣམ་བཞིའི་མིང་ལ་ཇི་སྐད་ཟེར།།

174

འབངས་ཀྱི་གཉའ་བ་རང་གི་ཁྲི་བྱས་ནས།།

དབུས་གཙང་ཞིང་གི་བྲག་རི་མཐོན་པོའི་སྤོར།།

ཡུམ་སྲས་དགའ་བའི་བསྟི་གནས་རིན་པོ་ཆེ།།

ཐོག་མར་བཞེངས་པའི་མིང་ལ་ཅི་ཞིག་ཟེར།།

175

བསིལ་ལྡན་ཁ་བ་རི་བའི་དཀྱིལ་དབུས་ན།།

དམར་པོ་མཚལ་གྱིས་སྙེམས་པའི་ལྷུན་པོའི་རྩེར།།

དཀར་དམར་ཤོ་དང་མིག་མང་ར་རྡུལ་ཕྲན་ལས།།

གྲུབ་པའི་རྣམ་རྒྱལ་ཁང་བཟང་དེ་ཅི་ཞིག།།

176

རྒྱ་ནག་སྤོར་ཐང་རྩིས་ལ་ཉེར་བབས་པའི།།

རྒྱ་མཚོ་བསུབས་པའི་རྡོ་རྗེ་གདན་གྱི་སྟེང་།།

རྒྱ་ཕིབས་གསེར་གྱི་རྒྱལ་མཚན་གྱིས་མཛེས་པའི།།

རྒྱ་བོད་གཉེན་གྱི་དན་རྟགས་ཅི་ཞིག་ཡིན།།

177

ཁ་བ་ཅན་ལ་སངས་རྒྱས་བསྟན་པ་ཡི།།

དཔག་བསམ་ཤིང་གི་རྩ་བ་ཚུགས་སོ་ཞས།།

བཙན་པོའི་བཀའ་ལུང་གླུ་རུ་ལེན་པ་ཡི།།

མགྲིན་པའི་ཁ་དོག་སུམ་ཕྲེང་ཅན་ད་གང་།།

178

གངས་ཅན་ནགས་ན་དགེ་བཅུའི་བྱ་ཁྲ་ཡིས།།

མི་དགེའི་བྱེའི་སྲོག་སྙིང་ལེན་པའི་ཚེ།།

སྤྲིན་གྱི་བང་རིམ་ཕང་ཕུང་འཁྲིིགས་པའི་ཁྲོད།།

གཡུ་འབྲུག་བཞད་སྒྲ་འབྱིན་དེ་ཅི་ཞིག་ལགས།།

179

དབུས་གཙང་ཆོས་ཀྱི་ཞིང་གི་འབྲོག་དགོན་དུ།།

ངོ་མཚར་འཕྲུལ་གྱི་ཕྱག་ཟུང་རབ་བརྐྱངས་ནས།།

བརྒྱ་བྱིན་ཕོ་བྲང་ས་ལ་དྲངས་པ་ཡི།།

ཞྭ་སེར་བསྟན་པའི་བསྟི་གནས་དང་པོ་གང་།།

180

བསིལ་ལྡན་ཁ་བའི་ལྗོངས་ཀྱི་གང་ཟག་གི།།

ཡིད་ཀྱི་རྨོངས་པའི་ལོ་ཏོག་ངས་འཇོམས་ཞེས།།

སྟོན་གསུམ་ཆུ་འཛིན་གྲུབ་པའི་སྔགས་་མཁན་གྱིས།།

ཡངས་དཀར་རྡོ་རྗེའི་ཆར་ཚོགས་འབབས་དེ་ཅི།།

181

རྫོགས་ལྡན་གསར་བའི་གནམ་ལོ་ཤར་བ་ན།།

དགེ་བཅུའི་དངོས་གྲུབ་ཆར་བ་འདི་ཕོབས་ཞེས།།

འབྲས་དཀར་རྡུལ་སྤུངས་པའི་བྲག་རི་དེ།།

རི་རྒྱལ་ལྷུན་པོ་ཡིན་ནམ་འཕྱང་མོ་ཉུག།།


ཁེད་ལན།།

147  ཙོང་ཆུ།། 

148  ལྷ་སའི་སྐྱིད་ཆུ།།

149  རྫི་ཆུ།།

150  རོང་བོ་དགུ་ཆུ།།

151  བྲག་དཀར་རྟ་སོ་དབུ་མ་རྫོ།།

152  སྨིན་ཆུང་གྲུབ་མ་རྫཕང་།།

153  ལིང་ང་བྲག་དམར་རྫོང་།།

154  རག་མ་བྱང་ཆུབ་རྫོང་།།

155  སྐྱང་ཕན་ནམ་མཁའ་རྫོང་།།

156  བྲག་སྐྱ་རྡོ་རྗེ་རྫོང་།།

157  མཆོང་ལུང་ཁྱུར་གི་རྫོང་།།

158  སྐྱིད་པ་ཉི་མ་རྫོང་།།

159  ཁུ་བྱུག་དབེན་པ་རྫོང་།།

160  ཤེལ་ཕུག་ཆུ་ཤེང་རྫོང་།

161  བེ་རྩེ་འདོད་ཡོན་རྫོང་།།

162  རྩིག་པ་རྐང་མཐིལ་རྫོང་།།

163  རྒྱ་བྲག་ནམ་མཁའ་རྫོང་།།

164  སྟག་ཕུག་སེང་གེ་རྫོང་།།

165  སྦས་ཕུག་མ་མོ་རྫོང་།།

166  ལ་ཕུག་པདྨ་རྫོང་།།

167  གླང་སྒོ་ཀླུ་བདུད་རྫོང་།།

168  ཁྲོ་རྒྱལ་རྡོ་རྗེ་རྫོང་།།

169  སྐྱིད་ཕུག་ཉི་མ་རྫོང་།།

170  སྤོ་མཐོ་ནམ་མཁའ་རྫོང་།།

171  གཉའ་ནང་གྲོད་པ་ཕུག།།

172  ལ་ཕྱིའི་བདུད་འདུལ་ཕུག།།

173  ཕུག་ཆེན་བཞི་སྟེ།།

174  ཕོ་བྲང་ཡུམ་བུ་བླ་སྒང་།།

175  པོ་ཏ་ལ།།

176  ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་།།

177  བསམ་ཡས་གཙུག་ལག་ཁང་།།

178  ཁྲ་འབྲུག་གི་གཙུག་ལག་ཁང་།།

179  དཀའ་ལྡན།།

180  སེ་ར།།

 181  འབྲས་སྦུངས།།

 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1