གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

ཁུ་བྱུག རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༢༢ཉིན།

༄༅།། མངོན་བརྗོད་ཀྱི་མིང་ལ་ངོས་འཛིན་ཇི་ལྟར་དགོས་པའི་ལྟ་ཚུལ་བཤད་པ།

 ཁུ་བྱུག
             ནང་དོན་གནད་བསྡུས། མངོན་བརྗོད་ཀྱི་མིང་ལ་ངོས་འཛིན་ཇི་ལྟར་དགོས་པའི་ལྟ་ཚུལ་བཤད་པ་ཞེས་པའི་ནང་དུ་ཐོག་མར་གླེང་གཞི་འདྲེན་པ་དང་། དེ་ནས་ཕྱོགས་སྔ་བརྗོད་པ་དང་། ལོག་རྟོག་དགག་པ། འཐད་ལྡན་སྒྲུབ་པ། མངོན་བརྗོད་ཀྱི་མིང་གི་ནུས་པ། ཞར་དུ་མངོན་བརྗོད་ཀྱི་མིང་དང་མིང་གཞན་བར་གྱི་ཁྱད་པར་མདོར་བསྡུས་བཤད་པ་སོགས་ཀྱི་སྒོ་ནས་མངོན་བརྗོད་ཀྱི་མིང་ལ་ངོས་འཛིན་ཇི་ལྟར་དགོས་པའི་ལྟ་ཚུལ་མདོར་བསྡུས་གླེང་བར་བྱའོ། །
             གནད་ཆེའི་ཐ་སྙད། མངོན་བརྗོད། ངོས་འཛིན། ལྟ་ཚུལ།
        དང་པོ། གླེང་གཞི་འདྲེན་པ།
        མངོན་བརྗོད་ཀྱི་རིག་པ་ནི་བོད་ཀྱི་རིག་གནས་བཅུ་བགྲང་བའི་ཡ་གྱལ་དུ་ངོས་འཛིན་པའམ། ཡང་ན་མངོན་བརྗོད་ནི་རིག་པའི་གནས་ཆེན་པོ་ལྔ་བགྲང་བ་ལས་སྒྲ་རིག་པའི་ཡན་ལག་ཏུ་གྱུར་པའི་རིག་པའི་གནས་ཆུང་བ་ལྔའི་ཡ་གྱལ་དུ་བགྲང་བ་སོགས་མདོར་ན་འདས་དང་ད་ལྟའི་གང་གི་ཆར་བོད་ཀྱི་རིག་པའི་གནས་ཤིག་ཏུ་ངོས་འཛིན་བྱས་ནས་དེ་ལ་སློབ་གཉེར་མཐར་ཕྱིན་མཛད་ཅིང་། མངོན་བརྗོད་སྦྱངས་པའི་ཡོན་ཏན་ལ་བརྟེན་ཏེ་རྩོམ་ཡིག་འབྲི་བ་དང་། ཡང་སྒོས་སྙན་ངག་འབྲི་བ་ལ་མངོན་བརྗོད་ཀྱིས་བཅིངས་པའི་ཚིག་སྦྱོར་གྱིས་བོད་ཀྱི་རྩོམ་རིག་གི་བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་ཕུན་སུམ་ཚོགས་པར་བཏང་བའི་ལོ་རྒྱུས་ནི་སྔོན་བྱོན་མཁས་གྲུབ་རྣམས་ཀྱིས་བརྩམས་པའི་གསུང་རྩོམ་སྤྱི་དང་། བྱེ་བྲག་སྙན་རྩོམ་སོགས་ཀྱི་སྐོར་གང་ལ་བལྟས་པ་ཙམ་གྱིས་ཤེས་སོ། །
        གཉིས་པ། ཕྱོགས་སྔ་བརྗོད་པ།
        དེ་ལྟར་ཡིན་ནའང་། མངོན་བརྗོད་རིག་པ་ལ་བོད་ཀྱིས་ངོས་འཛིན་ཇི་ལྟར་བྱ་བའི་ལྟ་བ་ལ་བོད་ཀྱི་ཆོས་དང་རིག་གནས། ཁྱད་པར་རྩོམ་རིག་གི་ལོ་རྒྱུས་དང་ཁྱད་ཆོས་དངོས་ཀྱི་གནས་ཚུལ་དང་མཐུན་པ་ཡིན་མིན་ཀྱི་ལྟ་ཚུལ་ཅི་རིགས་ཤིག་བྱུང་བ་ནི། དང་པོ་ལྟ་ཚུལ་གནས་ཚུལ་དང་མཐུན་པ་ནི། མངོན་བརྗོད་རིག་པ་ནི་བོད་ཀྱི་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པར་མ་ཟད། མངོན་བརྗོད་སྦྱངས་ནས་གཞུང་ལུགས་ཀྱི་བསྟན་བཅོས་རྩོམ་པ་དང་ཁྱད་པར་དུ་སྙན་ངག་སོགས་འབྲི་བ་ལ་མངོན་བརྗོད་རིག་པ་ནི་མེད་དུ་མི་རུང་བའི་བོད་ཀྱི་རྩོམ་རིག་གི་སྐད་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས་ཆེས་གཙོ་བོ་ཞིག་ཏུ་བཟུང་ནས་མངོན་བརྗོད་བཀོལ་འབྲི་བྱས་དང་བྱེད་བཞིན་ཡོད་པ་ནི་བོད་ཀྱི་ཆོས་དང་རིག་གནས། རྩོམ་རིག་གི་ལོ་རྒྱུས་དངོས་ཀྱི་གནས་ཚུལ་དང་མཐུན་པའི་ལྟ་ཚུལ་ཞིག་ཏུ་གྲུབ་པ་དང་། ལྟ་ཚུལ་གཅིག་ཤོས་ཏེ་བོད་ཀྱི་ཆོས་དང་རིག་གནས། ཁྱད་པར་རྩོམ་རིག་གི་ལོ་རྒྱུས་ཀྱི་གནས་ཚུལ་དངོས་དང་མི་མཐུན་པའི་ལྟ་ཚུལ་ཞིག་ཡོད་པ་ནི། མངོན་བརྗོད་རིག་པ་ནི་གནའ་བོའི་རྒྱ་གར་གྱི་རིག་གནས་ཤིག་བོད་ཡིག་ཏུ་བསྒྱུར་ནས་བྱུང་བ་ལས་བོད་ཀྱི་རང་གི་རིག་གནས་མིན་པས་དེ་མི་དགོས་པར་སྨྲ་བ་དང་། ལ་ལས་མངོན་བརྗོད་ནི་མིང་གི་རྣམ་གྲངས་ཁོ་ན་ལ་བརྟེན་ནས་བརྗོད་པ་ཡིན་པས་མངོན་བརྗོད་ཀྱིས་བཅིངས་པའི་དགོས་པ་མེད་པ་དང་། ཁྱད་པར་དུ་བོད་ཀྱི་རྩོམ་ཡིག་ཏུ་མངོན་བརྗོད་བཀོལ་བ་དང་མངོན་བརྗོད་ཀྱིས་བཅིངས་པའི་མིང་ཚིག་གི་སྦྱོར་བ་མང་ན་བོད་རང་གི་རྩོམ་རིག་སྤྱི་དང་ཁྱད་པར་སྙན་ངག་གི་ཚིག་སྦྱོར་དང་རྒྱན་གྱི་འགོད་སྟངས་སོགས་གོ་དཀའ་བར་འགྱུར་བས་མངོན་བརྗོད་བཀོལ་བ་ལ་དགོས་པ་མེད་པ་སོགས་སྨྲ་བ་ཅི་རིགས་པ་ཤིག་བྱུང་བར་སྣང་ངོ་། །
        གསུམ་པ། ལོག་རྟོག་དགག་པ།
        གལ་སྲིད་ལྟ་བ་དང་པོ་ལྟར། མངོན་བརྗོད་ནི་རྒྱ་གར་གྱི་རིག་གནས་ཤིག་བོད་ཡིག་ཏུ་བསྒྱུར་བ་ལས་བྱུང་ཞིང་བོད་རང་གི་རིག་གནས་ཤིག་མ་ཡིན་པས་མི་དགོས་ཟེར་བ་ལྟར་འདོད་ན། ད་ལྟའི་བོད་ཀྱི་ནང་དོན་རིག་པ་གཙོས་པའི་བཟོ་གསོ་སྒྲ་ཚད་དང་། ཟློས་གར་སྐར་རྩིས་སྙན་ངག་སོགས་ཀྱང་ཐོག་མར་རྒྱ་གར་འཕགས་པའི་ཡུལ་གྱི་ལེགས་སྦྱར་གྱི་སྐད་ལས་བོད་ཡིག་ཏུ་བསྒྱུར་བ་མ་ཡིན་པ་གཅིག་ཀྱང་མེད་པས་རིག་གནས་དེ་དག་ཀྱང་མི་དགོས་ཟེར་རྒྱུ་ཡིན་ནམ། མངོན་བརྗོད་ཀྱི་རིག་པའང་གནས་ཚུལ་དེ་ལས་མ་འདས་པར་སྙམ་མོ། །
        ལྟ་ཚུལ་གཉིས་པ་བོད་ཀྱི་རྩོམ་སྤྱི་དང་བྱེ་བྲག་སྙན་ངག་གི་ཚིག་སྦྱོར་ཡང་མངོན་བརྗོད་ཀྱིས་བཅིང་བ་མང་ནས་མི་དགོས་ཟེར་ན། དེའི་ལན་ནི་སྔོན་བྱོན་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་བརྩམས་པའི་གཞུང་ལུགས་ཀྱི་བསྟན་བཅོས་དང་། ཁྱད་པར་དུ་རྩོམ་རིག་གི་གཞུང་དང་སྙན་རྩོམ་སོགས་ཀྱི་ཚིག་སྦྱོར་ལ་མངོན་བརྗོད་བཀོལ་བ་མང་ཉུང་ལ་མ་ལྟོས་པར་མངོན་བརྗོད་གཏན་ནས་མེད་པ་ཞིག་མི་སྲིད་པ་སོགས་ཀྱི་རྩོམ་རིག་ལོ་རྒྱུས་ལ་བལྟས་པ་ཙམ་གྱིས་ཤེས་ཐུབ་ཅིང་། བོད་ཀྱི་རྩོམ་རིག་གི་གཞུང་ལུགས་དང་བསྟན་བཅོས། སྙན་ངག་གི་ཚིག་སྦྱོར་ཙམ་དུ་མ་ཟད་གཞན་ནང་དོན་རིག་པ་གཙོས་པའི་བཟོ་གསོ་དང་སྒྲ་ཚད་ཀྱི་གཞུང་ལུགས་དང་བསྟན་བཅོས་རྣམས་ཀྱི་ཚིག་སྦྱོར་སོགས་སུའང་མངོན་བརྗོད་ཀྱིས་བཅིངས་པ་རེ་ཟུང་མེད་པ་ཞིག་གཏན་ནས་མི་སྲིད་པའི་ཚུལ་ནི། བོད་ཀྱི་དེབ་ཐེར་དང་རྩོམ་རིག་སོགས་གནའ་དེང་རྩོམ་ནི་མངོན་བརྗོད་ཀྱི་མིང་གིས་ཡོངས་སུ་བཅིངས་ལ་མཛེས་པར་བརྒྱན་ཡོད་པས། སློབ་གཉེར་བྱེད་བཞིན་པའི་ན་ཆུང་དང་གཞོན་ནུ་རྣམས་ལ་ཆ་མཚོན་ན་དཔེ་ཀློག་དང་རྩོམ་འབྲི་བྱེད་པ་གང་ཡིན་རུང་། མངོན་བརྗོད་ནི་ཉེ་བར་མཁོ་ལ་ངེས་པར་ཤེས་དགོས་པ་ཞིག་ཡིན།[②]ཞེས་གསལ་བར་བཤད་ཅིང་། གཞན་ཡང་མངོན་བརྗོད་ཀྱིས་བཅིངས་པའི་ཚིག་སྦྱོར་གྱིས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་སྙན་ངག་སོགས་རྩོམ་རིག་གི་གཞུང་ལུགས་སྤྱི་དང་བྱེ་བྲག་གི་ཚིག་སྦྱོར་ལ་ཁྱབ་པའི་ཚུལ་ནི་རྗེ་དགེ་བའི་བཤེས་གཉེན་ཆེན་མོ་དམུ་དགེ་བསམ་གཏན་རྒྱ་མཚོ་དང་། རྗེ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་རྣམས་ཀྱིས་གསུངས་ཡོད་པས་དེ་ལས་ལྷག་པའི་རྒྱུ་མཚན་ཞིག་ནི་ཕྲན་གྱིས་མི་ཤེས་ཤེས་ཁུར་གྱིས་ཞུ་དགོས་པའི་གནས་མ་མཆིས་པས་ཁོང་རྣམས་ཀྱི་གསུང་དག་ལ་གཟིགས་ནས་ཤེས་པར་བྱའོ། །
        བཞི་བ། འཐད་ལྡན་སྒྲུབ་པ།
        དེས་ན་བོད་ཀྱི་རིག་གནས་ཀྱི་ཁྲིད་རྒྱུན་ལའང་། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། ཞེས་གྲགས་པ་ལྟར། མངོན་བརྗོད་ནི་སྒྲ་རིག་པའི་ཁོངས་སུ་གཏོགས་པའི་རིག་གནས་ཆུང་བ་ལྔའི་ཡ་གྱལ་དུ་གྱུར་པའི་རིག་པའི་གཞུང་ལུགས་ཤིག་ལ་བཤད་ཅིང་། མངོན་བརྗོད་ཀྱི་མིང་ནི་གྲངས་མང་ལ་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་པས་ན། སློབ་མ་རྣམས་ཀྱིས་མངོན་བརྗོད་ལ་སྦྱར་བའི་ངོ་མཚར་གཏམ་རྒྱུད་དང་མངོན་བརྗོད་ཀྱི་མིང་ཐོགས་པའི་རྒྱུ་མཚན་གསལ་བོར་ཤེས་ན་ཡིད་ལ་འཇགས་བདེ་བ་དང་མིང་དང་ཐ་སྙད་ལ་མི་རྨོངས་པའི་དགེ་མཚན་ལྡན་པར་མ་ཟད། མིའི་རིགས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་རིག་གནས་འདིའི་རིན་ཐང་ལའང་ལྷག་ཏུ་ངོས་ཟིན་ཡོང་ཐུབ།[③]ཅེས་བཤད་པ་ནི་ཤིན་ཏུ་བདེན་པར་གནས་ཤིང་། མངོན་བརྗོད་ཀྱི་མིང་གིས་སྤྲས་པའི་ཆོས་ཐམས་ཅད་ཀྱི་མིང་གི་རྣམ་གྲངས་ཕུན་སུམ་ཚོགས་པས་ཕྱུག་པ་དང་། ཁྱད་པར་དུ་ཚིག་གི་རྒྱན་དུ་གྱུར་པའི་སྙན་ངག་རྩོམ་པ་ལ། བརྗོད་བྱ་དོན་གྱི་ཉམས་དང་། རྗོད་བྱེད་ཚིག་གི་སྦྱོར་ཚུལ། འགོད་སྟངས་རྒྱན་གྱི་སྤྲས་ཚུལ་སོགས་གང་གི་ཐད་ལ་མངོན་བརྗོད་ཀྱི་མིང་གི་རྣམ་གྲངས་ཀྱི་ཐུན་མོང་མ་ཡིན་པའི་དགོས་པ་དང་ནུས་པ་འདོན་བཞིན་ཡོད་པ་ནི་སྨོས་མ་དགོས་ཤིང་། ཡང་སྒོས་ཚིག་གི་རྒྱན་གྱི་སྤྲས་ཚུལ་གྱི་ཕྱོགས་ལ་དེ་བས་ཀྱང་མངོན་བརྗོད་ཀྱིས་བཅིངས་པའི་མིང་གི་རྣམ་གྲངས་ཀྱི་ཡོན་ཏན་ཆེན་པོ་ཐོན་པའི་ཚུལ་ནི་འཕགས་བོད་གཉིས་ཀྱི་སྙན་རྩོམ་གྲགས་ཆེན་དག་ལས་ཤེས་ཐུབ་སྟེ། དཔེར་ན་སློབ་དཔོན་དགེ་བའི་དབང་པོས་མཛད་པའི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ཞེས་པ་དང་། སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་རབས་སོ་བཞི་པ་དང་། དཔལ་དགའ་བའི་ལྷས་མཛད་པའི་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དང་། སློབ་དཔོན་ནག་ཁོལ་གྱིས་མཛད་པའི་སྤྲིན་གྱི་ཕོ་ཉ་ཞེས་པ་སོགས་རྒྱ་གར་གྱི་སྙན་རྩོམ་སྐོར་ཞིག་དང་། བོད་ལ་མཚོན་ན་ཁུ་རྔོག་འབྲོམ་གསུམ་གཙོས་པའི་བཀའ་གདམས་པའི་སྒྲུབ་བརྒྱུད་ཕྱོགས་ཀྱི་སྙན་ངག་པ་རྣམས་དང་། ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་རིམ་པར་རིག་འཛིན་འཇིགས་མེད་གླིང་པ་ནས་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་གཙོས་པའི་སྔ་འགྱུར་གསང་སྔགས་རྙིང་མའི་སྒྲུབ་བརྒྱུད་ཕྱོགས་ཀྱི་སྙན་ངག་པ་རྣམས་དང་། ས་སྐྱ་པཎ་ཆེན་གཙོས་པའི་དཔལ་ལྡན་ས་སྐྱ་པའི་སྒྲུབ་བརྒྱུད་ཕྱོགས་ཀྱི་སྙན་ངག་པ་རྣམས་དང་། རྗེ་བཙུན་མི་ལ་རས་པ་དང་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གཙོས་པའི་བཀའ་བརྒྱུད་པའི་སྒྲུབ་བརྒྱུད་ཕྱོགས་ཀྱི་སྙན་ངག་པ་རྣམས་དང་། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དང་རྗེ་བཙུན་ཏཱ་ར་ན་ཐ་གཙོས་པའི་ཇོ་ནང་བའི་སྒྲུབ་བརྒྱུད་ཕྱོགས་ཀྱི་སྙན་ངག་པ་རྣམས་དང་། རྗེ་ཡབ་སྲས་གསུམ་དང་ཞང་ཞུང་བ་ཆོས་དབང་གྲགས་པ་གཙོས་པའི་དཔལ་རི་བོ་དགེ་ལྡན་པའི་སྒྲུབ་བརྒྱུད་ཕྱོགས་ཀྱི་སྙན་ངག་པ་རྣམས་སོགས་མདོར་ན་དུས་རབས་རིམ་པར་བྱོན་པའི་བོད་ཀྱི་སྒྲུབ་བརྒྱུད་རིས་མེད་ཀྱི་མཁས་གྲུབ་དང་ལོ་པཎ་རྣམས་ཀྱིས་མཛད་པའི་བསྔགས་བརྗོད་དང་བསྟོད་ཚོགས། འཕྲིན་ཡིག་དང་ཆབ་ཤོག  མགུར་དང་གདམས་ངག  བསླབ་བྱ་དང་ལེགས་བཤད། རྣམ་ཐར་དང་རྟོགས་བརྗོད་སོགས་ཀྱི་སྙན་ཚིག་གི་ཐོག་མཐའ་བར་གསུམ་དུ་མངོན་བརྗོད་ནི་བརྗོད་བྱའི་དོན་སྟོན་པའི་བཅུད་དང་། ཚིག་གི་སྦྱོར་ཚུལ་ལེགས་པའི་ཉམས། རྒྱན་གྱི་འགོད་སྟངས་ཀྱི་བདུད་རྩི་ལྟ་བུར་གྱུར་དང་འགྱུར་བཞིན་ཡོད་པ་ནི། རྗོད་བྱེད་ཀྱི་ཚིག་མཛེས་ཤིང་སྙན་པ་དང་། བརྗིད་ཅིང་ཉམས་ལྡན་པ་ནི་སྨོས་མ་དགོས་པའི་ཕྱིར་ན། རྗེ་དགེ་བའི་བཤེས་གཉེན་ཨ་ཁུ་དམུ་དགེ་བསམ་གཏན་རྒྱ་མཚོས། མངོན་བརྗོད་འཆི་མེད་མཛོད་ཡར་ལུང་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་དང་། དེའི་རྒྱ་ཆེར་འགྲེལ་ཞ་ལུ་ལོ་ཙཱ་བ་དགེ་སློང་ཆོས་སྐྱོང་བཟང་བོའི་འགྱུར་དང་། བོད་རང་གི་མཁས་པས་བརྩམས་པ་མངོན་བརྗོད་མཁས་པའི་རྣ་རྒྱན་དང་། མཁས་པའི་རྣ་ཆ་སོགས་ཡོད་ལ་མངོན་བརྗོད་འདི་ནི་ཤིན་ཏུ་མཁོ་ཆེ་བའི་རིག་གནས་ཤིག་གོ །[④]ཞེས་གསུངས་པ་སོགས་ཀྱིས་མངོན་བརྗོད་ཀྱི་རིག་པ་བསླབ་པའི་དགོས་པ་ངེས་པར་བྱའོ། །
        ལྔ་བ། མངོན་བརྗོད་ཀྱི་མིང་གི་ནུས་པ།
        དེ་ཡང་རྩོམ་པ་པོ་ཕལ་ཆེར་གྱིས་སྙན་ངག་གཙོས་པའི་རྩོམ་ཞིག་འབྲི་བའི་སྐབས་སུ་ཚིག་བཅད་ལྷུག་སྤེལ་མ་གང་རུང་ཞིག་འབྲི་བའི་ཚེ་ནའང་། རྗོད་བྱེད་ཀྱི་ཚིག་དང་། བརྗོད་བྱའི་དོན། བརྗོད་ཚུལ་གྱི་རྒྱན་སོགས་དང་དམ་དུ་མི་འབྲེལ་ཐབས་མེད་ཅིང་། ཁྱད་པར་དུ་བརྗོད་བྱ་གཅིག་ལ་རྗོད་བྱེད་ཀྱི་མིང་དང་ཚིག་ཅི་ལྟ་བུ་ཞིག་དགོས་པ་མིང་གི་ཚོགས་པའི་ནང་ནས་བདམ་སྟེ་བཀོལ་ན་རྩོམ་གྱི་ཚིག་སྦྱོར་སྙན་ཞིང་བརྗོད་བྱའི་དོན་གསོན་ཉམས་ལྡན་པ་ཞིག་ཏུ་འགྱུར་བའི་ཆེད་དུ་མངོན་བརྗོད་བཀོལ་བ་ཡིན་པར་སེམས་ཏེ། རྩོམ་འབྲི་བའི་སྐབས་སུ་རྗོད་བྱེད་ཀྱི་ཚིག་སྦྱོར་མཛེས་པའི་ཡོན་ཏན་ཐོན་པ་དང་། སྒོས་བརྗོད་བྱའི་དོན་གཅིག་ལ་རྗོད་བྱེད་ཀྱི་ཚིག་ཡང་བསྐྱར་བཟློས་ནས་བརྗོད་དགོས་པ་བྱུང་ཚེ་མངོན་བརྗོད་ཀྱི་མིང་དང་དོན་གཅིག་མིང་གི་རྣམ་གྲངས་ཅན་སྦྱར་ན་རྗོད་བྱེད་ཀྱི་ཚིག་སྦྱོར་སྙན་ཞིང་འཇེབས་པར་འགྱུར་བར་མ་ཟད། བརྗོད་བྱའི་དོན་གསོན་ཉམས་ལྡན་པར་སྟོན་པའི་ནུས་པའང་ལེགས་པར་ཐོན་པའི་ཡོན་ཏན་དུ་མ་ལྡན་པར་སྣང་ངོ་། །
        འདི་ནས་མངོན་བརྗོད་ཀྱི་མིང་གི་ནུས་པ་གསལ་བར་བཤད་པ་ལ་རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན་གཉིས་ཀྱི་ཆ་ནས་དཔེར་བརྗོད་རེ་ཟུང་དང་འབྲེལ་ནས་བཤད་ན། སྙན་ངག་མེ་ལོང་གི་རྩ་བ་ལས། ཆུ་འཛིན་གྱིས་ནི་རབ་གཏོར་ཆུ། ། ཁྱིམ་གྱི་གཙུག་ཕུད་ལྡན་པའི་ཚོགས། ། གློག་གི་ཐག་པ་གཡོ་བ་ཡང་། ། མེ་ཏོག་གཞུ་ཅན་དག་གི་དཔུང་། །[⑤]ཞེས་སྙན་ངག་མེ་ལོང་གི་ལེའུ་གཉིས་པ་ཐུན་མོང་གི་རྒྱན་གྱི་བཞི་པ་གསལ་བྱེད་ཀྱི་རྒྱན་བཤད་པ་ལས་བདུན་པ་རིགས་བརྗོད་པ་ཐ་མའི་གསལ་བྱེད་ཀྱི་རྩ་བའི་དཔེར་བརྗོད་ཀྱི་ཚིགས་བཅད་འདི་ལ་མཚོན་ནས་བཤད་ན། ཆུ་འཛིན་ཞེས་པ་ནི་སྤྲིན་དང་། ཁྱིམ་གྱི་གཙུག་ཕུད་ལྡན་པ་ཞེས་པ་ནི་རྨ་བྱ། མེ་ཏོག་གཞུ་ཅན་ཞེས་པ་ནི་འདོད་ལྡན་གྱི་ལྷའི་མིང་གི་མངོན་བརྗོད་ཡིན་ལ། དོན་ནི་དབྱར་དུས་ཀྱི་ཆར་སྤྲིན་ལས་རབ་ཏུ་གཏོར་བའི་ཆར་ཟིལ་མའི་རྒྱུན་འབབ་པའི་ཚེ། ཁྱིམ་དུ་ཡོད་པའི་གཙུག་ཕུད་ལྡན་པ་སྟེ་རྨ་བྱའི་ཁྱུ་ཚོགས་དགའ་བའི་གར་བྱེད་པ་དང་། སྤྲིན་ལས་གློག་གི་ཞགས་པ་ཁྱུག་ཁྱུག་ཏུ་གཡོ་བ་སོགས་འདོད་ལྡན་ཀྱི་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་ཆགས་པ་དྲག་པོ་སྐྱེད་པར་བྱེད་པའི་རྒྱུར་འགྱུར་བ་དེ་ཡང་། མེ་ཏོག་གཞུ་ཅན་ནམ་ལྷའི་བུའི་བདུད་ཀྱི་དཔུང་གི་སྟོབས་ཡིན་ནོ་ཞེས་མེ་ཏོག་གཞུ་ཅན་ཏེ་བདུད་ཀྱི་དཔུང་ཞེས་པ་ནི་རིགས་ཀྱི་གསལ་བྱེད་ཡིན་པས། རང་གི་སྔོན་ན་ཡོད་པའི་ཚིག་དོན་མཐའ་དག་ཐ་མའི་གསལ་བྱེད་ཀྱི་ཚིག་དེས་གསལ་བར་བྱེད་པའོ། །
        བོད་ཀྱི་སྙན་ངག་པ་ཆེན་པོ་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས། ལེགས་ལྡན་དཔྱིད་ཀྱིས་ཆར་དུས་ལང་ཚོའི་དཔལ། ། དབྱར་གྱིས་རྐང་འཐུང་འདབ་འབྲས་ལྗང་གཞོན་སྤེལ། ། དེས་ཀྱང་སྟོན་གྱི་དུས་བསྐྱེད་འབྲས་ལྡན་མ། ། གསར་ཚེས་གནམ་ལོའི་དགའ་སྟོན་འགུགས་པར་བྱེད། ། ཅེས་ཆར་དུས་ནི་དབྱར་ཁ་དང་། རྐང་འཐུང་ནི་ལྗོན་ཤིང་། འབྲས་ལྡན་མ་ནི་སྟོན་ཁའི་མིང་གི་མངོན་བརྗོད་སོགས་སྦྱར་བ་དང་། ཡང་ཁོང་གིས། ལེགས་བྱས་ས་འཛིན་དབང་བོས་བསྲུབས་པའི་འཕགས་མཆོག་ཐུགས་རྗེའི་ཆུ་གཏེར་ལས། ། མངོན་པར་ཐོན་པའི་སྲོང་བཙན་ཉིན་བྱེད་ནུབ་ཕྱོགས་ཆུ་ལྷའི་ལྟོར་གཟིམས་ཀྱང་། ། སླད་ཡང་ཁྲི་སྲོང་བསིལ་སྦྱིན་མཁན་པོ་དབང་ཕྱོགས་རི་བོའི་སྤོར་སོན་པས། ། ཕན་དང་བདེ་བའི་ཀུ་མུད་བཞད་དོ་ལུས་ཅན་གཉིས་སྐྱེས་གར་བྱོས་ཀྱེ། །ཞེས་ས་འཛིན་དབང་བོ་ནི་རི་རྒྱལ་ལྷུན་པོ་དང་། ཆུ་གཏེར་ནི་རྒྱ་མཚོ། ཉིན་བྱེད་ནི་ཉི་མ། ཆུ་ལྷའི་ལྟོ་ནི་ནུབ་ཕྱོགས། དབང་ཕྱོགས་ནི་ཤར་ཕྱོགས། ལུས་ཅན་ནི་འགྲོ་བ་སེམས་ཅན་དང་འདིར་བོད་ལ་གོ་བ། གཉིས་སྐྱེས་ནི་ཟླ་བ་ཡིན་ཏེ། རྒྱ་གར་གྱི་བྲམ་ཟེའི་རིགས་ཀྱིས་ཉི་ཟླ་ནི་ལྷ་ཡི་དབང་པོས་རྒྱ་མཚོ་བསྲུབས་པ་ལས་བྱུང་ཞེས་པའི་གཏམ་རྒྱུད་ཅིག་ཡོད་པ་དེ་བཀོལ་ནས་སྲོང་བཙན་སྒམ་པོ་ཉི་མའི་གཟུགས་སུ་བཀོད་པ་དང་། ཁྲི་སྲོང་ལྡེ་བཙན་ཟླ་བའི་གཟུགས་སུ་བཀོད་པའི་གཟུགས་ཅན་རྒྱན་གྱིས་སྤྲས་པར་མངོན་བརྗོད་ཀྱི་མིང་འགའ་སྦྱར་ལས་ཚིག་སྦྱོར་མཛེས་ཤིང་སྙན་པ་དང་། བརྗོད་བྱའི་དོན་གསོན་ཉམས་ལྡན་པར་གསལ་པོར་སྟོན་ཐུབ་པའི་ཕྱོགས་གཙོ་བོ་ནི་མངོན་བརྗོད་ཀྱི་ནུས་པ་ཡིན་པར་སེམས་ཞིང་། ཡང་རྒྱལ་དབང་ལྔ་པ་ཆེན་པོས། འཆི་མེད་ཡུལ་དུ་གཤེགས་ཕྱིར་ཤཱཀྱའི་ཏོག  ། ཀུན་གསལ་ངོས་སུ་ཐོགས་མེད་རྒྱུ་བ་ན། ། རྟ་བདུན་མཁའ་ལ་འགྲོ་ཞེས་བླུན་པོ་འགའ། ། པད་དཀར་འདབ་མའི་འཛུམ་ལ་ལྟ་ཕྱིར་རྒྱུག  ། ཅེས་གསུངས་པའི་ཚིགས་བཅད་འདི་ལ་མཚོན་ནས་བཤད་ན། རྗོད་བྱེད་ཀྱི་ཚིག་རྐང་བཞི་པོ་དོ་མཉམ་ཞིང་། ཚེག་ཁྱིམ་སྔ་ཕྱིའི་སྒྲ་ལྕི་ཡང་གི་སྡེབ་སྦྱོར་ཕལ་ཆེར་མཐུན་པ། ཚིགས་བཅད་གཅིག་འདིའི་ནང་དུ་འཆི་མེད་ཡུལ་དང་ཀུན་གསལ་གཉིས་དོན་གཅིག་ཀྱང་སྒྲ་ལ་སྐྱར་ཟློས་མེད་པའི་ཕྱིར་ན་ཚིག་སྦྱོར་རྣ་བར་སྙན་ཞིང་རྗོད་བདེ་བ་དང་། བརྗོད་བྱའི་དོན་ལེགས་པ་དང་། ཚིག་རྒྱན་གྱི་ཉམས་མཚར་ཞིང་དགོད་བྲོ་བའི་སྙན་ངག་ཕུལ་དུ་བྱུང་བ་ཞིག་ཏུ་གྲུབ་མོད། གལ་སྲིད་འཆི་མེད་ཡུལ་ལ་ལྷ་གནས་དང་། ཤཱཀྱའི་ཏོག་ལ་ཤཱཀྱ་ཐུབ་པ། རྟ་བདུན་པ་ལ་ཉི་མ། ཀུན་གསལ་ལ་ནམ་མཁའ་ཞེས་པ་སོགས་ཀྱི་མིང་དངོས་སྦྱར་ན། སྒྱུ་རྩལ་གྱིས་དམན་པས། དོན་གྱི་ཆ་ནས་དགོད་བྲོ་བའི་མཚར་ཉམས་ཐོན་ཀྱང་། ཚིག་གི་ཆ་ནས་བརྗོད་པའི་འཇེབས་སྙན་ཐོན་དཀའོ། །[⑥]ཞེས་དགེ་བའི་བཤེས་གཉེན་དཔའ་རིས་སངས་རྒྱས་ཀྱིས་མངོན་བརྗོད་ཀྱི་ཕན་ཡོན་སྨྲ་བ་དབྱངས་ཅན་མགུལ་རྒྱན་ལས་གསུངས་པའི་གནད་དོན་ནི་མངོན་བརྗོད་ཀྱི་མིང་གི་ནུས་པ་ལ་ཐུག་ཅིང་། དེའི་ཚུལ་རྒྱས་པ་ནི་བོད་ཀྱི་སྙན་ངག་པ་ཆེན་པོ་དཔེར་ན་རྗེ་ཙོང་ཁ་པ་ཆེན་པོ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་། ཞང་ཞུང་བ་ཆོས་དབང་གྲགས་པ། བོད་མཁས་པ་སོགས་ཀྱི་སྙན་རྩོམ་དག་ལ་གཟིགས་པར་བྱའོ། །
        མདོར་ན་མངོན་བརྗོད་ཀྱི་མིང་གི་ནུས་པ་ཕུན་སུམ་ཚོགས་ཤིང་སྙན་ཚིག་སོགས་གཙོས་པའི་རྩོམ་ཡིག་ཏུ་མངོན་བརྗོད་ཀྱི་མིང་ཡང་དག་པར་སྦྱར་ནས་ཡོན་ཏན་ཇི་ལྟ་བུ་ཞིག་འབྱུང་སྙམ་ན། ཡོད་ན་དོན་གྱི་ངོ་བོ་སྟོན་པའི་ཤུགས་སུ་ཉམས་མཚོན་པར་ཚིག་རྒྱན་གྱི་ནུས་པ་དང་། རོ་བྲོ་བར་དོན་གཞན་འདྲེན་པའི་ནུས་པ་དང་། བརྗོད་བདེ་བར་སྒྲ་མང་ཉུང་རན་པའི་ནུས་པ་དང་། ཟློས་སྐྱོན་སེལ་བར་རྣམ་གྲངས་བརྗེ་བའི་ནུས་པ་ཅི་རིགས་འབྱུང་ལ།[⑦]ཞེས་གསུངས་པའི་ཕྱིར་ན། མིང་ཕྱུག་པར་བྱེད་པའི་མངོན་བརྗོད་ནི། །དོན་མཚོན་པར་མཁས་པའི་ངག་རྩལ་ཏེ། །སྒྲ་སྙན་པར་རྗོད་པའི་སྡེབ་སྦྱོར་དང་། །ཚིག་མཛེས་པར་སྤྲས་པའི་རྒྱན་དུའང་འགྱུར། །[⑧]ཞེས་མངོན་བརྗོད་ཀྱི་ཕན་ཡོན་སྨྲ་བ་དབྱངས་ཅན་མགུལ་རྒྱན་ཞེས་པ་ལས་གསུངས་པར་གཞིགས་ནས་མངོན་བརྗོད་ཀྱི་ནུས་པ་མདོར་བསྡུས་ན་གཤམ་གྱི་ཕྱོགས་གསུམ་གྱི་ཆ་ནས་ཡོན་ཏན་ནམ་ནུས་པ་ཡོད་པར་སྙམ་ཏེ།
        དང་པོ་རྗོད་བྱེད་ཀྱི་ཆ་ནས་བཤད་ན། མངོན་བརྗོན་ཀྱི་ནུས་པ་ནི་རྗོད་བྱེད་ཚིག་སྦྱོར་གྱི་སྒྲ་དྲག་ཞན་དང་། འཇམ་རྩུབ། ལྕི་ཡང་གི་དོ་མཉམ་པར་བྱེད་པའི་ནུས་པ་ལྡན་པའོ། །
        གཉིས་པ་བརྗོད་བྱའི་ཆ་ནས་བཤད་ན། མངོན་བརྗོད་ཀྱི་ནུས་པ་ནི་བརྗོད་བྱའི་དོན་རྒྱ་ཆེ་བ་དང་། གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པར་བྱ་བའི་ནུས་པ་ལྡན་པའོ། །
        གསུམ་པ་བརྗོད་ཚུལ་གྱི་ཆ་ནས་བཤད་ན། ཚིག་རྒྱན་གྱི་འགོད་སྟངས་ལ་མཛེས་པ་དང་། བརྗིད་པ། དམ་ལྷོད་རན་ཞིང་གསོན་ཉམས་ལྡན་པར་སྟོན་པའི་ནུས་པ་ལྡན་པའོ། །
        དྲུག་པ། ཞར་དུ་མངོན་བརྗོད་ཀྱི་མིང་དང་མིང་གཞན་བར་གྱི་ཁྱད་པར་མདོར་བསྡུས་བཤད་པ།
        མཚམས་འདི་ནས་མངོན་བརྗོད་ཀྱི་མིང་དང་མིང་གཞན་བར་གྱི་ཁྱད་པར་ཅུང་ཟད་བཤད་པར་བྱའོ། །
        གཅིག  མངོན་བརྗོད་ཀྱི་མིང་དང་མིང་དངོས་གཉིས་ཀྱི་ཁྱད་པར་བཤད་པ། དཔེར་ན་ས་ཆུ་མེ་རླུང་དང་ཉི་མ། ཟླ་བ། སྐར་མ་སོགས་མིང་དངོས་ཡིན་གྱི་མངོན་བརྗོད་ཀྱི་མིང་མིན་ནོ། །
        གཉིས། མངོན་བརྗོད་ཀྱི་མིང་དང་བརྡ་རྙིང་གི་མིང་གཉིས་ཀྱི་ཁྱད་པར་བཤད་པ། དཔེར་ན་མེ་ལ་མྱེ་དང་། མི་ལ་མྱི། མེད་ལ་མྱེད། ཉི་མ་ལ་གཉི་མ་སོགས་ནི་བརྡ་རྙིང་གི་མིང་ཡིན་གྱི་མངོན་བརྗོད་ཀྱི་མིང་མིན་ནོ། །
        གསུམ། མངོན་བརྗོད་ཀྱི་མིང་དང་ཐ་སྙད་གསར་པའི་མིང་གཉིས་ཀྱི་ཁྱད་པར་བཤད་པ། དཔེར་ན་ལྕགས་རྟ་དང་། ལྕགས་བྱ། གློག་འཕྲིན་སོགས་ནི་ཐ་སྙད་གསར་པ་ཡིན་གྱི་མངོན་བརྗོད་ཀྱི་མིང་མིན་ནོ། །
        བཞི། མངོན་བརྗོད་ཀྱི་མིང་དང་ཞེ་སའི་མིང་གཉིས་ཀྱི་ཁྱད་པར་བཤད་པ། དཔེར་ན་མགོ་ལ་དབུ་དང་། ལག་པ་ལ་ཕྱག  རྐང་པ་ལ་ཞབས་སོགས་ཞེ་སའི་མིང་ཡིན་གྱི་མངོན་བརྗོད་ཀྱི་མིང་མིན་ནོ། །
        མངོན་བརྗོད་ཀྱི་མིང་དང་མིང་གཞན་བར་གྱི་ཁྱད་པར་ཤེས་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། དཔེར་ན་མིག་ཞེས་པ་ནི་འདོད་རྒྱལ་ཐོག་མའི་མིང་ཡིན་པ་དང་། སྤྱན་ཞེས་པ་ནི་མིག་ཅེས་པའི་ཞེ་སའི་མིང་ཡིན་པ་དང་། མྱིག་ཅེས་པ་ནི་མིག་ཅེས་པའི་བརྡ་རྙིང་གི་མིང་ཡིན་པ་དང་། འདྲེན་བྱེད་ཅེས་པ་ནི་མིག་ཞེས་པའི་མངོན་བརྗོད་ཀྱི་མིང་ཡིན་པ་སོགས་ཀྱིས་ཤེས་དགོས་སོ། །
        མདོར་ན་འདི་ནས་བོད་ཀྱི་མངོན་བརྗོད་ཀྱི་མིང་ལ་ངོས་འཛིན་ཇི་ལྟར་དགོས་པའི་ཚུལ་ལ་གུས་པའི་ལྟ་ཚུལ་མདོར་བསྡུས་ཙམ་བརྗོད་པ་ལས། མངོན་བརྗོད་རིག་པ་དང་མངོན་བརྗོད་ཀྱི་མིང་གི་གོ་དོན་དང་། མངོན་བརྗོད་ཀྱི་མིང་གི་འདོགས་ལུགས། མངོན་བརྗོད་ཀྱི་མིང་གི་འཇུག་ཚུལ་སོགས་ཀྱི་ཚུལ་རྒྱས་པ་ནི་འཕགས་བོད་གཉིས་ཀྱི་མཁས་གྲུབ་དང་ལོ་པཎ་རྣམས་ཀྱིས་མཛད་པའི་མངོན་བརྗོད་ཀྱི་གཞུང་གི་རྩ་འགྲེལ་རྣམས་དང་། ཁྱད་པར་དུ་མངོན་བརྗོད་དང་བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ཏུ་མངོན་བརྗོད་དང་རྩོམ་རིག་བར་གྱི་འབྲེལ་བ་སོགས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱ་བ་ནི་ཤིན་ཏུ་གལ་ཆེ་བར་སེམས། དེང་སང་གི་དུས་སུ་མི་རེ་ཟུང་གིས་རང་གིས་མངོན་བརྗོད་ཀྱི་རིག་པ་མི་ཤེས་པ་དང་། ཡང་ན་རང་གིས་མངོན་བརྗོད་ཀྱི་མིང་མི་བཀོལ་བའམ་མི་འབྲི་བ་སོགས་རྒྱུ་མཚན་དུ་བྱས་ནས་མངོན་བརྗོད་སོགས་བོད་ལ་མི་དགོས་སྨྲ་བ་དང་། ཡང་ན་མི་མཁོ་ཟེར་བ་སོགས་ནི་བོད་ཀྱི་ཆོས་དང་རིག་གནས། སྒོས་ཁྱད་པར་དུ་མངོན་བརྗོད་དང་བོད་ཀྱི་རྩོམ་རིག་སོགས་གང་གི་ཕྱོགས་ནས་བཤད་ན་ལུགས་མེད་དང་རྒྱུས་མེད་ཀྱི་གཏམ་དུ་སྣང་བའི་ཕྱིར་ན། ཞེ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་སྡེ་དགེའི་བསྟན་འགྱུར་དཀར་ཆག་ཏུའང་། རང་བཞིན་རྐྱེན་དང་རྣམ་འགྱུར་ལེགས་སྦྱར་ནས། ། དོན་ལ་བརྡ་སྤྲོད་གཞུང་གི་བསྟན་བཅོས་དང་། ། དེ་ཡི་ཡན་ལག་མངོན་བརྗོད་སྙན་དངགས་སོགས། ། སྟོན་པའི་བསྟན་བཅོས་སུམ་ཅུ་རྩ་དགུ་བཞུགས། །[⑨]ཞེས་གསུངས་པས་ཀྱང་མངོན་བརྗོད་དང་རིག་གནས་གཞན་ཏེ་དཔེར་ན་སྒྲ་དང་སྙན་ངག་སོགས་བར་གྱི་འབྲེལ་བ་དམ་ཟབ་ཡིན་པའི་ཚུལ་ནི་རྟོགས་པར་འགྱུར་བས་སོ། །
བོད་ཀྱི་སློབ་གསོ། ༢༠༡༥ལོའི་ཟླ༣ པར་དཔར། དེབ་གཉིས་པ། ཤོག་ངོས༧༡ནས༧༧བར་བཞུགས་སོ། །
        མཆན།
             [①] 2014年中央民族大学“专业综合改革试点”(藏语言文学)项目
             [②] སྐལ་བཟང་ལྷ་མོས་སྒྲིག་སྒྱུར་བྱས། སློབ་མའི་རྒྱུན་མཁོ་མངོན་བརྗོད་ལག་དེབ། ཤོག་ངོས༡ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ལོའི་ཟླ༨པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
             [③] སྐལ་བཟང་ལྷ་མོས་སྒྲིག་སྒྱུར་བྱས། སློབ་མའི་རྒྱུན་མཁོ་མངོན་བརྗོད་ལག་དེབ། ཤོག་ངོས༢ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ལོའི་ཟླ༨པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
             [④]  མཁས་དབང་དམུ་དགེ་བསམ་གཏན་གྱི་དཔྱད་རྩོམ་ཕྱོགས་སྒྲིག  ཤོག་ངོས༢༢༨ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོའི་ཟླ༥པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
             [⑤] བསྟན་འགྱུར། སྒྲ་མདོ། སེ་པ་ལ། ཤོག་ལྡེབ༣༢༥ སྡེ་དགེའི་ཤིང་པར།
             [⑥] ཀྲུང་གོའི་བོད་ཀྱི་ཤེས་རིག  ༢༠༠༠ལོའི་དེབ་གསུམ་པ། ཤོག་ངོས༡༤༠
             [⑦]  ཀྲུང་གོའི་བོད་ཀྱི་ཤེས་རིག  ༢༠༠༠ལོའི་དེབ་གསུམ་པ། ཤོག་ངོས༡༣༩
             [⑧] ཀྲུང་གོའི་བོད་ཀྱི་ཤེས་རིག  ༢༠༠༠ལོའི་དེབ་གསུམ་པ། ཤོག་ངོས༡༣༩
             [⑨] ཚུལ་ཁྲིམས་རིན་ཆེན་གྱིས་བརྩམས། བསྟན་འགྱུར་དཀར་ཆག  ཤོག་ངོས༨༣༤ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༥ལོའི་ཟླ་༡༢པར་པར་གཞི་དང་པོ་ཐེངས་དང་པོར་དཔར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1