ཞི་ཅིན་ཕིང་གིས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་མགོ་རྩོམ་པའི་མཛད་སྒོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 08-20


        རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་ཚོགས་མགོ་རྩོམ་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ནས། གླེང་སྟེགས་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། གླེང་སྟེགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་སྐུ་མགྲོན་དང་ལས་རིགས་སོ་སོའི་མི་སྣར་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུས།
        ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་མིའི་རིགས་ཀྱི་དཔལ་ཡོན་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་དོན་སྙིང་གལ་ཆེན་ལྡན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོས་རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་རྒྱུན་འཁྱོངས་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་དང་བཅས་པའི་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ལག་བསྟར་བྱས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་ཐོག་མའི་སྒྲིག་སྲོལ་ཚོད་ལྟ་བྱས་པ་ཞིག་ཡིན། ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ལག་བསྟར་བྱེད་པའི་དམིགས་ཡུལ་ནི། རང་བྱུང་སྐྱེ་ཁམས་མ་ལག་གི་གཉུག་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་འཛིན་དང་། སྐྱེ་ཁམས་སྣ་མང་རང་བཞིན་ལ་སྲུང་སྐྱོབ། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རིར་སྲུང་སྐྱོབ་བཅས་བྱས་ཏེ། བུ་རབས་ཚ་རྒྱུད་ལ་རང་བྱུང་རྒྱུ་ནོར་རྩ་ཆེན་ཞིག་འཇོག་རྒྱུ་དེ་ཡིན། དེ་ནི་ཀྲུང་གོས་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་ཡར་སྐུལ་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཟེར།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ན། ཀྲུང་གོའི་གནས་ཚུལ་ལ་དམ་དུ་སྦྲེལ་དགོས་པ་དང་། ཕྱི་རྒྱལ་གྱི་ཉམས་མྱོང་བཟང་པོར་ཡང་སློབ་སྦྱོང་རྒྱ་ཆེར་བྱེད་དགོས། སྐབས་འདིའི་གླེང་སྟེགས་ཀྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་འཛུགས་པ་བརྗོད་གཞིར་བཟུང་ནས། ཞིབ་སྡུར་ཟབ་མོ་དང་བསམ་འཆར་བསྡུ་ལེན་རྒྱ་ཆེར་བྱས་ཏེ། འཛམ་གླིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཛེས་པའི་མ་འོངས་པ་བསྐྲུན་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་འཛུགས་པར་བྱས་རྗེས་འཇོག་རྒྱུ་ནི་རེ་བ་ཡིན་ཟེར།
        ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་ཚོགས། ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲིན་ཞའོ་ཀོང་མཛད་སྒོར་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1