༄༅།། “གཡུལ་བཀྱེས་པར”མོས་པའི་ང་ཚོ།

སྟག་རིག་འབྲུག་ཐར།​ རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-20



མཚོ་ལྷོ། སྟག་རིག་འབྲུག་ཐར།
         ཕ་ཡུལ་ལ་འཁོར་ཞག་ཏུ་བསྐྱོད་ཐེངས་རེར་སྡེ་དཀྱིལ་གྱི་ར་སྟོང་དེ་མིག་ལ་ཡང་ཡང་ཐོགས། ལོ་རབས་བརྒྱད་ཅུ་པའི་སྐབས་སུ་ལུང་ཁོག་འདིར་གློག་བརྙན་ཐོག་མར་དར་བ་ནི་ཕལ་ཆེར་ཕུ་བོ་ལྷ་དཔལ་གྱི་གློག་བརྙན་འཕྲུལ་ཆས་དེ་ཡིན་སྐད། དེ་དུས་རྩྭ་དང་ལྡུམ་བུས་ཁེངས་པའི་ར་སྟོང་འདིའི་ནང་དུ་གཟའ་འཁོར་གཅིག་གི་ནང་ལ་དགོང་ཞག་གསུམ་ཙམ་ལ་གློག་བརྙན་སྟོན་གྱིན་ཡོད་ཅིང་། སྤ་སེའི་རིན་གོང་ལ་སྒོར་ཟུར་ལྔ་རེད། གློག་བརྙན་གྱི་ནང་དོན་གྱི་ཆ་ནས་ཀྱང་གཙོ་ཆེ་བ་འཐབ་འཁྲུག་དང་གཡུལ་འགྱེད་ཀྱི་ཕྱོགས་ཡིན་པས་ང་ཚོ་ན་ཆུང་གི་བྱིས་པ་རྣམས་གློག་བརྙན་ཁྲོད་ཀྱི་དྲག་རྩལ་དང་འཐབ་འཁྲུག་གི་རྣམ་པར་ལད་ཟློས་བྱེད་རྒྱུར་མོས་པ་ཧ་ཅང་ཆེ།འོག་གི་པར་རིས་འདི་ལས་ཀྱང་ཐོག་མར་མཐོང་འོངས་པ་ནི་ཕན་ཚུན་ཁ་སྤྲོད་དུ་འགྲེང་སྟེ་གཡུལ་བཀྱེས་པའི་ཟུར་ཙམ་རེད།
        འོག་གི་འདྲ་པར་འདི་ནི་ང་ཐེ་བའི་རྩེད་རོགས་དག་ལོ་ན་བཅུ་ཡས་མས་ཀྱི་སྐབས་སུ་ནམ་མཁའ་གཡའ་དག་ཅིང་སྤྲིན་པ་སེན་མགོ་ཙམ་ཡང་མེད་པའི་འཁྱག་གྲང་གིས་གཟིར་བའི་ནམ་ཟླ་དགུན་དུས་ཤིག་ལ་བརྡབས་པའི་པར་ཞིག་ཡིན་ཞིང་། ཏག་ཏག་སྐབས་དེར་ང་ཚོ་ལོ་ཆུང་རྣམས་སློབ་གྲྭར་དགུན་གནང་བཏང་བའི་སྐབས་ཤིག་ལ་བླངས་པའི་པར་ཞིག་ཡིན་ཚོད་གདའ། ཁོར་ཡུག་ན་ཐར་ཐོར་དུ་སྐྱེས་པའི་ལྗོན་ཤིང་གིས་ལྗང་མདོག་གི་ལྭ་བ་སྔ་མོ་ནས་ཕུད་དེ་སྒྲེན་པོར་མངོན་ཞིང་། སྐབས་ཐོག་དེར་པར་ལེན་མཁན་སུ་དང་ནམ་དུས་ཤིག་ལ་པར་བླངས་པའང་གསལ་པོ་ཞིག་བཤད་རྒྱུ་མེད་མོད། སྲིད་པའི་ཁ་དཔེར“སྒྲོག་ལ་ར་ལག་གསུམ་ཡོད་ཀྱང་། ཆ་རུ་ཆ་ལུང་དྲུག་ཡོད་ཀྱང་། དཀྱིལ་གྱི་མདུད་པ་གཅིག་ཡིན”ཞེས་པ་ལྟར་དུ་སྡེ་བའི་ན་ཆུང་པྲ་ཆལ་དག་ནངས་ཇ་འཐུངས་ཚར་མ་ཐག མ་བགྲོས་གཅིག་མཐུན་གྱིས་ཨ་ཁུ་ཨུ་པེ་ཚང་ལ་རྩེད་འཇོར་རོལ་ཏུ་འགྲོ་བའི་སྲོལ་ཞིག་ཆགས་ཡོད། དེ་ཡང་མདོར་དེད་ན་ཨ་ཁུ་ཨུ་པེ་ནི་སྡེ་བའི་ནང་གི“ལས་བྱེད་རྣམ་ལྔ”ཡི་གྲས་ཀྱི་གཅིག་ཡིན་ལ། ཁྱིམ་ཚང་གི་འབྱོར་འཁོས་བཟང་བས་ཨ་ཁུ་ཨུ་པེས་བུ་ཆུང་སྐལ་བཟང་ལ་ཡིད་འཕྲོག་ཅིང་རིགས་མི་གཅིག་པའི་རྩེད་ཆས་སྣ་ཚོགས་ཉོས་ཡོད་ཅིང་། རྒྱུན་པར་བྱིས་པ་ཚོ་ཁོ་ཚང་ལ་རྩེ་རུ་སོང་ཚེ་ཁྱམས་གོང་མའི་ཕུག་སྟོད་ཀྱི་ཤོག་སྒམ་གཉི་གའི་ནང་དུ་བྱུར་བུར་སྤུངས་ཡོད་པའི་རྩེད་ཆས་སྣ་ཚོགས་མིག་ལ་ལྷག་པར་འཚེར། འགུག་ཤུགས་ཁྱད་པར་བ་དེས་པྲ་ཆལ་ན་ཆུང་ཚོ་ཉ་མོ་དོལ་དུ་ཚུད་པ་བཞིན་རང་དབང་མེད་པར་བུ་ཆུང་སྐལ་བཟང་ཚང་ལ་མི་འགུག་རང་འགུག་ཏུ་གྱུར།
        ད་ལྟའི་ན་ཆུང་ཚོ་དང་བསྡུར་ན་ང་ཚོ་ནི་དངོས་གནས་དགོད་ཤེས་ཤིང་རྩེད་ལ་མཁས་པའི་བྱིས་པ་མ་རབས་ཁྱུ་གཅིག་ཡིན་ངེས། ད་ལྟའི་ཟང་ཟིང་གི་བརྙན་འཕྲིན་འཕྲུལ་ཆས་དང་བྱེད་ནུས་མང་བའི་ལག་ཁྱེར་ཁ་པར་དར་མེད་གཤིས། ང་ཚོ་ཉིན་གཅིག་ལའང་རང་ཁྱིམ་ནས་གཅིག་པུར་སྡོད་པའི་དཔེ་མེད་རྐྱེན། གཡུ་སྦྲང་འཁོར་སའི་སྐྱེད་མོས་ཚལ་ལྟ་བུའི་སྡེ་བའི་མ་ཎི་ཁང་གི་སྒོ་ཁ་རུ་འདུས་པའམ། ཡང་ན་ལོ་ཆུང་ཚོའི་སྨོན་ཡུལ་ཨ་ཁུ་ཨུ་པེ་ཚང་གི་གཡུལ་ཁ་ནས་མཉམ་འཛོམས་འབྱུང་བ་རེད། ང་ཚོ་མཉམ་དུ་འཛོམས་ནས་ཡིད་ཚིམ་པ་ཞིག་བརྩེས་རྗེས་ཚང་མ་ཆབས་ཅིག་ཏུ་ཕ་ས་གསེར་གྱི་རི་འདྲ་འདྲ་དང་མ་ས་མ་མོའི་བྲང་འདྲ་འདྲའི་སྡེ་འདབས་ཀྱི་སྡོང་ར་དང་ཞིང་ཚིགས། དམར་གདོང་ནང་གི་ཆུ་གྲོག་ལུང་གྲོག ནེའུ་མགོ་མཚོ་ཆུང་། ཡག་ཕྱིས་ཐང་སོགས་བྱེའུ་ཆུང་གཤོག་པས་ཁེབས་ཚད་དང་སུག་རྗེས་ཐང་ལ་ཐུག་ཚད་དུ་འཁྱམས་ཉུལ་བྱས་ནས་དེ་ཕོ་བདའ་བའམ་བོང་བུར་ཞོན་པ། ཆུ་གྲོག་ལ་འཛུལ་བ། ཆུ་རྐྱལ་སྟེག་པ། རྐང་རྒྱུག་འགྲན་པ། བྱེའུ་ཚང་སྔོག་པ། སྦྲང་ཚང་སློག་པ་སོགས་མིག་ལ་ཅི་ཐོགས་ལག་པས་གང་སྔ་བརྩད་དེ་སྤང་བླང་གི་དབྱེ་འབྱེད་གསལ་པོ་མ་རྟོགས་པར་མ་རབས་ཀྱི་བྱ་བསྤྱོད་སྒྲུབ་རྒྱུར་ཐེ་ཚོམ་སྤུ་ཙམ་ཡང་མེད། དེ་བས་ཀྱང་འཐབ་འཁྲུག་དང་གཡུལ་འགྱེད་ཀྱི་གློག་བརྙན་དག་ལ་བལྟས་པའི་ཤན་ཤུགས་ཀྱིས་ང་ཚོས་ཀྲུང་གོ་དང་དགྲ་ཡ་ཞེས་རུ་ཁག་གཉིས་སུ་བགར་ཏེ་དྲག་རྩལ་འགྲན་རེས་དང་དབྱུག་གཏུན་རིང་ཐུང་ཅི་རིགས་བཟུང་སྟེ་འཛིང་ཀ་བཀྱེས་རྒྱུར་ལྷག་ཏུ་མོས། འོག་གི་པར་རིས་ལས་ཀྱང་ང་ཚོ་སྐོར་ཁག་གཉིས་སུ་གྱེས་ཏེ་ལ་ལས་ལྕགས་ཁེམ་བཟུང་ཡོད་པ་དང་ལ་ཤས་ཀྱིས་ཤིང་ཚེབ་བཟུང་ཡོད་ཅིང་། ཡང་ཁ་ཤས་ཀྱིས་སྤོ་རྡུང་བཟུང་བ། ལ་ལས་དབྱུག་གཏུན་བཟུང་སྟེ་ཕན་ཚུན་ཞེ་འཁོན་གྱི་སྡང་སེམས་བྲལ་བར་རང་བྱུང་གི་འཛུམ་ཆུང་མེ་ཏོག་འདྲ་བ་ཞིག་བཀལ་ཏེ་འཐབ་ཅི་ཐུབ་བྱེད་ཀྱིན་ཡོད་པ་རེད། ད་ཆའི་ལུགས་སུ་དར་བའི་མགོ་རྗེན་དག་དང་བསྡུར་ན་དེའི་དུས་སྐྱེས་པ་སྐྱེས་མ་སུ་ཞིག་ཡིན་རུང་མགོ་རུ་ཞྭ་མི་གོན་མཁན་གཅིག་ཀྱང་མེད་ལ། གལ་ཏེ་ཁྱིམ་ཚང་ག་གེ་མོའི་རྒན་གཞོན་སུ་ཞིག་གིས་མགོ་ལ་ཞྭ་གོན་མེད་ཚེ། དུད་ཁྱིམ་དེ་ཚང་ལ་སྡུག་ཡོང་སྟེ་འདུན་ཡོད་པའི་རྟགས་ཡིན། དེ་བས་འོག་གི་འདྲ་པར་ལས་བྱིས་པ་ལོ་ཆུང་རེ་གཉིས་ཙམ་མ་གཏོགས་གཞན་པའི་བྱིས་པ་ཚང་མས་སྐབས་ཐོག་དེར་དར་ཁྱབ་ཆེ་བའི་པ་ལོ་དམག་གི་ཞྭ་མོ་དང་མདོག་མཐུན་པའི་ཞྭ་མོ་ལྗང་ཁུ་ཅན་གོན་ཡོད་པ་རྒྱུ་མཚན་དེ་ལ་ཐུག ལུས་ཀྱི་ལྭ་ཡང་ད་ལྟ་ནང་བཞིན་བལ་གོས་དང་འགྱིག་གོས་སོགས་རྒྱལ་ཡོངས་སུ་གྲགས་པ་འབར་བའི་ཚོང་རྟགས་གྲགས་ཅན་གོན་རྒྱུའི་ཁ་བསོད་མེད་རྐྱེན། བྱིས་པ་ཕལ་ཆེ་བས་རས་ལྭ་དང་རས་ལྷམ་གོན་པའི་སྲོལ་ཆགས་ཡོད། བལྟས་ཚོད་ཀྱིས་སྟོད་ལྭ་དང་དོར་མ་ཤ་ཚད་ལུས་ཚད་མིན་ན་ཡང་གོན་ལོབས་སུ་སོང་ཡོད་པའི་སྣང་བ་འཆར། ལོས་ཡིན་ཏེ། ད་ལྟའི་བྱིས་པ་ནང་བཞིན་ཁ་དོག་སྣ་ཚོགས་དང་ཇུས་འགོད་ཡན་གར་བའི་གྱོན་གོས་རྫིག་པོ་བརྗེ་སྤོར་གྱི་ཆ་རྐྱེན་ཧ་ཅང་ཞན་པས་དེ་དུས་ལྭ་བ་ཆ་གཅིག་ཕལ་ཆེར་ལོ་གཅིག་ལ་གོན་པའི་སྣང་ཚུལ་ཡང་རྒྱུན་ལྡན་རེད། ད་དུང་འོག་གི་འདྲ་པར་དེ་ལས་དགོད་བྲོ་བའི་ཉམས་སྣང་ཞིག་འཆར་བ་ནི་ང་ཚོ་ལས་ལོ་ན་ཅུང་ཕྲ་བའི་བྱིས་པ་གཅིག་ལ་ལྕགས་ཁེམ་ཡར་ལ་སློང་བའི་སྟོབས་ཤུགས་ཨེན་ཙམ་ཡང་མེད་མོད། ཡིན་མདོག་ཁ་པོས་ང་ཚོའི་བཟོ་ལྟར་དམིགས་ནས་འཐབ་རྩོད་བྱེད་འདོད་ཀྱི་ཞེ་བློ་ཤར་འདུག་ཅིང་། བྱིས་པ་ཅིག་ཤོས་ཀྱིས་ཀྱང་དབྱུག་པ་ཕྲ་མོ་ཞིག་བཟུང་སྟེ་འཐབ་འགྲོས་མགྱོགས་ལ་ངག་སྒོ་ལས་འཐབ་ཚུལ་གྱི་སྐད་སྒྲ་ཅི་རིགས་འབྱིན་པ་ལ་དངངས་སྐྲག་སྐྱེས་ཏེ་ཟབ་ཞུགས་བྱེད་པར་སོམ་ཉིའི་དྲ་བར་ཚུད་འདུག ང་ཚོའི་རང་དབང་གི་རྩེད་འཇོ་ངོ་མཚར་བས་ང་ཚོ་དང་མི་རིང་བའི་གོམ་པ་ལྔ་བཅུ་ལྷག་གི་སྐྱུར་སྐྱའི་རྐ་ཁ་རུ་ཕོ་མོའི་དབྱེ་བ་མི་གསལ་བའི་ཁོག་སྟོད་དམར་པོ་གོན་པ་ཞིག་རྩེད་འཇོའི་སྟངས་སྟབས་ལ་ཡ་མཚར་བའམ་ཧ་ལས་པའི་ཚུལ་གྱིས་ཀྲོང་ངེར་འགྲེངས་ཏེ་ལྟད་མོར་བལྟས་འདུག འཐབ་འཛིང་འདི་འདྲས་རྟག་པར་སྡེ་བའི་ཨ་ཁུ་དང་ཨ་ནེ། ཕུ་བོ་དང་ཨ་ཅེ་སོགས་ལ་དགོད་བྲོ་ཞིང་སྤྲོ་མཚར་ལྡན་པའི་མྱོང་སྣང་སྦྱིན་པའི་ཁར། ཁོ་ཚོའང་ཚམ་ཚོམ་མེད་པར་བྱིས་དུས་ཀྱི་ལོ་ཟླར་འབྱིང་དུ་འཇུག་པ་གོར་མ་ཆག
        ལྷག་པར་སྤོ་ཐོ་བྱུར་བུར་སྤུངས་པའི་དགུན་དུས་ཀྱི་རྣང་ཞིང་ནང་ནས་སྤོ་ཐོའི་མདའ་ར་བརྩིགས་ཏེ་ཀ་བ་དང་ཁ་བ་ཞེས་རུ་ཁག་གཉིས་སུ་བགར་ཏེ་སྤོ་ཐོས་རྒྱག་རེས་བྱེད་པའི་རྩེད་འཇོར་རྒྱུན་པར་རོལ་གྱིན་ཡོད། ད་ལྟ་ཕྱིར་འདང་རེ་བརྒྱབ་ན་མགོ་ཐོག་ན་གནམ་མ་གཏོགས་མེད་པ་དང་། རྐང་འོག་ན་ས་མ་གཏོགས་མེད་པའི་དཔའ་སྙིང་ཆེན་པོས་སྐྲག་དོགས་དང་འཇིགས་དོགས་ཁྱོན་ནས་བྲལ་བར་ཉེན་ཁ་ཞེས་པའི་ཐ་སྙད་ཁོ་ཚོའི་སེམས་ངོར་གཏན་ནས་ཤར་མྱོང་མེད། ད་དུང་སེར་ཞིང་སྦོམ་པའི་སྣབས་དེ་ཡ་མཆུའི་སྟེང་དུ་ཡར་ཡར་འཐེན་ཞིང་མར་མར་འཛགས་ཞོར་རྩེད་འཇོའི་ཀློང་དུ་བྱིས་དུས་ཀྱི་དུས་ཚོད་ཡོད་ཚད་བསྟིམས་པ་ནི་ཅི་འདྲའི་བརྗེད་པར་དཀའ་བའི་འདས་དོན་སྤྲོ་བག་ལྡན་པ་ཞིག་རེད་ཨང་།
        འདི་ལྟར་ང་ཚོ་ན་ཆུང་པྲ་ཆལ་ཚོ་ནམ་ལངས་རི་དང་སྨིན་དྲུག་ཡུལ་བགྱིས་ནས་ཉིན་གང་པོར་དྲོས་ཇ་འཐུང་རྒྱུའང་བརྗེད་དེ་རྩེད་འཇོར་བྱིངས་པ་དང་། ཁྱིམ་ཚང་གི་དམིགས་སྒོའི་ཆེད་དུ་ལས་ཀའི་བྲེལ་ཟིང་ཁྲོད་ཁོམ་ལོང་བྲལ་བའི་ཁྱིམ་བདག་ཚོས་རང་གི་ཤ་ཆད་ཀྱི་བུ་ཕྲུག་ཚོར་ཁ་འཚོ་མིག་འཚོ་བྱེད་པའི་ཁོམ་སྐབས་ཉུང་ངུ་ཙམ་ཡང་མེད་ཅིང་། ཕྱི་རོལ་ཏུ་རྩེད་འཇོར་རོལ་ནས་བར་བགེགས་དང་རྐྱེན་ངན་ལ་འཕྲད་པའི་སེམས་ཁུར་ཏིལ་ཙམ་བྱེད་ལོང་ཡང་མེད་པའི་ཁར་ཕྱིར་རང་ཁྱིམ་དུ་དུས་ཚོད་ལྟར་མ་ཡོང་ཚེ་བཙལ་འཚོལ་བྱེད་པའི་དཔེ་སྲོལ་ཕལ་ཆེར་མེད་ཚོད་དུ་གདའ། གལ་སྲིད་ད་ལྟའི་ཁྱིམ་བདག་ཚོས་རང་གི་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟ་བུའི་བྱིས་པ་དག་གནས་ག་གེ་མོར་རྩེད་འཇོར་རོལ་ཏུ་ཕྱིན་ནས་དུས་ཚོད་ངེས་ཅན་ཞིག་ལ་ཕྱིར་མ་ལོག་ཚེ། ད་ཆའི་ཁྱིམ་བདག་རྣམས་སྙིང་ལོག་ཀླད་ལ་བསྐོར་ནས་མྱུར་བར་བཙལ་འཚོལ་བྱེད་པ་དང་ཁྱིམ་གྱི་སྒོ་ཁ་ཕྱི་ནང་དུ་དུས་ཡུན་སྐར་འགའ་རེར་ཁ་འཚོ་དང་མིག་འཚོ། ཉེ་འཚོ་དང་རྒྱང་འཚོ་གྲངས་མེད་པ་ཞིག་བགྱིད་པ་གདོན་མི་ཟའོ། །
        དེར་རྐྱེན་གོང་གི་འདྲ་པར་དེ་ལས་རང་དབང་དང་རྒྱ་ཡན་གྱི་ཁོར་ཡུག་ཡངས་ཤིང་ཆེ་ལ། གཅུན་འདོམས་དང་སྒྲིག་སྲོལ་གྱི་དྲ་བ་ལས་ཡོངས་སུ་ཐར་བའི་ང་ཚོ་ན་ཆུང་བྱིས་པ་ཚོའི་རྩེད་དགོད་ཀྱི་ཉམས་འགྱུར་རེ་རེ་དྭངས་གཙང་གི་ས་རྡུལ་ལ་ཐིམ་ཞིང་རི་ཆུ་དང་ནགས་ཚལ། རྣང་ཞིང་དང་གྲམ་གཞུང་དུ་ཡམ་ཡོམ་འགུལ་བའི་སྣང་བརྙན་གསོན་པོ་དག་ཡིད་སེམས་ཀྱི་རས་ཡོལ་ངོས་སུ་གསལ་གྱི་ལེར་མཐོང་ངོ་། །
        བདེན་ཏེ། ནག་ནོག་གི་དྲི་མས་མ་བསླད་པའི་བྱིས་དུས་ཀྱི་འདྲ་པར་རེ་རེའི་རྒྱབ་ལྗོངས་སུ་བཤད་མི་ཚར་བའི་འདས་སོང་གི་དགའ་སྐྱོ་ཁྲོ་སྡང་གི་གཏམ་རྒྱུད་རེ་རེ་ཡོད་ལ། འདྲ་པར་ཕག་གི་འདས་དོན་གྱི་གཏམ་རྒྱུད་རེ་རེ་ནི་མནོལ་གྲིབ་ཀྱིས་མ་ཐེབས་པའི་གོས་ལྭ་སོ་མ་ཞིག་དང་གཉིས་སུ་མེད་ཅིང་། རིས་སུ་མ་ཕབ་པའི་ཤོག་དཀར་ཐར་གཅིག་དང་འདྲ་བར་བཙོག་སྐྱོན་དང་གཡོ་སླད་ཀྱི་ཆ་ཁྱོན་ནས་བྲལ་བས། དེ་ལ་ལོ་རྒྱུས་ཀྱི་རིན་ཐང་ལྡན་ཞིང་། ཕྱིར་དྲན་གྱི་དོན་སྙིང་འགངས་ཆེན་ལྡན། དེ་ནི་མི་ཚེའི་ལམ་བུའི་ཁྲོད་ལམ་ལམ་འཚེར་བའི་འོད་ཀྱི་གོང་བུ་དང་མིག་གི་རྒྱལ་མོར་བཀྲག་མདངས་ཆེ་བའི་མུ་ཏིག་རྡོག་གཅིག་གོ །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1