སི་ཁྲོན་ཞིང་ཆེན་གྱིས་དཀར་མཛེས་དང་རྔ་བ་སོགས་སུ་ཆུ་གློག་བསྡུ་ཉར་གཙང་སེལ་ཐོན་ལས་དཔེ་སྟོན་ཁུལ་6བཙུགས་ཏེ་ཁེ་ལས་ལ་གློག་རིན་གཅོག་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-20



 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེན་ཏུའུ་ནས་ཟླ་8ཚེས་13ཉིན་གློག་འཕྲིན་འབྱོར་གསལ། སི་ཁྲོན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་ཉེ་ཆར《སི་ཁྲོན་ཞིང་ཆེན་ཆུ་གློག་བསྡུ་ཉར་གཙང་སེལ་ཐོན་ལས་དཔེ་སྟོན་ཁུལ་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཀྲམ་སྟེ་དཀར་མཛེས་དང་། ཤིང་ངལ། གཡག་རྔ། ལེ་ཧྲན། ལེང་ཧྲན། རྔ་བ་སོགས་གྲོང་ཁྱེར་དང་ཀྲོའུ་6ལ་ཆུ་གློག་བསྡུ་ཉར་གཙང་སེལ་ཐོན་ལས་དཔེ་སྟོན་ཁུལ་གྱི་ཚོད་ལྟའི་ས་ཚིགས་བཙུགས་ནས་ལམ་སྲོལ་གསར་གཏོད་བྱས་པ་བརྒྱུད“གློག་རིན་གཅོག་པ་དང་སྤྱོད་སྒོ་ཆེ་བའི་རྒྱབ་སྐྱོར”མངོན་འགྱུར་བྱུང་བ་དང་། ཆུ་གློག་བསྡུ་ཉར་གཙང་སེལ་གདང་ངེས་དང་གཙོ་གནད་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་དེ་བས་ལེགས་པའི་སྒོ་ནས་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་པའི་གཏན་འབེབས་བྱས་ཡོད།
     ཇུས་གཞིའི་ནང་དཔེ་སྟོན་ཁུལ་གྱི་ཆ་རྐྱེན་དང་འཚམ་པའི་ཚོད་ལྟའི་ཁེ་ལས་ཀྱིས“ཉོ་ཚོང་གློག་རིན+འདྲེན་གཏོང་གློག་རིན+སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་དང་དེ་བཞིན་ཟུར་སྣོན”གྱི་བྱེད་ཐབས་གཞིར་བཟུང་གློག་སྤྱོད་མཁན་གྱི་གློག་རིན་གཏན་འཁེལ་བྱས་པ་དང་། སྲོལ་རྒྱུན་གྱི“རྨང་གཞིའི་གློག་རིན+གློག་ཚད་གློག་རིན”གྱི་བཟོ་ལས་ཆེན་པོའི་གློག་སྤྱོད་མཁན་གྱི་གློག་རིན་གཉིས་ཀྱི་ཚབ་བྱས་པ་ཁ་གསལ་བཏོན་ཡོད།
     ཇུས་གཞི་གཞིར་བཟུང་། གློག་སྤྱོད་མཁན་གྱི་གློག་རིན་ནི་ལོ་ཧྲིལ་པོའི་ཕྱོགས་བསྡུས་གློག་རིན་དང་ཆུ་གློག་བསྐྱུར་འབོར་གྱི་གློག་རིན་གཉིས་ཡིན་ཞིང་། གློག་སྤྱོད་ཁེ་ལས་ཀྱིས་དེའི་ཁྲོད་ནས་གཅིག་བདམས་ནས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེའི་ནང་ལོ་ཧྲིལ་པོའི་ཕྱོགས་བསྡུས་གློག་རིན་སྤྱོད་མཁན་གྱི་གློག་སྤྱོད་ཁེ་ལས་དང་གློག་འདོན་ཁེ་ལས་ཀྱིས་ཆན་ཝ་ཆུ་ཚོད་རེར་སྒོར་0.22ཀྱི་ཆུ་ཚད་ལས་མི་བརྒལ་བའི་ཐོག་ནས་ལོ་ཧྲིལ་པོའི་ཕྱོགས་བསྡུས་ཉོ་ཚོང་གི་གློག་རིན་གྲོས་མོལ་གཏན་འཁེལ་བྱས་ཏེ་ཡུན་རིང་འཐབ་ཇུས་མཉམ་ལས་གྲོས་འགོ་དང་ལོ་འཁོར་གྱི་གན་རྒྱ་འཇོག་དགོས། གློག་འདོན་ཚད་ཀྱི་ཆུ་གློག་བསྐྱུར་འབོར་སྤྱོད་མཁན་གློག་སྤྱོད་ཁེ་ལས་ཀྱིས་ཆུ་རྒྱས་དུས་ཆུ་གློག་བསྐྱུར་འབོར་སྤྱད་དེ་ཆུ་གློག་བསྐྱུར་འབོར་གྱི་གློག་རིན་ཁེར་རྐྱང་ལག་བསྟར་བྱེད་པ་དང་། ཆུ་སྐམ་པའི་དུས་གློག་ཚད་དུས་རྒྱུན་གྱི་གློག་རིན་ལམ་སྲོལ་དང་འདྲེན་གཏོང་གློག་རིན་གྱི་ཆུ་ཚད་ལག་བསྟར་བྱེད་དགོས། ཆུ་གློག་བསྐྱུར་འབོར་གྱི་ཉོ་ཚོང་གློག་རིན་དེ་གློག་སྤྱོད་ཁེ་ལས་དང་གློག་གཏོང་ཁེ་ལས་ཀྱིས་འབྲེལ་ཡོད་སྲིད་ཇུས་ལྟར་གྲོས་མོལ་གཏན་འཁེལ་བྱེད་པའམ་ཡང་ན་ཉོ་ཚོང་ནང་ཞུགས་ནས་གྲུབ་པར་བརྗོད།
     ཤེས་རྟོགས་བྱས་པར་གཞིགས་ན། ལག་བསྟར་ཇུས་གཞི་དེ་འདི་ལོའི་ཟླ་8ཚེས་1ཉིན་ནས་2022ལོའི་ཟླ་12ཚེས་31ཉིན་བར་གོ་ཆོད་པ་དང་། དུས་ཚོད་འཐིམས་རྗེས་སི་ཁྲོན་གྱིས་དབྱེ་ཞིབ་གདེང་འཇོག་དང་ཞིབ་གཅོད་བྱས་ནས་དུས་ཐོག་ཏུ་ཕྱོགས་སྡོམ་ལེགས་སྒྲིག་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1