ཨ་ཧྥུ་ཀ་ནི་སི་ཐན་གྱི་ཁ་པུར་དུ་གཉེན་སྟོན་ཐོག་འཇབ་རྒོལ་དོན་རྐྱེན་ཐོན་པར་རྐྱེན་ལམ་དུ་ཤོར་བའི་མི་གྲངས་80བར་མང་དུ་ཕྱིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-23



      ཟླ་8ཚེས་21ཉིན། ཨ་ཧྥུ་ཀ་ནི་སི་ཐན་ནང་སྲིད་པུའི་མགྲིན་ཚབ་པ་ནཱ་སི་ལ་ཐེ·ལ་ཤིས་སྨི་ཡིས་ཟླ་འདིའི་ཚེས་17ཉིན་རྒྱལ་ས་ཁ་པུར་གྱི་གཉེན་སྟོན་བྱ་ཡུལ་ཞིག་ཏུ་རང་ལྕེབ་རྣམ་པའི་འབར་གས་ཀྱི་འཇབ་རྒོལ་ཐོན་པའི་ནང་མི་80རྐྱེན་ལམ་དུ་ཤོར་ཡོད་ཅེས་བཤད་པ་རེད།
     ཉིན་དེར། ལ་ཤིས་སྨི་ཡིས་སྨྱན་སྦྱོར་ལ་རྨས་མ་17གྱི་རྨས་སྐྱོན་ཚབས་ཆེ་བའི་རྐྱེན་གྱིས་སྨན་བཅོས་བྱས་ཀྱང་སྐྱོབས་ཐུབ་མེད་པས། འཇིགས་སྐུལ་གྱི་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་80བར་མང་དུ་ཕྱིན་ཡོད། མིག་སྔར་རྨས་མ་160ལྷག་ཙམ་སྨན་ཁང་ངམ་ཡང་ན་ཁྱིམ་དུ་སྨན་བཅོས་དང་ལེན་བྱེད་བཞིན་ཡོད་ཅེས་བཤད་པ་རེད།
     ཚེས་17ཉིན་གྱི་དགོང་མོར། ཁ་པུར་གྱི་ཚོགས་ཁང་ཞིག་ཏུ་གཉེན་སྟོན་བྱེད་སྒོ་སྤེལ་བཞིན་པའི་བརྒྱུད་རིམ་ནང་རང་ལྕེབ་རྣམ་པའི་འབར་གས་ཀྱི་འཇབ་རྒོལ་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད། དོན་རྐྱེན་ཐོན་རྗེས། ཐལ་སྐྱོད་རྩ་འཛུགས“དབྱི་སི་ལམ་རྒྱལ་ཁབ”ཀྱི་ཨ་ཧྥུ་ཀ་ནི་སི་ཐན་ཡན་ལག་རུ་ཁག་གིས་འཇབ་རྒོལ་དེ་བཟོས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
     འདི་ནི་ད་ལོ་ནས་བཟུང་གི་ཨ་ཧྥུ་ཀ་ནི་སི་ཐན་གྱི་མངའ་ཁོངས་སུ་ཐོན་པའི་མི་སྣ་ཤི་མང་ཤོས་ཀྱི་འཇབ་རྒོལ་ཞིག་ཡིན།
     ཉེ་བའི་ལོ་ཤས་ནང་། “དབྱི་སི་ལམ་རྒྱལ་ཁབ”ཀྱི་སྟོབས་ཤུགས་ཨ་ཧྥུ་ཀ་ནི་སི་ཐན་གྱི་མངའ་ཁོངས་སུ་སིམ་འཛུལ་བྱེད་མགྱོགས་སུ་ཕྱིན་པས། དེའི་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཡག་ལག་རུ་ཁག་དེ་ཨ་ཧྥུ་ཀ་ནི་སི་ཐན་མངའ་ཁོངས་ཀྱི་བདེ་འཇགས་ལ་འཇིགས་སྐུལ་བཟོ་མཁན་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད། དེ་གཙོ་བོ་ཤར་རྒྱུད་ཀྱི་ནན་ཀེ་ཧེར་ཞིང་ཆེན་དང་བྱང་ཤར་རྒྱུད་ཀྱི་པ་ཏ་ཧོ་ཧྲེང་ཞིང་ཆེན་གྱི་ས་ཁུལ་ཁག་གཅིག་ཏུ་གནས་ཡོད་པ་དང་། ཅུང་འཐུས་སྒོ་ཚང་བའི་དམག་དོན་རྩ་འཛུགས་ཡོད་ལ། འཇབ་རྒོལ་མང་ཆེ་བ་མི་སེར་ལ་དམིགས་པ་དང་འབྲེལ་ཐ་ལི་པན་དང་ཤུགས་རྐྱེན་འཕྲོག་རེས་བྱེད་ཀྱི་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1