མ་འོངས་པའི་ཡུལ་སྐོར་ལྟེ་གནས་ཏེ། མཛོད་དགེའི་བྲག་དཀར།

སྒྲོལ་མ་ཚེ་བརྟན་དང་བསྟན་འཛིན་ཉི་མ། ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-20



        མདའ་ལྟར་དྲང་ཞིང་རྒྱ་ཆེ་བའི་གཞུང་ལམ་གྱི་ངོགས་གཉིས་སུ་མུ་མཐའ་མེད་པའི་རྩྭ་ཐང་གིས་ཁྱབ་ཅིང་།  གསེར་ཞུན་ཁུ་བ་བྱུག་འདྲའི་རྩྭ་ཐང་གི་ངོས་སུ་རྟ་ནོར་ལུག་ཁྱུ་ཡིས་གང་ཞིང་ལྟ་བས་མིག་གིས་མི་གཟོད་ལ།  ཡུལ་སྐོར་ཞབས་ཞུ་ལྟེ་གནས་སོགས་སུ་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་བཙོང་རྒྱུ་ཡོད་པ་དང་།  ད་དུང་རྟ་ཞོན་ནས་རྩྭ་ཐང་དུ་རྟ་རྒྱུག་བྱེད་ཆོག །  སྤྱི་ཟླ་8པའི་ཚེས་19ཉིན།  ངེད་གསར་འགོད་ཚོ་ཆུང་མཛོད་དགེ་རྫོང་བྲག་དཀར་དུ་བཅར་འདྲིར་ཕྱིན།
        གནས་འདི་རུ་ངོ་བོ་འགྱུར་བའི་མེ་རིའི་བྲག་རྡོ་ལྟེ་བར་བྱས་པའི་རི་མཐོའི་གྲོག་རོང་མཛེས་ལྗོངས་ལྡན་ཞིང་།  2007ལོར་ཀྲུང་གོས་གསར་དུ་ཤེས་རྟོགས་བྱུང་བའི་མཛེས་ལྗོངས་བཅུའི་ནང་ཚུད་པར་མ་ཟད།  མངོན་མེད་སྟོབས་ཤུགས་ཆེ་ཤོས་ལྡན་པའི་མཛེས་ལྗོངས་གསར་པའི་བྱ་དགའ་ཐོབ།  གནས་དེར་ཐེ་ཧྲན་རི་བོ་ལྟ་བུའི་རྔམ་བརྗིད་ལྡན་ལ།  ཧྥ་ཧྲན་རི་བོ་ལྟ་བུའི་གཡང་གཟར་ཆེ།  ཧིན་ཧྲན་རི་བོ་ལྟ་བུའི་སྨུག་སྤྲིན་གྱིས་རྒྱུ་ལ།  ཡན་ཏང་རི་བོ་ལྟ་བུའི་ཁྱད་མཚར་གྱི་བྲག་རྡོ་མང་བ།  གླང་ཆེན་འགྱིང་རི་ལྟ་བུའི་མཛེས་སྡུག་བཅས་གཞི་གཅིག་ཏུ་འདུས་ཡོད།  དེའི་ཁྲོད་དུ་ཁྱད་མཚར་རྡོ་ཡི་ངོ་མཚར་རང་བྱུང་དུ་གྲུབ་ཡོད་དེ།  ཕག་མགོ་ཅན་གྱིས་ལྷ་གདན་འདྲེན་ཞུས་པ་ལྟ་བུའི་རྡོ་དང་རྡོ་ཡིས་གྲུབ་པའི་གྲུ་གཟིངས། སྒོ་ལྕགས་མར་ཕྱེས་པ་ལྟ་བུའི་བྲག་རི།  བཀྲ་ཤིས་བདེ་ལེགས་ཀྱི་རྡོ།  རྡོ་ཡི་ཁྱུང་ཆེན།  རྡོ་ཡི་རུས་སྦལ།  འཕུར་རྩལ་ངོམ་པའི་རྡོ་སོགས་རྣམ་པ་འདྲ་མིན་བརྒྱ་དང་རྩ་བརྒྱད་ཡོད་པས།  ལྟད་མོ་བའི་མིག་དབང་དང་དྭངས་པ་ཅིག་ཅར་དུ་འདྲེན་ངེས།
        མཛེས་ལྗོངས་ཁུལ་དེ་མཛོད་དགེ་རྫོང་གི་ཁོངས་སུ་ཡོད་པ་དང་ཉེ་འཁོར་ཏུ་གཞུང་ལམ་གཙོ་བོ་རྒྱལ་ལམ་G213དང་S313འཕྲེད་དུ་འཐེན་འདུག་པས་ཕྱོགས་བཞིའི་མགྲོན་པོ་གནས་དེར་ཡོང་བར་སྟབས་ཧ་ཅང་བདེ།  མཛེས་ལྗོངས་ཁུལ་གྱི་གནས་སྒོ་དེ་AAAAརིམ་པའི་མཛེས་ལྗོངས་ཁུལ་མེ་ཏོག་མཚེའུ་ཁ་གཏད་དུ་གནས་ཡོད་ལ།  ངོ་བོ་འགྱུར་ཟིན་པའི་མེ་རིའི་བྲག་རྡོ་གཙོ་བོར་བྱས་ཏེ་རི་མཐོ་གྲོག་རོང་གིས་མཛེས་ལྗོངས་ཆགས་པ་དང་།  གཡང་གཟར་གྱི་རི་བོ་འགྱིང་ངེར་གནས་པ།  ཡ་མཚན་གྱི་རྡོ་རིགས་ཁྱད་དུ་མཚར།  ཕལ་ཆེར་སྤྱི་ལེ་20ཡི་བར་ཐག་གི་ས་བབ་ཀྱི་མཐོ་ཚད་སྨི་3800ནས་སྨི་2400མར་བབས་ན།  ས་བབ་དང་བསྟུན་ནས་མཛེས་ལྗོངས་ཀྱང་དེ་དང་ཆབས་ཅིག་འདྲ་མིན་སྣ་ཚོགས་སུ་ཆགས་ཡོད།
        གནས་དེར་གདོད་མའི་ནགས་ཚལ་གང་སར་ཁྱབ་ཡོད་ལ།  གདོད་མའི་སྣོད་བཅུད་ཀྱི་མཛེས་སྡུག་གི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད།  གནས་འདི་སྔ་མོ་ནས་ཕྱི་རོལ་ལུས་རྩལ་གྱི་ལྷ་ཡུལ་དང་སི་ཁྲོན་ནུབ་རྒྱུད་ཀྱི་གསང་བའི་ཡུལ་ཁམས་ཆེ་ཤོས་སུ་གྱུར་ཡོད་པ་དང་།  གནས་འདི་རུ་དཔྱིད་དཔལ་རབ་ཏུ་བཞད་པའི་ཚེ།  མེ་ཏོག་དང་རྩྭ་ཡིས་གཟི་དཔལ་འགྲན་ལ།  དབྱར་ཀྱི་ཕོ་ཉའི་ཁུ་བྱུག་གིས་ཁྱེད་ལ་རྣམ་རིག་གི་གཉོག་ལག་རྒྱས་སུ་འཇུག་པ་དང་།  སྨུག་སྤྲིན་གྱིས་རི་བོ་ལ་དར་དཀར་གྱི་སྐེ་རགས་བཀྲི་ངེས། སྟོན་ཁའི་བསིལ་རླུང་དལ་གྱིས་ལྡང་དུས་ནགས་ཁྲོད་ཀྱི་སིལ་ཏོག་གིས་མགོ་བོ་ཁུར་གྱིས་དུད་ནས་ཁྱེད་ལ་བསུ་མ་བྱེད་ངེས།  དགུན་དུས་ཀྱི་ཁ་བའི་འདབ་མས་རི་བོར་དངུལ་དཀར་གྱི་ལྭ་བ་བསྩལ་ངེས།
        གནས་དེར་རྐང་ཐང་དུ་བསྐྱོད་དེ་ནུབ་རྒྱུད་ཀྱི་ངོ་མཚར་ཆེ་བའི་གྲོག་རོང་བརྒྱུད་ན། དེ་ནི་ལུས་སེམས་ལ་ཁྲུས་གསོལ་བྱས་པ་དང་བླ་སྲོག་ལ་ལྷོད་གཡེང་ཐེངས་གཅིག་བྱས་པ་དང་གཉིས་སུ་མེད། མིག་སྔར་མཛེས་ལྗོངས་ཁུལ་གསར་སྤེལ་བྱས་མེད་ཀྱང་གསར་སྤེལ་བྱེད་པའི་ལམ་ཆེན་ན་ཧུར་བརྩོན་གྱིས་རྒྱུག་བཞིན་ཡོད། དེ་བས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་རྣམ་པའི་ལྗོངས་རྒྱུ་འགྲོ་སའི་མཐར་ཐུག་གི་དམིགས་ས་ཞིག་ཏུ་མི་འགྱུར་ཐེ་ཚོམ་བྱ་མི་དགོས།
        2017ལོའི་ཟླ་4པར་མཛོད་དགེ་རྫོང་གིས་སི་ཁྲོན་དཔེ་སྐྲུན་ཚོགས་པ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་དང་མཉམ་ལས་བྱས་ནས་མཛེས་ལྗོངས་ཁུལ་གསར་སྤེལ་བྱ་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད།  མིང་རྟགས་བཀོད་པ་དེས་མཛེས་ལྗོངས་ཁུལ་གསར་སྤེལ་འཛུགས་སྐྲུན་དངོས་སུ་བྱེད་འགོ་ཚུགས་པ་མཚོན་ལ།  དེ་དང་ཆབས་ཅིག་འཆར་འགོད་བཟོ་བ་དང་སྲིད་འཛིན་ཞིབ་མཆན་འགོད་པའི་འགྲོ་ལུགས་གཉེར་འགོ་ཚུགས་པ་མཚོན་ཡོད།  འཆར་གཞི་ལྟར་ན་མཛེས་ལྗོངས་ཁུལ་གྱི་ཐེངས་དང་པོའི་འཛུགས་སྐྲུན་དེ་2020ལོར་ལེགས་འགྲུབ་བྱ་རྒྱུ་དང་མ་དངུལ་སྒོར་ཁྲི་6000གཏང་རྒྱུ་རེད།  མཛེས་ལྗོངས་ཁུལ་ཕྱི་རོལ་དུ་སྒོ་དངོས་སུ་ཕྱེས་རྗེས།  ཐེངས་གཉིས་པའི་འཛུགས་སྐྲུན་ལས་འགོ་འཛུགས་ཆོག་པ་དང་།  2027ལོར་སླེབས་དུས་མཛེས་ལྗོངས་ཁུལ་ཡོངས་རྫོགས་འཛུགས་སྐྲུན་བྱེད་ཚར་དགོས་པ་དང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་2གཏང་རྒྱུ་རེད། མཛེས་ལྗོངས་ཁུལ་གྱི་མཐར་ཐུག་གི་དམིགས་ཡུལ་ནི་མེ་ཏོག་མཚེའུ་དང་མཉམ་དུ་AAAAAཅན་གྱི་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་གཏོད་རྒྱུ་དེ་ཡིན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1