༄༅།། 《སུམ་རྟགས་ཀྱི་རྩ་བ》དང་འབྲེལ་བའི་སྐོར་ལ་དཔྱད་པ།

ཀླུ་ཨ་རྡོར། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 08-23


 ཀླུ་ཨ་རྡོར།

ཐོན་མི་ཨ་ནུས་བརྩམས་པའི《སུམ་རྟགས་ཀྱི་རྩ་བ》དང་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་པའི《སུམ་རྟགས་ཀྱི་རྩ་བའི》འབྲེལ་བའི་སྐོར་ལ་ཐོག་མར་དཔྱད་པ།
        ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བོད་ཀྱི་བརྡ་སྤྲོད་པའི་ཕྱི་མོར་གྲགས་པ《སུམ་རྟགས་ཀྱི་རྩ་བ》ནི་ཡོངས་གྲགས་སུ་སྲོང་བཙན་དུས་ཀྱི་མཛངས་བློན་ཐོན་མི་ཨ་ནུས་མཛད་པའོ་ཞེས་བརྗོད་དོན་ནི་ཐོན་མིས་ཆེ་ལོང་བརྗོད་པའི་ཕྱིར་དང་། ལྷག་པར་སྐབས་དེའི་བོད་ཐུན་མོང་གི་རིག་གནས་སྤྱི་ལ་དམིགས་པ། དེ་མིན་བོད་ཀྱི་སྤྱི་ཚོགས་གྱི་གནས་བབས་བཅས་ཀྱི་སླད་དུ། དེའི་རྗེས་ཀྱི་སྐྱེས་ཆེན་གང་ཞིག་ནས་སུམ་རྟགས་ཀྱི་རྩ་བའི་མཇུག་ཏུ“ཐོན་མི་ཨ་ནུས་མཛད་པ་”ཞེས་བཀོད་དགོས་པའི་རྒྱུ་མཚན་དུ་མ་ཞིག་ལས། དོན་དངོས་སུ་་དུས་རབས་བཅུ་གཅིག་པ་ནས་བཅུ་གཉིས་པའི་ནང་དུ་བོད་ཀྱི་རིག་གནས་བཅུའི་རྣམ་བཞག་མཛད་མཁན་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་པ་ཡིན་པར་ལུང་དང་རིགས་པས་བརྗོད་པ་ཉུང་ཙམ་སྤེལ་ལགས་ཀྱང་། བདག་ལ་དཔྱད་ཡིག་དང་བློ་མིག་ཉུང་དྲགས་པས། བློ་དང་ཤེས་རབ་ཀྱི་དཔལ་འབར་བའི་མཁས་པའི་ཚོགས་ལ་དགོངས་འགལ་རེ་མེད་པར་མཁྱེན་མཁྱེན། 
        བརྡ་ཆད་གཙོ་བོ། སུམ་ཅུ་བ། རྟགས་འཇུག ཐོན་མི། ས་པཎ། 
        གཅིག ཐོན་མི་ཨ་ནུས་བརྩམས་པའི《སུམ་རྟགས་རྩ་བ》དང་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་པའི《སུམ་རྟགས་རྩ་བ》གཉིས་ཀྱི་ཚིག་འབྲི་གཤིབ་བསྡུར། 
        དང་པོ། ས་པཎ་གྱིས་བརྩམས་པའི《སུམ་ཅུ་བའི་རྩ་བ》གཤམ་གསལ་ལྟར་བཀོད་ན། 
        དེ་ཡང་འདི་ནི་ཤེས་བྱ་ཡི་ཁོ་ལག་རྫོགས་པའི་གནའ་དེང་གི་མཁས་དབང་དམ་པ་ཚོའི་སྤྱན་ལམ་ཏུ་སྔ་མོ་ནས་མཇལ་ཟིན་ཡང་། དུས་དང་ཡུལ་གྱི་དགོས་དབང་མང་བསྐལ་བའི་དབང་གིས་དེ་ལ་རྩ་བ་ནས་དགག་རྒྱག་དང་སུན་འབྱིན་ཡེ་ནས་བྱས་མ་མྱོང་མོད། འོན་ཀྱང་ཐབས་ཤེས་ཀྱི་མཁའ་མཐར་སྙེགས་པའི་འཛམ་གླིང་རྒྱན་དྲུག་སོགས་དང་གངས་ཅན་སཱ་ལུའི་སྨན་ལྗོངས། ཐ་ན་འཛམ་བུ་གང་ན་མཁས་པའི་གྲགས་པ་གླིང་ཀུན་འགོངས་པར་བྱེད་པ་དག་ལ་བློ་དོག་དང་བསམ་བློ་གསར་བ་ཡེ་ནས་མ་བྱུང་བ་ཡང་མིན་པར་སྙམ། གང་ལྟར། ད་ལྟའི་བར་གནད་འདི་ལ་དངོས་ཐོག་བདེན་འཚོལ་གྱིས་བློ་གཟུ་བོའི་དྲང་གཏམ་ཞིག་སྨྲ་བ་ནི་མཚན་མོའི་པདྨ་ལས་མ་འདས། ལྷག་དོན་དེང་དུས་ཀྱི་དུས་རབས་སུ་ན་གཞོན་ཤེས་ལྡན་པ་དང་མཁས་པ་གང་མང་ཞིག་ཨ་གསར་དང་གྲགས་པ་གང་རུང་གི་ཕྱིར་ཏུ་གཞན་སྐད་གཞན་ཡིག་སྦྱོང་པ་ལས་མེས་པོའི་སྲོག་གི་བླ་རྐང་ཅི་ཙམ་ཐོར་རུང་སྣང་མེད་དུ་བཞག་དང་འཇོག་བཞིན་ཡོད་པས། རྩ་བའི་ཡིག་ངོ་ཙམ་ཆོད་འདོག་ཀྱིས་ཁེངས་དྲགས་དང་ང་རྒྱལ་ངང་སུམ་རྟགས་སོགས་རིག་གནས་ཆེ་ཆུང་བཅུ་ལ་སྦྱང་བརྩོན་བྱ་རྒྱུ་ནི་གར་ཡང་མ་མཆིས། གཞན་ཤེས་ལྡན་པའམ་ཞིབ་འཇུག་གི་ཞྭ་མོ་གསོལ་བའི་གང་ཟག་ལ་ལ་ཞིག་གིས་ཅི་ནས་ཀྱང་ས་པཎ་གྱི་སུམ་ཅུ་བའི་རྩ་བ་བརྩམས་ཡོད་པ་བློ་རུ་མ་དྲན་ཞིང་མིག་གི་མཐོང་ལམ་དུ་དེ་བས་ཀྱང་མ་ཤར་བས། བདག་གིས་གང་མང་ཞིག་གི་དགོས་དབང་ཡོད་པར་སྙམ་ནས《དཔལ་ལྡན་ས་སྐྱ་པའི་གསུང་རབ་པོད་གཉིད་པ་སུམ་རྟགས་དང་དག་ཡིག》(ཤོག་ངོས་༡-༦)ལས་ས་པཎ་གྱིས་བརྩམས་པའི《སུམ་ཅུ་བའི་རྩ་བ》ཇི་བཞིན་གཤམ་གསལ་ལྟར་བཀོད་པ་ཡིན།
༄༅༎ལུང་སྟོན་པ་རྩ་བ་སུམ་ཅུ་བ་ཞེས་བྱ་བ་བཞུགས་སོ། །
ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས།
        ༄༅༎ རྒྱ་གར་སྐད་དུ། ། བྱཱ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ། ། བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ། ། ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། གང་ལ་ཡོན་ཏན་མཆོག་མངའ་བའི། ། དཀོན་ཅོག(མཆོག)དེ་ལ་ཕྱག་འཚལ་ལོ། ། གང་གིས་སྒྲ་དབྱངས་ཀུན་གསུངས་པའི། ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། གང་གིས་མིང་གཞི་སྔོན་གསུངས་པའི། ། རྟག་ཞུ་བ་ལ་ཕྱག་འཚལ་ལོ། ། སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། ། བླ་མ་ལ་ཡང་ཕྱག་འཚལ་ནས། ། བསླབ་པ་ཀུན་ཀྱི་གཞུ་འཛིན་ཅིང་། ། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། ། མིང་ཚིག་བརྗོད་པ་ཀུན་གྱི་གཞི། ། ཡི་གེའི་སྦྱོར་བ་བཤད་པར་བྱ། ། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། ། ཨཱ་ལི་གསལ་བྱེད་ཨི་སོགས(ཏེ་ཨུ་ཨེ་ཨོ)བཞི། ། ཀཱ་ལི(ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ)སུམ་ཅུ་ཐམ་པའོ། ། དེ་ལ་རྗེས་འཇུག(ག་ང་ད་ན་བ་མ་འ་ར་ལ་ས)བཅུ་ཡིན་ཏེ། ། དེ་ལས(ག་ད་བ་མ་འ)ལྔ་ནི་སྔོན་དུའང་འཇུག ། མི་འཇུག་པ་ནི(ཀ་ཁ། ཅ་ཆ་ཇ་ཉ། ཏ་ཐ། པ་ཕ། ཙ་ཚ་ཛ་ཝ། ཞ་ཟ་ཡ། ཤ ཧ་ཨ)ཉི་ཤུའོ། ། ཀཱ་ལི་ཕྱེད(ཧ་ཨ)དང་བརྒྱད་སྡེ(ཀ་སོགས་སྡེ་ཚན)ནི། ། (ཡི་གེ)བཞི་བཞི་དག་ཏུ་ཕྱེ་བ་ལས། ། དང་པོ(ག་ང)གསུམ་པ(ད་ན)བཞི་བ(བ་མ)ཡི①། ། མས་གཉིས(རེ་རེ་དང)དྲུག་པའི་གསུམ་པ(འ)དང་། ། བདུན་པ་ལ②(ར་ལ་ས)ནི་ཤ་མ་གཏོགས། ། རྗེས་འཇུག་ཡི་གེ་བཅུ་རུ་འདོད། ། རྗེས་འཇུག་ཡི་གེ་བཅུ་ཉིད་ལས། ། དང་པོ(ག)གསུམ་པ(ད)ལྔ་པ(བ)དྲུག(མ)། ། བདུན་པ(འ)རྣམས་ནི་སྔོན་དུའང་འཇུག ། མིང་གཞི(ཀ་ཙ་ལྟ་བུ)གཉིས་སམ(ཚ་ཁ་ལྟ་བུ)སུམ③་སྦྲེལ་ལམ། ། དེ(ཝ་ཟི་ཡ་ལྟ་བུ)དབྱངས་ཀྱི་བཞི་ལྡན་ཡང་། གང་དུའང་འཇུག་མིན་སྦྱར་བའང་མིན། ། རྗེས་འཇུག་ཡི་གེ་བཅུ་བོ་ནི། ། མིང་གང་གི་ནི་མཐར་སྦྱར་བ། ། དེ་ལ་ཨཱ་ལི་བཞི་པ(ཨོ)སྦྱར། ། (བས། གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ། རྣམས་དང་ད་དྲག་མཐར་ཏོ། བཅས་ཏེ)སླར་བསྡུ་བར་ནི་ཤེས་པར་བྱ། ། རྗེས་འཇུག་ཡི་གེ་བཅུ་རྣམས་ལས། ། གང་མིང་མཐའ་ན་བཅུ་པ(ས)གནས། ། དེ་ལ་ཨཱ་ལི་གཉིས་པ(ཨུ)སྦྱར། ། ④གང་མིང་མཐའ་ན་བརྒྱད་པ(ར)གནས། ། དེ་ལ་གཉིས་པ་ཨུ་ཡང་སྦྱར། ། གང་མིང་མཐའ་ན་གསུམ་པ(ད)གནས། ། དེ་ལ་ཨ་ལི་གཉིས་པ(ཨུ)སྦྱར། ། བཞི་པ(ན)དགུ་པ(ལ)དངོས་ཀྱང་སྟེ། ། (སུ་རུ་དུ་ན་ལ། ཏུ་རྣམས་སྐྱབས་སུ་འགྲོ་ལྟ་བུ)ལས་དང(དབུལ་ཕོངས་ལ་སྦྱིན་པ་གཏོང་ལྟ་བུ་དགོས)ཆེད་དང(ཤར་ཕྱོགས་སུ་ཡོད་ལྟ་བུ)རྟེན་གནས་དང་། ། (ལས་དང་བྱ་བ་ཐ་མི་དད་པ་གཟུགས་སུ་གྲུབ་ལྟ་བུ)དེ་ཉིད(དང་། ཉི་མ་ཤར་བ་ན་ཚོས་སྟོན་ལྟ་བུ)ཚེ་སྐབས(ཏེ་རྣམ་དབྱེར་སྦྱོར་བ་ན)ལ་སྒྲ(དང་ཕལ་ཆེར་མཐུན་པ)ཡིན། ། རྗེས་འཇུག་ཡི་གེ་བཅུ་པོ་ལ། ། ཨི(ཡིག)དང་མཐུན་ལུགས་འདི་ཞེས་བྱ། ། དང་པོ(ག་ང)གཉིས་པ་དང་པོ(ག)མཐུན། ། གསུམ(ད)ལྔ(བ)བཅུ(ས)ལ་ཀྱ་དང་སྦྱར། ། བདུན་པ(འ)ཉིད་ལ་བདུན་པ(འ)སྟེ། ། ལྷག་མ་རྣམས་ལ་གྱ་དང་སྦྱར། ། དེ་དག་ཨི་སྦྱར(གི་ཀྱི་འི་ཡི་གྱི་རྣམས)འབྲེལ་བའི་ས། ། (བདག་གི། གང་གི། ཐབས་ཀྱི། དེའི། ང་ཡི། གཏན་གྱི་ལྟ་བུ་དང)དེ་ཉིད་ལ་ནི་བཅུ་པ(ས)སྦྱར། ། (གིས་ཀྱིས་ཡིས་གྱིས་རྣམས)བྱེད་པ་པོ་རུ་ཤེས་པར་བྱ། ། ཨཱ་ལི(ཨི)ཕྱིས་ནས་གཉིས་པ་སྦྱར། ། (ཀྱང་འང་ཡང་གསུམ་རྣམས་གྲུབ་པས། གསལ་ཡང་གསལ་ལྟ་བུ་མཐུན་པའི་དང་། བཏུད་ཀྱི་ཁྲོ་ལྟ་བུ་མི་མཐུན་པའི)ཚིག་རྒྱན་གཉིས་དང(འོད་ཀྱང་འཕྲོ་ལྟ་བུ)བསྡུ་པར་འགྱུར། ། ལ་དོན(ཡི་གེ)སུ་ལ་ཨུ་ཕྱིས་ནས། ། དེ་ལ(སྡེ་པ)གསུམ་པའི་དང་པོ(ཏ)སྦྱར། ། དེ་ལ་ཨཱ་ལི་གསུམ་པ(ཨེ)སྦྱར། ། (བ་སྟེ་དང་ར་ལ་ན་ས་རྗེས་འཇུག་ཅན་ལ་ཏེ། ད་རྗེས་འཇུག་ཅན་ལ་དེ་རྣམས་ཕྲད་ལ་ལྟོས་པའི་དོན་ཐོབ)དེ་ནི་ལྷག་དང་བཅས་པའོ། ། རྗེས་འཇུག་ཡི་གེ་བཅུ་པོ་ལ། ། དྲུག་པ(མ)སྦྱར་ན(གམ། ངམ། དམ། ནམ། བམ། མམ། འམ། རམ། ལམ། སམ། རྣམས་དང་། འདས་ཚིག་ད་དྲག་ལ་དོན་ཐོབ་ཏམ། དབྱེ་གཞི་གཅིག་ལ་གཉིས་སམ་མང་པོར)འབྱེད(པ་དང་། ཚིག་དོན་གཉིས་སམ་མང་པོ་གཅིག་ཏུ)སྡུད(པ)ཡིན། ། རྗེས་འཇུག་ཡི་གེ་བཅུ་པོ་ཡི། ། བཞི་པ(ན)དགུ་པ(ལ)ལ་བཅུ་པ(ས)། ། སྦྱར་བ(ནས་ལས)འབྱུང་ཁུངས་ས་ཡིན་ཏེ། ། (སངས་རྒྱས་ལས་ཆོས། རྒྱ་མཚོ་ནས་ནོར་བུ་ལྟ་བུ་འབྱུང་ཁུངས་དངོས། རྟ་ལས་ལྷུང་ལྟ་བུ་སྐབས་ཐོབ་རིགས་འདྲ། དུ་ང་ལས་མེར་ཤེས་ལྟ་བུ་རྒྱུ་མཚན་ཤས་ཆེ་བ། མི་འམ་ཅི་ལས་དྲི་ཟ་ཐ་དད་དོ་ལྟ་བུ)དགར(བ)དང(གཟུགས་ནས་རྣམ་མཁྱེན་བར་ལྟ་བུ)སྡུད་པའང་དེ་བཞིན་ནོ། ། གང་མིང་བརྗོད་པའི་དང་པོ་རུ། ། ཀྱེ་སྦྱར་བ་ནི་བོད་པ་ཡིན། ། (མཐར་སྦྱར་བའང་ཡོད)གང་མིང་མཐའ་དང་མཐུན་པ་ཡི། ། བཞི་པ(ན)ལ་ནི་ཨི་སྦྱར་བ། ། (ནི་གྲུབ་པ་དེ་ནི་གཞི་ལས་མཆོག་ཏུའམ་དམན་པར་རམ་ཐ་དད་ཙམ་དུ་དམིགས་བཟུང་ནས)དགར(བ)དང(དོན་གང་ཡིན་པ་དེ་ཉིད་ལ་ནན་ཏན་དུ)བརྣན་པའི་ཚིག་ཏུ་འགྱུར། ། (ཏེ་དཔེར་ན། ཁྱབ་འཇུག་ནི་ལྷ་རྣམས་ཀྱི་ནང་ནས་བརྟུལ་ཕོད་པའོ་ལྟ་བུ་མཆོག་ཏུ་དང་། རིགས་རྣམས་ལས་ནི་གདོལ་པའི་རིགས་ཐ་ཆད་དོ་ལྟ་བུ་དམན་པར་དང་། མཐིང་ག་ནི་སྔོ་སངས་ལས་གཞན་ནོ་ལྟ་བུ་ཐ་དད་པ་ཙམ་དུ་དགར་བའོ། ། བརྣན་པ་ལ་འཇུག་པ་དཔེར་ན། ཁྱོད་ནིགཉེན་དང་ཁྱོད་ནི་བཤེས། སྤང་བྱ་སྤངས་ལྟ་བུའོ)མིང་གང་རུང་བའི་བར་མཚམས་སུ། ། གསུམ་པ(ད)ལ་ནི་གཉིས་པ(ང)སྦྱར།(བས་དང་གྲུབ)དེ་ནི(འདུས་བྱས་དང་འདུས་མ་བྱས་པའོ་ཆོས་སོ་ལྟ་བུ)སྡུད(པ)དང(ཆོས་ནི་འདུས་བྱས་དང་འདུས་མ་བྱས་པའོ་ལྟ་བུ)འབྱེད་པ་དང་། ། (སྨན་ཟོས་པ་དང་ནད་སོས་སོ་ལྟ་བུ)རྒྱུ་མཚན(དང་ཉི་མ་ཤར་བ་དང་ཆོས་སྟོན་དང་ལྟ་བུའི)ཚེ་སྐབས(དང་། ཁ་ཏོན་གྱིས་དང་ལྟ་བུ)གདམས་ངག་ལྔའོ། ། གང་མིང་གི་ནི་ཡ་མཐའ་རུ། ། གསུམ་པ(ཨེ)ལ་ནི་ཨེ་སྦྱར་བ། (དེ་གྲུབ་པ་ལས)། ཐ་སྙད་དབང་དུ(བྱས་ན། རྣམ་གྲངས་གཞན་ཞིག་ལ་སྦྱོར་རྒྱུ་ཡོད་པར་སྟོན་པའི་དོན་ཅན་དང་། ལྷག་མ་དང་བཅས་པ་དང་། དུས་གསུམ་ལས་འདས་པ་སྟེ)གསུམ(ལ་འཇུག་པ)ཡིན་ཏེ། ། དངོས་པོའི་དབང་དུ(ན་བདེན་པ་དང་། གསང་བ་དང་། བདག་གི་བ་དང་། ཕ་རོལ་པོ་ཡི་དཔོས་པོ་སྟེ)བཞི་རུ་འགྱུར། ། དུས་ཀྱི་དབང་དུ(ན་འདས་པ་དང་མ་འོངས་པ)གཉིས(ལ་འཇུག་པ)ཡིན་ནོ། ། (དེ་དག་རིམ་པར་དཔེར་མཚོན་ན། དེ་བཞིན་ནོ། ཡོད་དེ། དེ་ཉིད། དེ་ཁོ་ན་ཉིད་དོ། དེ་གྲུབ་བམ། བདག་གི་ལྷ་དེ། ཁྱེད་ཀྱི་དེ། སྔོན་འཕགས་ཡུལ་དེ་ན། དེའི་དུས་ན་འབྱུང་བར་འགྱུར་རོ་ལྟ་བུ་རྣམས་སོ)གང་མིང་བརྗོད་པའི་དང་པོ་རུ། ། དང་པོ(ག)ལ་ནི་གཉིས་པ(ང)སྦྱར(བས་གང་གྲུབ་པས)། ། སྤྱི་ལ་ཁྱབ་པ(གང་ཞིག གང་དག གང་ཡང་ལྟ་བུ)ཉིད་དུ་འགྱུར། །   གང་མིང་གི་ནི་མ་མཐའ་ན། ། པུ་ལིངྒ་ཡི་སྒྲ་མེད་པ། ། དེ་ལ་ལིངྒ(པ)སྦྱར་ན། ། བདག་པོའི་སར་ནི་ཤེས་པར་བྱ། ། (དཔེར་ན། ཕྲིན་ལས་པ། རྟ་པ། གྲུབ་པ་ལྟ་བུ་དང་། སྐབས་འགར་པོ་དང་མོ་དང་མ་རིགས་མཚུངས་འདྲེན་ནོ)གང་མིང་བརྗོད་པའི་ཡ་མཐའ་ན། ། སྟཱི་ལིངྒ་ཡི་སྒྲ་མེད་པ། ། དེ་ལ་སྟཱི་ལིངྒ(མ)སྦྱར་ན། ། དགག་པའི་གནས་སུ་ཤེས་པར་བྱ། (དཔེར་ན། མ་ཡིན། མི་གནས། མ་དག མ་གྲུབ། མི་འགྱུར་ལྟ་བུའོ)ཚིགས་སུ་བཅད་པའི་མཚམས་སྦྱོར(རྣམ་དབྱེ་དང་། ཚིག་ཕྲད)རྣམས། ། ཅུང་ཟད་བསྡུས་པ་ཡོད་ན་ཡང་། ། དེ་ནི་དེ་བཞིན་སྦྱར་བར་བྱ། ། སྔོན་འཇུག(བསྒྲུབས་ལྟ་བུ)ཡོད་དམ(སྒྲུབ་ལྟ་བུ)མེད་ཀྱང་རུང་། ། མིང་གཞིའི་ཡི་གེ་གང་ཡིན་ལ། ། (ལྔ། ལྷ། ལྟ་བུ)ཉིས་འབྲེལ་ཡོད་དམ(སྨྲ། རྒྱ། ལྟ་བུ)སུམ་འབྲེལ་ཡོད། ། ཨཱ་ལི(ཨི་ཨུ་ཨེ་ཨོ)བཞི་ལས་གང(རུང)ལྡན(པ་ལྷུ། སྒྲོ། ལྟ་བུ)ཡང་། ། རྗེས་འཇུག་བཅུ་པོ(གང་ཡང་རུང་བ་ཞིག)མ་ཞུགས་ན། ། མིང(དོན)གཞན(ལ)སྦྱོར་བ(ལྷུང་། སྒྲོགས། ལྟ་བུ)ཡོད་མི་སྲིད། ། རྗེས་འཇུག་བཅུ་ཡི་དོན་ཤེས་ན། ། (དེ་ཉིད་གཙོ་བོར་འབྲེལ་བའི་ཕྲད་དང་རྣམ་དབྱེ་ལ་སོགས་པའི་སྒྲ་དོན་གྱི་འཇུག་ཚུལ་ལེགས་པར་ཤེས་པས)འབྲི⑤་དང་ཀློག་དང་བཤད་རྣམས་ཀྱི། ། མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། ། འབྲེལ་པར་སྨྲ་བའི་མཆོག་ཏུ་འགྱུར། ། གཞན་ཡང་རྗེས་འཇུག་ཤེས་པ་ཡིས། ། དོན་གྱི་སྦྱོར་བ(བསྟན་བཅོས་སོགས་ཀྱི)མ་མཐོང་ཡང་། ། (འགྲེལ་བཤད་སོགས་ཀྱི)དོན་དང་མཐུན་པའི(རྣམ་འབྱེད་ཚིག་གི)སྦྱོར་བ་ཤེས། ། རྗེས་འཇུག་སྦྱོར་བ་མཁས་པ་ན། ། ལུང་གི་དོན་དང་སྦྱོར་བ་དང་། ། བླ་མའི་མན་ངག་གསུམ་སྦྱར་ནས། ། དོན་གྱི་ཐོག་ཏུ་དབབ་པར་བྱ། ། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོར་ང་རོ་རྣམས་ལ་སྦྱང་། ། སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ། ། ཀློག་གི་ཆེད་དུ་བསླབ་པ་ཡིན། ། རྗེས་འཇུག་བཞི་ཡི་སྦྱོར་བ་ནི། ། མཉན་བསམ་བསྟན་པའི་དོན་དུ་སྦྱར། ། ཡན་ལག་དེ་དག་མཐུ་ཡིས་ནི། ། འབྲས་བུའི་ཆེད་དུ་དོན་ལ་དབབ། ། བསླབ་པའི་རིམ་པ་འདི་ཡིས་ནི། ། གང་ཞིག་འབད་པ་ཆུང་ངུས་ཀྱང་། ། ཤེས་རབ་མྱུར་དུ་གྲོལ་བར་འགྱུར། ། དེ་ཕྱིར་དང་པོ་འདི་ཉིད་བསླབ། ། དེ་ནས་རྒྱས་པའང་མཉན་བྱས་ཏེ། ། བསླབ་པ་གང་ལ་དད་པ་ཡི། ། གཞུང་ཉིད་བླ་མ་དག་ལས་མཉན། ། སློབ་དཔོན་དེ་ཉིད་དུ་འཛིན་ཅིང་། ། ལེ་ལོ་གཡེང་བ་རྣམས་པར་སྤངས། ། ཟོ་བཟང་དད་པ་ལ་བརྟེན་པ། ། སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ། ། དེ་ལ་དུས་སུ་འདོམས་པར་བྱ། ། གཅིག་ཤོས་དེ་ལས་ལྡོག་པའོ། ། ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ། ། ⑥
        གཉིས་པ། ཐོན་མི་ཨ་ནུས་བརྩམས་པའི《སུམ་ཅུ་བའི་རྩ་བ》དང་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་པའི《སུམ་ཅུ་བའི་རྩ་བ》གཉིས་ཀྱི་ཚིག་ངོས་ཀྱི་ཁྱད་པར། 
        འདི་ནི་གོང་གསལ་ས་པཎ་གྱིས་བརྩམས་པའི《སུམ་ཅུ་བའི་རྩ་བ》ལས་རྟགས་སེར་རོ་རྒྱབ་ཡོད་པ་དག་ནི་ཐོན་མི་ཨ་ནུས《སུམ་ཅུ་བའི་རྩ་བ》དང་མི་མཐུན་པའི་ཁག་ཡིན། དེ་ལ་ཕྱོགས་བརྒྱད་ནས་མི་འདྲ་སྟེ། 1.ཐོན་མི་ཨ་ནུས་མཛད་པའི《སུམ་ཅུ་བའི་རྩ་བ》ནི་མགོ་ནས་མཇུག་བར་གྱི་ཚིག་བཅད་རེའི་རྗེས་ཀྱི་གཉིས་ཤད་དཀྱིལ་དུ་སྦྲུལ་ཤད་རེ་བཀོད་ཡོད། དཔེརན། ཐོན་མི་ཨ་ནུས་མཛད་པའི《སུམ་ཅུ་བའི་རྩ་བ》ལས། ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ། ༈ ། ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ༈ ། གང་ལ་ཡོན་ཏན་མཆོག་མངའ་བའི། ༈ ། དཀོན་ཅོག་དེ་ལ་ཕྱག་འཚལ་ལོ། ༈ ། གང་གིས་སྒྲ་དབྱངས་ཀུན་གསུངས་པའི། ༈ ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།  ༈ ། གང་གིས་མིང་གཞི་སྔོན་གསུངས་པའི། ༈ ། རྟག་ཞུ་བ་ལ་ཕྱག་འཚལ་ལོ། ༈ ། སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། ༈ ། བླ་མ་ལ་ཡང་ཕྱག་འཚལ་ནས། །བསླབ་པ་ཀུན་ཀྱི་གཞུ་འཛིན་ཅིང་། ༈ ། རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། ༈ ། མིང་ཚིག་བརྗོད་པ་ཀུན་གྱི་གཞི། ༈ ། ཡི་གེའི་སྦྱོར་བ་བཤད་པར་བྱ། ༈ ། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། ༈ ། ཨཱ་ལི་གསལ་བྱེད་ཨི་སོགས(ཏེ་ཨུ་ཨེ་ཨོ)བཞི། ༈ ། སོགས་ལྟ་བུ། ⒉ས་པཎ་གྱིས་བརྩམས་པའི《སུམ་ཅུ་བའི་རྩ་བ》རུ། མས་གཉིས(རེ་རེ་དང)དྲུག་པའི་གསུམ་པ(འ)དང་། ། བདུན་པ་ལ༵②(ར་ལ་ས)ནི་ཤ་མ་གཏོགས། ། ཞེས་དང་།  ཐོན་མི་ཨ་ནུས་བརྩམས་པའི《སུམ་ཅུ་བའི་རྩ་བ》རུ། མས་གཉིས་དྲུག་པའི་གསུམ་པ་དང་། ། བདུན་པ་ལ༵ས་ནི་ཤ་མ་གཏོགས། ། ཞེས་བཀོད་ཡོད། ⒊ས་པཎ་གྱིས་བརྩམས་པའི《སུམ་ཅུ་བའི་རྩ་བ》རུ། དང་པོ(ག་ང)གསུམ་པ(ད་ན)བཞི་བ(བ་མ)ཡི༵①། ། ཞེས་དང་། ཐོན་མི་ཨ་ནུས་བརྩམས་པའི《སུམ་ཅུ་བའི་རྩ་བ》རུ། དང་པོ་གསུམ་པ་བཞི་པ་ལ༵ས། ། ཞེས་བཀོད་ཡོད། ⒋ས་པཎ་གྱིས་བརྩམས་པའི《སུམ་ཅུ་བའི་རྩ་བ》རུ། མིང་གཞི(ཀ་ཙ་ལྟ་བུ)གཉིས་སམ(ཚ་ཁ་ལྟ་བུ)སུ༵མ③་སྦྲེལ་ལམ། ། ཞེས་དང་། ཐོན་མི་ཨ་ནུས་བརྩམས་པའི《སུམ་ཅུ་བའི་རྩ་བ》རུ། མིང་གཞི་གཉིས་སམ་གསུ༵མ་སྦྲེལ་ལམ། ། ཞེས་བཀོད་ཡོད། དེ་ལས་སུམ་དང་གསུམ་གྱི་ཁྱད་པར་ནི། སྔོན་འཇུག་ག་ཡོད་མེད་ཀྱི་ཁྱད་པར་ཙམ་ཡིན་ལ། དོན་དུ་གསུམ་ཞེས་པ་དང་འདྲའོ། ། ⒌ས་པཎ་གྱིས་བརྩམས་པའི《སུམ་ཅུ་བའི་རྩ་བ》རུ།  གང་མིང་མཐའ་ན་བཅུ་པ(ས)གནས། །  དེ་ལ་ཨཱ་ལི་གཉིས་པ༵(ཨུ)སྦྱར། ། ④ཅེས་དང་། ཐོན་མི་ཨ་ནུས་བརྩམས་པའི《སུམ་ཅུ་བའི་རྩ་བ》རུ། གང་མིང་མཐའ་ན་བཅུ་པ(ས)གནས། །  དེ་ལ་ཨཱ་ལི་གཉིས་ཁྲོ༵་སྦྱར། ཅེས་བཀོད་ཡོད། པ་དང་ཁྲོ་ལས། པ་ནི་བདག་པོ་སྟོན་བྱེད་ཀྱི་ཚིག་ཕྲད་ཅིག་ཡིན་ལ། ཁྲོ་ནི་དེའི་རྗེས་སུ་ཞེས་པའི་དོན་དང་མཐུན། ⒍ས་པཎ་གྱིས་བརྩམས་པའི《སུམ་ཅུ་བའི་རྩ་བ》རུ། འབྲི༵⑤་དང་ཀློག་དང་བཤད་རྣམས་ཀྱི། ། ཞེས་དང་། ཐོན་མི་ཨ་ནུས་བརྩམས་པའི《སུམ་ཅུ་བའི་རྩ་བ》རུ། འདྲི༵་དང་ཀློག་དང་བཤད་རྣམས་ཀྱི། ། ཞེས་བཀོད་ཡོད། འདིར་དོན་དང་མཐུན་པར་འགྲེལ་ན་འབྲི་ཡིན་པར་འདོད། འོན་ཀྱང་འབྲི་དང་འདྲི་ནི་ཀློག་པའི་སྒྲ་འདྲ་བའི་རྐྱེན་ལས་ནོར་ཤས་ཆེ། ⒎ས་པཎ་གྱིས་བརྩམས་པའི《སུམ་ཅུ་བའི་རྩ་བའི》མཇུག་ཏུ། “ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ། །”⑥ ཞེས་པ་བསྣན་ཡོད།  ཡང་ཐོན་མི་ཨ་ནུས་བརྩམས་པའི《སུམ་ཅུ་བའི་རྩ་བའི》མཇུག་ཏུ་བསྣན་མེད། ⒏ས་པཎ་གྱིས་བརྩམས་པའི《སུམ་ཅུ་བའི་རྩ་བ》རུ་ཚོག་དོན་ཀུན་གྲོལ་ཀྱི་ཚུལ་དུ་མིང་དང་ཚིག་རེ་རེའི་ལོགས་སུ་འགྲེལ་བཤད་བྱེད་ཡོད་པ། དཔེར་ན། ཨཱ་ལི་གསལ་བྱེད་ཨི་སོགས(ཏེ་ཨུ་ཨེ་ཨོ)བཞི། ། ཀཱ་ལི(ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ)སུམ་ཅུ་ཐམ་པའོ། ། དེ་ལ་རྗེས་འཇུག(ག་ང་ད་ན་བ་མ་འ་ར་ལ་ས)བཅུ་ཡིན་ཏེ། ། དེ་ལས(ག་ད་བ་མ་འ)ལྔ་ནི་སྔོན་དུའང་འཇུག ། མི་འཇུག་པ་ནི(ཀ་ཁ། ཅ་ཆ་ཇ་ཉ། ཏ་ཐ། པ་ཕ། ཙ་ཚ་ཛ་ཝ། ཞ་ཟ་ཡ། ཤ ཧ་ཨ)ཉི་ཤུའོ། ། ཞེས་པ་ལྟ་བུ། ཐོན་མི་ཨ་ནུས་བརྩམས་པའི《སུམ་ཅུ་བའི་རྩ་བ》རུ་དེ་དག་བསྐུངས་བར་བྱས་ཡོད། གོང་གསལ་དག་ནི་རྩ་བ་གཉིས་ཀྱི་ཚིག་ངོས་ཀྱི་མི་འདྲ་བའི་ཕྱོགས་ཡིན་ལ། དེ་ལས་གཞན་ཚིག་དོན་གང་ཡང་ཕན་ཚུན་ཆད་ལྷག་དང་ནོར་འཛོལ་བྱུང་མེད། འདི་དག་ནི་ཚིག་ངོས་ཀྱི་ཁྱད་པར་ཙམ་ལས་རྩ་བའི་དོན་གྱི་ངོ་བོ་དང་འགལ་བ་ཡེ་ནས་མེད་པས། ཕན་ཚུན་གྱི་ཆོས་ཀུན་ཕྱོགས་མཚུངས་སུ་སྣང་། 
        གསུམ་པ། ཐོན་མི་དང་ས་པཎ་གཉིས་ཀྱི《རྟགས་ཀྱི་འཇུག་པའི་རྩ་བའི》ཚིག་ངོས་ཀྱི་གཤིབ་བསྡུར། 
        འདིར་ཐོག་མར་ཐོན་མི་དང་ས་པཎ་གཉིས་ཀྱི《རྟགས་ཀྱི་འཇུག་པའི་རྩ་བ》གཤིབ་བསྡུར་བྱེད་སྐབས་སྤྱིར་གོང་གསལ་བཞིན་ས་པཎ་ཀྱིས་བརྩམས་པའི་རྟགས་འཇུག་གི་རྩ་བ་འགོད་དགོས་པ་ཐུགས་སྣང་ཆེ་མོད་འོན་ཀྱང་། ཚིག་དོན་མང་འགྲོ་བའི་ཕྱིར་འདི་ནས་གཉིས་ཀའི་གཞུང་གི་ཁྱད་པར་ཙམ་ལས་མི་འགོད་པར་བྱའོ། ། དེ་ན་རྟགས་འཇུག་རྩ་བར་ཡང་མི་མཐུན་པའི་ཕྱོགས་ཁ་ཤས་སྣང་བ་གཤམ་གསལ་ལྟར། 1. ཐོན་མིས་བརྩམས་པའི་སུམ་རྟགས་ཀྱི་གཞུང་དུ་སུམ་ཅུ་བ་དང་རྟགས་འཇུག་སོ་སོའི་མགོར་མཆོད་བརྗོད་མེད་ཅིང་། ས་པཎ་གྱིས་བརྩམས་པའི་གཞུང་དུ་སོ་སོར་མཆོད་བརྗོད་བཀོད་ཡོད། དཔེར་ན། ས་པཎ་གྱི《རྟགས་ཀྱི་འཇུག་པའི་རྩ་བའི》མགོར“རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་ལིངྒཱ་བ་ཏཱ་ར་ནཱ་མ། བོད་སྐད་དུ། ལུང་སྟོན་པ་རྟགས་ཀྱི་འཇུག་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །” ཞེས་བཀོད་པ་བཞིན། འདི་ནི་བོད་ཀྱི་སྲོལ་རྒྱུན་རྩོམ་སྟངས་ཤིག་ཏེ། ཕལ་ཆེར་སྔོན་བྱོན་བོད་ཀྱི་སྲོལ་རྒྱུན་གཞུང་ལུགས་ཀྱི་བསྟན་བཅོས་གྱི་མགོར་མཆོད་བརྗོད་འབྲི་སྲོལ་ཆགས་ཡོད།⒉སྔོན་འཇུག་གྱི་མི་འཇུག་པ་བཤད་པའི་སྐབས་སུ་ ཐོན་མིས《རྟགས་འཇུག་རྩ་བ》ལས། “མོ་དང་ཤིན་ཏུ་མོ་ཉིད་ལའོ། ། ཕོ་ནི་མ་ནིང་ལ་མི་འཇུག །”འདིའི་བར་ཏུ་“མི་འཇུག་པ་ནི་འདི་ལྟ་སྟེ། ། ” ཞེས་པ་འི་ཚིག་བསྣན་མེད།འོན་ཀྱང་། ས་པཎ་གྱི《རྟགས་འཇུག་རྩ་བ》ལས། “མོ་དང་ཤིན་ཏུ་མོ་ཉིད་ལའོ། ། མི༵་འཇུ༵ག་པ༵་ནི༵་འདི༵་ལྟ༵་སྟེ༵། ། ཕོ་ནི་མ་ནིང་ལ་མི་འཇུག །”ཅེས་བསྣན་ཡོད།  འདི་ལ་ཡང་བརྗོད་བྱ་གསལ་སྟོན་གྱི་ནུས་པ་བླ་ལྷག་ཏུ་ཐོན་ནོ། ། ⒊ ཐོན་མིས《རྟགས་འཇུག་རྩ་བ》ལས། རྗེས་འཇུག་གི་སྦྱོར་ཚུལ་བཤད་སྐབས། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། ། ཕྱི་མ་དག་གི་འདྲེན་ཚུལ་ནི། ། ཕོ་ཡིས་ཕོ་ཡི་མིང་མཐའ་དྲ༵ང་། ། མོ་ཡིས་མོ་ཡི་མིང་མཐའ་དྲ༵ང་། ། མི་ནིང་གིས་ནི་མ་ནིང་ངོ་། ། ཞེས་པ་ལྟ་བུ། དྲ༵ང་ལ་ཡང་འཇུག་ཞུགས་མེད། ཡང་། ས་པཎ་གྱི《རྟགས་འཇུག་རྩ་བ》ལས། སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར། ། ཕྱི་མ་དག་གི་འདྲེན་ཚུལ་ནི། ། ཕོ་ཡིས་ཕོ་ཡི་མིང་མཐའ་དྲ༵ངས། ། མོ་ཡིས་མོ་ཡི་མིང་མཐའ་དྲ༵ངས། ། མི་ནིང་གིས་ནི་མ་ནིང་ངོ་། ། ཞེས་དྲ༵ངས་ལ་ཡང་འཇུག་ཞུགས་ཡོད། དྲ༵ང་དང་དྲ༵ངས་ནི་དུས་ཀྱི་ཁྱད་པར་ཙམ་ལས་དབྱེ་བ་ཆེར་མེད་ཅིང་། དྲ༵ང་ནི་འདྲེན་གྱི་མ་འོངས་པ་དང་དྲ༵ངས་ནི་འདས་པ་ཡིན། ⒋དེ་ནས་རྣམ་དབྱེ་བཤད་པའི་སྐབས་སུ་ ཐོན་མིས《རྟགས་འཇུག་རྩ་བ》ལས། གཞན་ཡང་སླར་བསྡུ་ལྷག་བཅས་དང་། ། འབྱེད་སྡུད་བསྣྭན་དང་བདག་པོ་དང་། ། དགག་སྒྲུབ་རྒྱན་དང་དུས་ལའང་འཇུག ། ཅེས་བསྣྭན་ལ་ས་སྣ་བྲིས་ཡོད། ཡང་།  ས་པཎ་གྱི《རྟགས་འཇུག་རྩ་བ》ལས། གཞན་ཡང་སླར་བསྡུ་ལྷག་བཅས་དང་། ། འབྱེད་སྡུད་བརྣན་དང་བདག་པོ་དང་། ། དགག་སྒྲུབ་རྒྱན་དང་དུས་ལའང་འཇུག །ཅེས་ར་རྣ་བྲིས་ཡོད། དེ་ལས་བསྣན་དང་བརྣན་གཉིས་ཀྱི་ཁྱད་པར་ནི། སྨོན་ལམ་ཚིག་མཛོད་ལས། བསྣན་ནི་དངོས་རྗས་ཀྱི་རྨང་གཞིའི་གྲངས་ཀའི་སྟེང་དངོས་རྫས་ཇེ་མང་དུ་བཏང་བའི་དོན། དེ་ནི་སྣོན་གྱི་མ་འོངས་པ་དང་འདས་པ་ཡིན། བརྣན་ནི་ནན་ཏན་དང་གལ་ཆེན་པོར་བཟུང་བའི་དོན། རྣོན་གྱི་མ་འོངས་པ་དང་འདས་པ་ཡིན། འདི་ལས་གཙོ་བོར་རྣམ་དབྱེའི་ཡན་ལག་ཏུ་གྱུར་བའམ་མ་གྱུར་པའི་ཚིག་ཕྲད་སླར་བསྡུ་དང་ལྷག་བཅས། འབྱེད་བསྡུ། བསྣན་པ(བརྣན་པ)། བདག་པོ། དགག་པ། སྒྲུབ་པ། ཚིག་རྒྱན་དང་དུས་ཏེ་ཚེ་སྐབས་ལ་འཇུག་པའི་སྒྲ་ལ་སོགས་པ་དེ་དག་རྣམས་ཀྱང་སྔ་མའི་མཐའི་ཤུགས་ཀྱིས་འདྲེན་པར་བྱེད་པ་ན་སྦྱོར་ཚུལ་ལེགས་པར་འབྱུང་བ་ཡིན་ཞེས་པའི་དོན། ⒌ ཐོན་མིས《རྟགས་འཇུག་རྩ་བ》ལས། རྣམ་གྲངས་དག་ཀྱང་བཀོད་པ་ལས། ། བསྐྱར་བ་ཡོད་དམ་མེད་པ་དང་། ། ཕོ་སྒྲ་ད༵ག་ནི་མོ་སྒྲ་དག ། ཅེས་བྲིས་པ་དང་། ཡང་། ས་པཎ་གྱི《རྟགས་འཇུག་རྩ་བ》ལས། རྣམ་གྲངས་དག་ཀྱང་བཀོད་པ་ལས། ། བསྐྱར་བ་ཡོད་དམ་མེད་པ་དང་། ། ཕོ་སྒྲ་ད༵ང་ནི་མོ་སྒྲ་དག ། འདི་ལས་དག་དང་དང་གི་ཁྱད་པར་ནི། དག་ནི་མང་པོ་ཞིག་ལྷན་ཅིག་ཏུ་སྟོན་པའི་དོན་དང་། དང་ནི་འབྱེད་པའི་དོན། དེ་བས་དག་དང་དང་གཉིས་འདིར་དོན་ཅིག་ཏུ་ངེས། མང་ཅེས་དང་སྒྲ་བྲིས་ཡོད། ⒍ ཐོན་མིས《རྟགས་འཇུག་རྩ་བ》རུ། ཚིག་རྐང་རེའི་བར་དུ་སྦྲུལ་ཤད་འབྲི་བ་དང་ས་པཎ་གྱི《རྟགས་འཇུག་རྩ་བར》ཚིག་རྐང་ཕལ་ཆེར་འགྲེལ་བཤད་ཀྱི་ཚུལ་དུ་བཀོད་ཡོད་པ། གོང་གསལ་གྱི《སུམ་ཅུ་བའི་རྩ་བ》དང་མཐུན་པར་འདུག 
        གཉིས། ཐོན་མི་ཨ་ནུས་བརྩམས་པའི《སུམ་རྟགས་རྩ་བ》དང་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་པའི《སུམ་རྟགས་རྩ་བ》གཉིས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་གཤིབ་བསྡུར། 
        དང་པོ། ཐོན་མི་སམྦྷོ་ཊའི་འབྲེལ་བའི་ལོ་རྒྱུས་ཉུང་བསྡུས། 
        ཁོང་ནི་སྤུར་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བློན་པོའི་བཞིའི་ཡ་ཀྱལ། བོད་ཀྱི་གསར་གཏོད་པའམ་མཛངས་མི་བདུན་གྱི་བཞི་བ། ཡོངས་གྲགས་སུ་བོད་ཀྱི་ཡི་གེའི་བྱེད་པོ། བོད་ཡུལ་མུན་པའི་གླིང་ཀུན་གསལ་བའི་ཆོས་ཀྱི་སྒྲོན་མེ་ཉག་ཅིག་སོགས་སྲིད་པའི་མཛད་འཕྲིན་མང་པོ་མང་པོ་ཞིག་འོ་སྐོལ་དག་གི་མཐོང་ལམ་དུ་བཤམས་ཡོད། སློབ་དཔོན་ཐོན་མི་སམ་བྷོ་ཊ་ནི་སྤྱི་ལོ619ལོའི་དབྱར་ཁའི་མཚན་མོ་ཞིག་ལ། ཡུལ་ལྷོ་ཁ་གཉལ་ནང་ཞེས་པའི་ཡུལ་གྲུ་དེ་རུ་ཡབ་གཉལ་བ་སྣང་གྲགས་དང་ཡུམ་གནུབས་བཟའ་གཉིས་སུ་སྲས་སུ་བཀྲ་ཤིས་པའི་མཚན་མ་དང་བཅས་ཏེ་སྐུ་འཁྲུངས་ཤིང་། རིམ་བཞིན་ནར་སོན་ཚེ་བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་དུ་བསྐོས་པ་དང་། སྤྱི་ལོ633ལོར། ཐོན་མི་འཁོར་དང་བཅས་པ་ལྷོ་ཕྱོགས་རྒྱ་གར་དུ་འབྱོར་ཞིང་། རྒྱ་གར་ལྷོ་ཕྱོགས་ཀྱི་མཁས་པོ་ཆེན་པོ་བྲམ་ཟེ་ལི་བྱིན་སློབ་དཔོན་དུ་བསྟེན་ཏེ་ཡིག་རིགས་དུ་མ་ལ་མཁས་པར་སྦྱངས་པ་མ་ཟད། པཎྚི་ཏ་ལྷ་རིགས་པའི་སེང་གེ་ལས་སྒྲ་པཱ་ཎི་བ་དང་། ཀ་ལཱ་པ། ཙཱནྡྲ་པ་རྣམས་དང་། རྟོགས་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས། རྟོགས་དཀའ་བ་པཎྚི་ཏ་ལུགས་ཀྱི་བསྟན་བཅོས། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་བཅས་པ་མི་ལོ་བདུན་གྱི་རིང་ལ་བསླབས་ཤིང་འདྲིས་པར་བྱས་ཤིང་། ཕྱིར་བོད་དུ་ཕེབས་ནས་བོད་ཡིག་གསར་བཟོ་མཛད་པ་དང་། བརྡ་སྤྲོད་པའི་བསྟན་བཅོས་མཛད་པ། བཀའ་བསྟན་བོད་སྐད་དུ་བསྒྱུར་པ་སོགས་རླབས་ཆེན་གྱི་ཕྱག་རྗེས་མང་པོ་བཞག འོན་ཀྱང་། བོད་ལ་བརྡ་སྤྲོད་པའི་བསྟན་བཅོས་མཛད་ཅེས་གྲགས་པ་ནི་ལུང་དང་རིགས་པ་གང་གི་ཆ་ནས་ཀྱང་མི་རིགས་སོ། རེའུ་མིག་ལྟར་བཀོད་ན་གཤམ་གསལ་ལྟར།

        1.སྤྱི་ཚོགས་ཀྱི་རྒྱབ་ལྗོངས། 
        རྒྱལ་མོ་འབྲུག་པས་བརྩམས་པའི《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》(ཤོག་ངོས་༨༢)ལས། 《ཏུན་ཧོང་གཏེར་ཡིག》ཏུ་“བཙན་པོ་སྲུང་བཙན་སྒམ་པོའི་རིང་ལ། ཡབ་འབངས་ནྀ་འཁུས། ཡུམ་འབངས་ནི་ལོག གཉེན་ཞང་ཞུང་། མཛོ་སུམ་པ། ཉག་ཉྀ། དགས(དྭགས)པོ”རྐོང་པོ། མྱང་པོ་ཀུན་ཀྱང་ལོག ཡབ་གནམ་རྀ་སློན་མཚན་དུག་བོན་ཏེ་བགྲོངས་སོ། ། ཞེས་བཀོད་པའི་གནས་ཚུལ་ལྟར། སྐབས་དེ་ནི་ཡུལ་ལུང་ནང་འཁྲུག་དང་ཁ་བྲལ། རྒྱལ་ཕྲན་སིལ་བུར་ཐོར་ཞིང་ཆབ་དཔལ་རིག་གསུམ་ཉམས་རྒུད་དུ་འགྲོ་བའི་དུས་སྐབས་ཤིག་ཡིན་ལ། དེ་ནས་སྤྱི་ལོ་༦༢༧ལོར་བཙན་པོ་དགུང་ལོ་བཅུ་གསུམ་སྟེང་ཁྲིར་བཀོད་ཅིང་། ཁོང་གིས་ཐབས་དང་དཔའ་རྩལ་གྱིས་དུག་ལས་བྱེད་མཁན་གྱི་གཏེ་བོ་ཀུན་ཚར་གཅོད་དང་ངོ་ལོག་པའི་དྭགས་ཀོང་མྱང་གསུམ་ཕྱིར་འབངས་སུ་བཀུག དེར་མ་ཟད་སྤྱི་ལོ་༦༤༤ལོར་ཞང་ཞུང་ཀུན་བཅོམ་ཞིང་མཐའ་དབུས་ཡུལ་གྲུ་ཀུན་མངའ་དབངས་སུ་གྱུར་ཏེ། བོད་ཆེན་པོ་སྲིད་དབང་དངོས་སུ་བཙུགས། དཔེར་ན། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ལས་འབྱུང་བ་ལྟར་ན། ཤར་ཕྱོགས་རྒྱ་དང་མི་ཉག་ནས། བཟོ་དང་རྩིས་ཀྱི་དཔེ་རྣམས་ལེན། ལྷ་ཕྱོགས་དཀར་པོའི་རྒྱ་གར་ནས། དམ་ཆོས་ཀྱི་སྒྲ་རྣམས་བསྒྱུར། ནུབ་ཕྱོགས་སོག་པོ(ཏ་ཟིག་ལ་གོ)བལ་པོ་ནས། ཟས་ནོར་ལོངས་སྤྱོད་གཏེར་ཁ་འབྱེད། བྱང་ཕྱོགས་ཧོར་དང་ཡུ་གུར་ནས། ། ཁྲིམས་དང་ལས་ཀྱི་དཔེ་རྣམས་ལེན། ། དེ་ལྟར་ཕྱོགས་བཞིར་དབང་བསྒྱུར་ནས། ། མཐའ་ཡི་ལོངས་སྤྱོད་དབང་དུ་བསྡུས། ཞེས། དཔའ་བོ་གཙུག་ལག་ཕྲེང་བའི《ཆོས་འབྱུང་མཁས་པའི་དགའ་སྟོན》(ཤོག་ངོས་༡༨༤ན་གསལ།)སྐབས་དེར་བོད་ཡུལ་རུ་ཆེན་ལྔ་རུ་བགོས་ཤིང་། ཁོད་སོ་དྲུག་སོགས་དམག་དོན་གྱི་ཁྲིམས་ལུགས་གཏན་འབེབས་བྱས་ཏེ་རྒྱལ་ཁམས་བདེ་ལ་བཀོད། དེ་བས་སླར་ཡང་བྲེ་སྲང་གཏན་ཕབ་ཏེ་དཔལ་འབྱོར་གོང་དུ་སྤེལ། སྐབས་དེར་སྤྱི་ཚོགས་ཟང་ཟིང་དང་དབང་སྒྱུར་འཕྲོག་རྩོད་ཀྱི་གནད་དོན་ཁ་ཕྱོགས་གཙོ་བོ་ཡིན་པས། རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་ནི་དབང་སྒྱུར་མཁན་འཚོ་དམིགས་ཡུལ་གཙོ་བོ་སྟེ་ཡིན་ལ། དེ་དུས་ཐོན་མི་སོགས་རྒྱ་གར་དུ་བརྫངས་པའི་དམིགས་ཡུལ་ཀྱང་ཡི་གེ་བཟོ་བ་ཁོ་ན་ཙན་མ་ཡིན་པར། གཙོ་བོ་སངས་རྒྱས་ཆོས་ལུགས་ནང་འདྲེན་བྱེད་པའི་ཕྱིར་ཡིན་པར་འདོད། གང་ལེགས་ཤེས་ན།《རྣམ་འབྱེད་འཕྲུལ་གྱི་ལྡེ་མིག》ལས་གནམ་རི་སྲོང་བཙན་ཡན་ཆོད་དུ། རྒྱལ་རབས་སུམ་ཅུ་རྩ་གསུམ་ལ། ཆབ་སྲིད་འཛིན་པའི་རྒྱལ་བོ་རེ། ཐར་ལམ་འདྲེན་པའི་སྐུ་གཤེན་རེ། སྐད་བསྒྱུར་བའི་ལོ་པཎ་རེ་ཞེས་བཀོད་པ་བཞིན། སྔོན་བྱུང་ལོ་རྒྱུས་སྨྲ་བ་དག་གིས་བརྩམས་པའི་གཞུང་ཕལ་མོ་ཆེར་སྐབས་དེར་བོན་གཤེན་དག་གི་ཆབ་སྲིད་ཀྱི་དབང་ཆ་ནི་ཀུན་ནས་མཐོ་ཞིང་ཁོ་ཚོ་ནི་ཁེངས་དྲགས་དང་ང་རྒྱལ་རི་བོ་ལྟར་བརྗིད་པ། རྒྱལ་བོ་ནི་སྲིད་འཛིན་གྱི་གོ་ས་ཙམ་ཐོབ་པ་ལས། དོན་དངོས་དབང་ཆ་ཕལ་ཆེར་སྐུ་གཤེན་ཚོའི་ལག་ཏུ་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་ལགས། རྒྱུ་མཚན་དེའི་དབང་གིས་ཐོན་མི་སྐབས་དེར་རྒྱ་གར་དུ་བརྫངས་པ་ཡང་ཆབ་སྲིད་ཀྱི་དོན་དུ་གཤེགས་པར་འདོད། 
        2.རིག་གནས་ཀྱི་རྒྱབ་ལྗོངས།
        སྔོན་བྱོན་གི་རྒྱལ་རབས་དེབ་ཐེར་གང་མང་ཞིག་ཏུ་སྲོང་བཙན་སྔོན་ལ་བོད་ཡུལ་ནི་ཀླ་ཀློའི་ཞིང་དང་མུན་ནག་ཁམས། ཡང་ན། གདོལ་བའི་གནས་སུ་བརྗོད་གྱིན་ཡོད། སྐབས་དེར་ཐོན་མིས་རྒྱ་གར་ནས་ཡིག་རིགས་ཀུན་ལ་མཁས་པར་སྦྱངས་ཤིང་ཕྱིར་བོད་དུ་ཕེབས་ཏེ་བོད་ཡིག་གསར་གཏོད་མཛད་ཅེས་ཐོག་དམན་བར་མ་ཀུན་གྱི་མ་ཎི་བཞིན་ངག་ལ་གྱེར་བཞིན་མཆིས། འོན་ཀྱང་། ལོ་རྒྱུས་ནི་སུ་ཡིན་ཡང་ཕྱོགས་རེས་དང་མོས་པ་ཇི་བཞིན་གང་དགར་སུབ་བཅོས་དང་ཁ་སྣོན་བྱེད་ག་ལ་ཆོག གལ་ཏེ་ལོ་རྒྱུས་འབྲི་མཁན་གྱིས་ལོ་རྒྱུས་ཀྱི་བདེན་པ་མཛེས་བཟོ་བྱས་ན་དེ་ནི་ལོ་རྒྱུས་ཀྱི་གཏེ་བོ་ངོ་མ་དེ་ཡིན་སྲིད། དེང་དུས་སུ་ཤེས་རྟོགས་བྱུང་བའི་གནའ་རྫས་དུ་མ་དང་དེང་རབས་ཚན་རིག་གིས་བདེན་དཔང་བྱས་པ་ལྟར་ན། བོད་ཡུལ་དུ་ལོ་ངོ་ཁྲི་ཡི་ཡར་སྔོན་འགྲོ་བ་མིའི་རིགས་འཚོ་སྡོད་བྱས་ཡོད་པ་གསར་རྙེད་བྱུང་བ་དང་། བཙན་པོ་སྲོང་བཙན་སྒམ་པོའི་ཡར་སྔོན་བོད་ལ་བོན་ཆོས་ཀྱི་དམ་པ་དར་ཡོད། དེ་དུས་བོན་ནི་བོད་ཡུལ་ཀུན་དུ་ཁྱབ་ཅིང་། ཕལ་ཆེར་དེ་དུས་ཀྱི་བོད་ཡུལ་དུ་འཚོ་སྡོད་བྱས་པའི་བོད་མི་ཀུན་ལ་བོན་ཞེས་གྲགས་པར་འདོད། ཁོ་བོས་བྲིས་པའི《བོད་ཅེས་པའི་གོ་དོན་རགས་བརྗོད་པ》ཞེས་པའི་ནང་དུ་བོད་དང་བོན་གཉིས་ནི་རྟེན་ཅིང་བརྟེན་པའི་འབྲེལ་བར་གཞིགས་ཏེ་བོད་ནི་ཐོག་མ་ནས་ཡུལ་གྱི་མིང་དང་བོན་ནི་བོད་ཡུལ་གྱི་གདོད་མའི་ཆོས་ལུགས་ཀྱི་མིང་། དེ་བས་བོད་ཀྱི་ཐོག་མའི་ཆོས་དང་ཤེས་རིག་འགོ་ཁུངས་ཏེ་བོན་ནས་བྱུང་བ་དང་། དེ་དུས་ཀྱི་མི་རིགས་ལ་ཆོས་ལུགས་ཀྱི་དབང་གིས་བོན་པོ་ཞེས་འབོད་ཅིང་། སྤྱིར་བོད་ཀྱི་མི་རིགས་དང་དོན་གཅིག་པར་འདོད་ཅེས་བཀོད་པ་བཞིན། སྲོང་བཙན་སྔོན་ལ་བོད་ཡུལ་དུ་ཆོས་སྲིད་གཉིས་སུ་གཅིག་གྱུར་བཀོལ་རུང་བའི་ཡི་གེ་མེད་པ་ལས་སྤྱིར་ཡི་གེ་མེད་ཞིག་གཏན་མ་ཡིན། སྲོང་བཙན་སྐུ་དུས་སུ་ཐོན་མི་ཨ་ནུས་སྔོན་བོད་ཀྱི་གདོད་མའི་ཡི་གེ་དེར་བཟོ་བཅོས་དང་མཛེས་བཟོ་བྱས་ཏེ་ད་ལྟ་ཡི་གེ་འདི་ཙམ་གྲུབ་པར་འདོད། 
        གཉིས་པ། ས་པཎ་ཀུན་དགའ་རྒྱལ་མཚན་དང་འབྲེལ་བའི་ལོ་རྒྱུས་མདོར་བསྡུར། 
        ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་ནི་སྡེ་སྣོད་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་བརྙེས་ཤིང་མཁས་པའི་སྙན་གྲགས་ས་སྟེང་དུ་ཁྱབ་ལ། མུ་སྟེགས་འཕྲོག་བྱེད་དགའ་བོ་རིགས་པས་ཚར་བཅད་དེ་ནང་བའི་བསྟན་པ་ལ་བཅུག ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་དང་དེའི་སློབ་མ་སཾགྷ་ཤྲི་སོགས་ལས་སྒྲ་ཚད་སོགས་རིག་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད་ཅིང་། ཁོང་གིས་བོད་དུ་བཅུ་ཕྲག་རིག་པའི་གནས་ཆ་ཐམས་ཅད་ནས་དར་བའི་སྲོལ་ཐོག་མར་བཏོད་པས་བོད་གངས་ཅན་གྱི་པཎྜི་ཏའི་མཚན་གྱི་ཐོག་མ་ཆགས། ཁོང་གི་སྐུ་ཚེ་ཧྲིལ་བོར་ནང་དོན་རིག་པ་དང་། ཚད་མ་རིག་པ། སྒྲ་རིག་པ། གསོ་བ་རིག་པ། སྙན་ངག སྡེབ་སྦྱོར། རོལ་མོ་བཅས་རིག་གནས་ཆེ་ཆུང་ཀུན་ལ་ཁྱབ་པའི་བརྩམས་ཆོས་གྲགས་ཅན་མང་དུ་བརྩམས་ཡོད་པའི་ཁར། ནང་བའི་བསྟན་པ་དར་སྤེལ་དང་བོད་ཁམས་བདེ་ལ་བཀོད་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད།

        1.སྤྱི་ཚོགས་ཀྱི་རྒྱབ་ལྗོངས། 
        དུས་སྐབས་འདི་ནི་བོད་སིལ་བུར་ཐོར་ནས་ལོ་ངོ་བཞི་བརྒྱ་ལྷག་གི་རིང་། ནང་ཁུལ་འཁྲུག་རྩོད་ཆེ་ཞིང་ཕྱི་དགྲ་སིམ་འཛུལ་བྱེད་པའི་དུས་ཤིག་ཀྱང་ཡིན། དེ་དུས་ཧོར་ཇིང་གར་རྒྱལ་རྒྱུད་བོད་དུ་ཁྱབ་པ་དང་སོག་དམག་གི་ཚ་ངད་མ་བཟོད་པར་རང་རང་གི་མི་སྣ་བཏང་སྟེ་ཧོར་རྒྱལ་རྒྱུད་ལ་ངོ་ལྟ་དང་རྒྱབ་རྟེན་བཅོལ་རྒྱུའི་བྲེལ་བ་ལངས། དེ་ཡང《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》(西藏简明通史精编本)(ཤོག་ངོས་༩༣)ལས། བོད་ཀྱི་མཐའ་འཁོབ་ཀྱི་རྒྱལ་ཁམས་ན། དགེ་འདུན་ཀྱི་སྡེ་ནི་བཀའ་གདམས་ཆེ། ངོ་བསྲུང་ནི་སྟག་ལུང་ཆོས་རྗེ་མཁས། གཟི་བརྗིད་ནི་འབྲི་གུང་སྤྱན་སྔ་ཆེ། ཆོས་ནི་ས་སྐྱ་པཎཌི་ཏ་མཁས་པར་འདུག་ཅེས་གསུངས་པ་བཞིན། ས་པཎ་བོད་སྤྱི་འབངས་ཀྱི་སྐྱིད་སྡུག་གི་དོན་དུ་དགུང་གྲངས་དྲུག་ཅུ་རེ་ལྔར་སོན་པ་སྤྱི་ལོ་༡༢༤༦ལོར་བོད་མེ་རྟ་ལོའི་ཟླ་བ་བརྒྱད་པར་བྱང་ཕྱོགས་ལིང་ཆུ་ཞེས་པའི་ཡུལ་དུ་ཞབས་སོར་འཁོད། ཕྱི་ལོ་མེ་ལུག་ཟླ་དང་པོའི་ནང་ཧོར་སེ་ཆེན་རྒྱལ་བོ་དང་མཇལ་འཛོམས་བྱུང་། དེ་བས་བོད་ཡུལ་སླར་ཡང་སིལ་བུ་ནས་གཅིག་འདུས་ཀྱིས་ཡོན་རྒྱལ་རབས་ཀྱི་མངའ་འོག་ཏུ་གྱུར། སྐབས་དེར་ ཐོན་མིས་བོད་ཀྱི་ཡི་གེ་ལེགས་སྒྱུར་མཛད་དེ་ལོ་ངོ་དྲུག་བརྒྱ་ལྷག་འགོར་ཡོད་པས། ཅུང་ཟད་འཐུས་ཚང་གི་བརྡ་སྤྲོད་ཀྱི་སྦྱོར་ལུགས་ཤིག་ཆགས་ཡོད་ལ། བོད་ཀྱི་སྤྱི་ཚོགས་སུ་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་མི་ཉུང་བ་བྱུང་ཡོད་པས། བརྡ་སྤྲོད་ཀྱི་གཞུང་ལུགས་ཤིག་གཏན་འབེབས་བྱས་ན་དུས་དང་མཐུན་པར་འདོད། 
        2.རིག་གནས་ཀྱི་རྒྱབ་ལྗོངས།    
        ས་པཎ་གྱིས་བོད་དུ་སྔོན་ལ་མིང་ཙམ་ལས་དངོས་སུ་མ་དར་བའི་རིག་གནས་ཆེ་ཆུང་བཅུའི་སྲོལ་གཏོད་པ་དང་།  《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར》 《མཁས་པ་ལ་འཇུག་པའི་སྒོ》《རོལ་མོའི་བསྟན་བཅོས》《ཚད་མ་རིགས་གཏེར》《ཚིག་གི་གཏེར》 《སྡེབ་སྦྱོར་རིན་ཆེན་རྒྱ་མཚོ》 《སྨྲ་སྒོའི་ས་བཅད》 《དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ》སོགས་དང་དེ་མིན་ས་སྐྱ་གོང་མ་རྣམས་ལྔ་བཅས་དེ་དུས་སུ་མཁས་པའི་གྲགས་པ་འབར་པའི་སྐྱེས་ཆེན་དུ་མ་བྱུང་ཞིང་བོད་ཀྱི་རིག་གནས་ལ་ཡང་མཐོ་རླབས་གསར་བ་ཞིག་འཕྱུར། དེ་དུས་སུ་བོད་ཀྱི་རིག་གནས་འཕེལ་ཕྱོགས་དང་ས་པཎ་གྱི་མཛད་རྗེས་དག་ལ་གཞིགས་ན་ཕལ་ཆེར་བོད་དུ་བརྡ་སྤྲོད་པའི་གཞུང་ལུགས་ངེས་ཅན་ཞིག་ཆགས་བཞིན་པ་ཁོ་ཚོའི་བརྩམས་ཆོས་དག་དང་མཇལ་ན་རྟོགས་ཐོབ། དེ་བས་ས་པཎ་ནི་རིག་གནས་ཆེ་ཆུང་བཅུ་ལ་ཐུགས་མངའ་བ་ཁོང་གིས་བརྩམས་པའི་“ང་བརྒྱད་མ་”ལས། “སྒྲ་པ་ང་ཡིན་རྟོག་གེ་པ་ང་སྨྲ་བ་ངན་འཇོམས་ང་། ། སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་། ། དུས་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་། ། དེ་འདྲ་གང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན།”ཞེས་པ་བཞིན། སྐབས་དེར་བོད་ཀྱི་རིག་གནས་ཕྱོགས་ཀུན་ནས་ཡར་བསྐྱེད་དང་གཅིག་འདུས་ཀྱི་ཕུང་བོ་ཞིག་ཏུ་གྲུབ་བཞིན་པ་རྟོགས། 
        གསུམ། 《སུམ་རྟགས་རྩ་བ》ཐོན་མིས་བརྩམས་པ་མ་ཡིན་པར་ས་པཎ་གྱི་བརྩམས་པར་སྒྲུབ་པ། 
        དང་པོ། ཐོན་མིས་ཡོངས་གྲགས་སུ་ཐོན་མིས་བརྡ་སྤྲོད་པའི་གཞུང་བརྒྱད་བརྩམས་པར་གྲགས་ཀྱང་། ད་ལྟ་སུམ་རྟགས་གཉིས་ལས་གཞན་རྣམས་མཐོང་ཆོས་སུ་མ་གྱུར་བའི་རྒྱུ་མཚན་ཅི། ཅིའི་ཕྱིར་སུམ་རྟགས་གཉིས་མ་ནུབ་པར་གཞན་ཚང་མ་གར་ཡང་མ་མཆིས་པ་རེད། དེ་དུས་ཐོན་མིས་བརྡ་སྤྲོད་ཀྱི་གཞུང་བརྒྱད་བརྩམས་པར་གྲགས་ཀྱང་དེ་དག་ནི་ཕལ་ཆེར་རྒྱ་གར་གྱི་སྐད་དང་མཐུན་པར་བརྩམས་པ་ལས་བོད་ཀྱི་སྤྱི་སྐད་དང་ཕྱོགས་ཡོངས་སུ་མི་མཐུན་འདོད། རྒྱུ་མཚན《ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་དཔྱད་རྩོམ་འདེམས་བསྒྲིགས》(ཤོག་ངོས་༧༣)གྱི་གསང་བདག་གི《བོད་ཡིག་ཐོག་མར་ཐོན་མིས་བཟོས་པ་ཡིན་མིན་གྱི་དཔྱད་པ་》ལས། ཞ་ལུ་ལོ་ཆེན་གྱིས་“ཐོན་མིས་མཛད་པར་གྲགས་པའི་མུན་པའི་སྒྲོན་མེ་ཞེས་པ་ཐོན་མིས་མཛད་སྲིད་ནའང་རྒྱ་གར་གྱི་ཀློག་ཚུལ་ཡིན་གྱི་བོད་ཀྱི་སྐད་ལ་འཇུག་པ་མ་ཡིན་ནོ་”ཞེས་གསུངས་པའི་ཕྱིར། སྤྱིར་ཐོན་མི་བོད་ལ་བཀའ་དྲིན་ཆེ་རུང་སྐབས་དེར་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཤིག་ཆགས་པའི་དུས་རིམ་ལ་ཐུག་མེད། རྒྱུ་མཚན་དེ་དུས་ཐོག་མར་བོད་ཀྱི་གདོད་མིའི་ཡི་གེ་དང་རྒྱ་གར་གྱི་ཡིག་རིགས་སོགས་ཀྱི་ལེགས་ཉེས་ཕྱོགས་བསྡུས་ཀྱིས་བོད་རང་གི་ཡུལ་བབས་ཀྱི་ཁྱད་ཆོས་དང་མཐུན་པར་ད་ལྟའི་བོད་ཡིག་འདི་ལེགས་སྒྱུར་མཛད་པ་ཡིན། གལ་ཏེ་སྐབས་དེར་ཐོན་མིས་བརྡ་སྤྲོད་པའི་གཞུང་བརྒྱད་བརྩམས་ཡོད་པར་འདོད་ན། དེ་ནི་ཚན་རིག་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་རྩ་བ་ནས་མི་མཐུན་པར་འདོད། རྒྱུ་མཚན། ཡི་གེ་དང་བརྡ་སྤྲོད་པའི་གཞུང་གཉིས་ཆ་གཅིག་ཏུ་འབྱུང་མི་སྲིད། དེ་ནི་ཡི་གེ་སྔོན་དང་གཞུང་ལུགས་རྗེས་སུ་འབྱུང་དགོས་པའི་ཕྱིར། 
        གཉིས་པ། དུས་ཀྱི་གནས་བབས་དང་མི་མཐུན་པ། སྤྱིར་སྐད་ཡིག་འཕེལ་རྒྱས་ཀྱི་ཆོས་ཉིད་ལྟར་བཤད་ན། ཐོན་མིས་བོད་ཡིག་གསར་གཏོད་མཛད་པའི་སྔ་ཕྱིར་ཏུ་བརྡ་སྤྲོད་པའི་གཞུང་བརྩམས་པ་ནི་ཆོས་ཉིད་དང་མི་མཐུན་པར་འདོད། སྐད་ཡིག་ཅིག་གི་བརྡ་སྤྲོད་པའི་གཞུང་ལུགས་ཤིག་ཆགས་དགོས་ན། དེ་ནི་ཡི་གེ་ཙམ་ཡོད་པས་མི་ཆོག་པར། དེ་ལ་ད་དུང་ཡི་གེ་དེའི་འཕེལ་རྒྱས་ངེས་ཅན་ཞིག་འོག་སྤྱི་ཚོགས་འཚོ་བ་ཐུན་མོང་གིས་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་མི་རིགས་སྤྱི་མཐུན་གྱི་བརྡ་སྤྲོད་པའི་ཆོས་ཉིད་ངེས་ཅན་ཞིག་གྲུབ་པ་དེ་ནི་བརྡ་སྤྲོད་པའི་གཞུང་ལུགས་ཀྱི་རྩོམས་པའི་སྔོན་འགྲོ་འམ་རྨང་གཞི་ཡིན་པས། ཆ་རྐྱེན་དེ་མ་ཚང་བར་གཞུང་ལུགས་ཤིག་གྲུབ་ཏུ་མེད་པར་འདོད། འདི་ཡང་བོད་ཁོ་ན་མ་ཡིན་པར་འཛམ་གླིང་སྤྱིའི་སྐད་ཡིག་གི་འཕེལ་རྒྱས་ཀྱི་ཆོས་ཉིད་ཅིག་ཡིན་ལ། དེའི་རྐྱེན་གྱི་བོད་ཀྱི་སུམ་རྟགས་གཞུང་སོགས་ཀྱང་དེ་ལས་མ་འདས་སོ། 
        གསུམ་པ། ཡིག་རིགས་གཅིག་ལ་བརྡ་སྤྲོད་པའི་ཕྱི་མོ་གཉིས་རྩ་བ་ནས་ཡོད་མི་སྲིད་པ། དེ་མིན་བཙན་པོའི་རྒྱལ་རབས་དང་བོད་སིལ་བུར་དུས་ཀྱི་བརྡ་སྤྲོད་ཚུལ་རྩ་བ་ནས་ཕྱོགས་ཡོངས་སུ་མཚུངས་པར་གྲུབ་མི་སྲིད། རྒྱུ་མཚན་ནི་བོད་ལ་བརྡ་སྤྲོད་པའི་ཕྱི་མོ་གཅིག་ལས་མེད་དེ། དེ་ནི་དུས་རབས་བཅུ་གཅིག་པ་ནས་བཅུ་གཉིས་པའི་བར་བརྩམས་པའི་ས་པཎ་གྱི《སུམ་རྟགས་རྩ་བ》སྟེ་ཡིན། རྗེས་སུ་ ཐོན་མིས་བརྩམས་པར་གྲགས་པ་དེ་ནི་ ཐོན་མིས་ཆེ་བ་བརྗོད་པའི་ཆེད་དུ་ཕྱིས་འབྱུང་མཁས་པ་གང་ཞིག་གིས་ཁ་སྣོན་གྱི་ཚུལ་དུ་གྲུབ་པར་འདོད། 
        བཞི་བ། སྤྱིར་བརྡ་སྤྲོད་ཟེར་བ་ནི་ལྕགས་ཐར་རྒྱལ་གྱིས་བརྩམས་པའི《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང》(ཤོག་ངོས་༨༩)ལས། “སྐད་ཆའི་སྦྱོར་བ་ལས་གྲུབ་པའི་རིག་གནས་ཀྱི་གོམས་སྲོལ་ལ་བྱ་སྟེ། མི་རིགས་ཤིག་ཐུན་མོང་གི་བསམ་བློའི་འཛིན་སྟངས་དང་རིག་གནས་ཀྱི་བྱས་གྲུབ་ཅི་རིགས་སྐད་ཆའི་སྡེབ་ལ་ཉར་ཞིང་། མི་རྣམས་ཀྱི་གཅིག་མཐུན་གྱི་འགྲོས་སྲོལ་ལྟར་ཚིག་སྦྱོར་སྤེལ་ནས་ཕན་ཚུན་བར་གོ་བརྡ་སྤྲོད་པར་བྱེད་སྟབས། བརྡ་སྤྲོད་ནི་སྐད་ཆའི་ཁྲིམས་སྲོལ་ལྟ་བུར་གྲུབ་ཅིང་། ཀུན་གྱིས་ཁྲིམས་སྲོལ་དེ་ངེས་པར་བརྩི་སྲུང་དགོས་པ་རེད།”ཅེས་གསུངས་པ་བཞིན། གལ་ཏེ་ “སུམ་རྟགས་རྩ་བ” ཐོན་མིས་བརྩམས་པ་ཡིན་ན། དེ་དུའི་རྗེས་སུ་དུས་རབས་བརྒྱད་པ་དང་དགུ་བར་བྲིས་པའི་བོད་བཙན་པའི་དུས་སྐབས་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་། དེ་མིན་ད་ལྟ་གནའ་བོའི་ལོ་རྒྱུས་ལ་ཞིབ་འཇུག་གི་རིན་ཐང་གཞལ་དུ་མེད་པའི་ཏུན་ཧོང་གཏེར་ཡིག་བཅས་ནི་སུམ་ཅུ་བའི་རྩ་བའི་གཞུང་དང་མི་མཐུན་པའི་རྒྱུ་མཚན་ཅི། དེ་ཡང་ད་སྔ་ཤེས་གསལ་ལྟར་ན་བཙན་པོའི་རྒྱལ་རབས་དུས་སྐབས་སུ་རྡོ་རིང་གྱི་ཡི་གེ་ལ། ཁྲི་སྲོང་ལྡེ་བཙན་སྐབས་གྱི་བློན་བྱས་བརྗེ་ལ་ཐོབ་དང་གོ་ས་གནངས་པའི《ཞོལ་རྡོ་རིང》 《བསམ་ཡས་གཙུག་ལག་ཁང་མདུན་གྱི་རྡོ་རིང》 《འཕྱོང་རྒྱས་སྟག་རྩེའི་རྡོ་རིང》 《འཇང་ས་ཐམ་ཡུལ་གྱི་རྡོ་རིང》 《བྲག་ཡེར་པ་དགོན་གྱི་དྲིལ་བུའི་ཁ་བྱང》《བསམ་ཡས་དགེ་རྒྱས་གཙུག་ལག་ཁང་གི་དྲིལ་བུའི་ཁ་བྱང》རྒྱལ་བོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་བཙུགས་པའི《ཞྭ་ལྷ་ཁང་གི་རྡོ་རིང》 《རྒྱལ་སྡེ་དཀར་ཆུང་ལྷ་ཁང་གི་རྡོ་རིང》 《ཁྲི་ལྡེ་སྲོང་བཙན་གྱི་བང་སོའི་མདུན་གྱི་རྡོ་རིང》 《ཁྲ་འབྲུག་དགོན་པའི་དྲིལ་བུའི་ཁ་བྱང》 《སྐྱེ་རྒུ་མདོའི་བྲག་བརྐོས་ཡི་གེ》《ལྡན་མ་བྲག་གི་བྲག་བརྐོས་ཡི་གེ》རྒྱལ་བོ་ཁྲི་རལ་བ་ཅན་གྱི་སྐུ་དུས་སུ་བཙུགས་པའི《བོན་ཞང་རྡོ་རིང་ངམ་ཁྲང་ཆིན་མཐུན་འབྲེལ་རྡོ་རིང》 《སྟོད་ལུང་མཚུར་ཕུ་དགོན་པའི་རྡོ་རིང》 《ཀོང་པོ་དེ་མོའི་བྲག་བརྐོས་ཡི་གེ》 《ཞྭ་ལྷ་ཁང་གི་རྡོ་བརྐོས་ཡི་གེ》 《བོད་ལྗོངས་ཆབ་མདོ་བྲག་གཡབ་རྫོང་གི་ལྡན་མའི་བཀའ་གཙིགས་བྲག་བརྐོས་མ》 《ཡུལ་ཤུལ་ཁུལ་གྱི་བོད་བཙན་པོའི་སྐབས་ཀྱི་རྟེན་ཡིག་བྲག་བརྐོས་མ་འགའ》 《སྤུ་ཧྲེང་དུ་སྤྱན་རས་གཟིགས་ཀྱི་སྐུ་གཟུགས་བཞེངས་ཚུལ་གྱི་རྡོ་རིང》སོགས་ཡོད་ལ། དེ་ལས་ཡི་གེ་སྣང་བའི་རྡོ་རིང་དག་ལས་ཚང་མ་ནི་གནའ་བོའི་དུས་བརྡ་རྙིང་གི་ཤུགས་མ་ཐེབས་པ་གཅིག་ཀྱང་མེད་ལ། དེ་དག་ཏུ་གི་གུ་ཕྱིར་ལོག་ཅན་དང་། མིང་གཞི་ཕོ་ཡིག་དོད་དུ་མ་ནིང་ཡི་གེ་བྲིས་པ། རྗེས་འཇུག་ད་ན་ངེས་གཏན་མེད་པར་འབྲི་བ། ན་ར་ལ་གསུམ་རྗེས་སུ་ད་དྲག་སྦྱར་བ། སྔོན་མགོ་འདོགས་མི་ཐོབ་པའི་མིང་གཞི་རྐྱང་བ་ལ་མཐའ་རྟེན་འ་ཡིག་སྦྱར་བ། མིང་གཞི་ཙ་ལ་ས་མགོ་སྦྱར་བ། རྀ་ལྀ་གཉིས་དབྱངས་ཀྱི་གྲས་སུ་འཇོག་པ། སོགས《སུམ་ཅུ་བའི་རྩ་བ》དང་སྦྱོར་ཚུལ་མི་མཐུན་པ་དུ་མ་ཡོད་པའི་ཕྱིར། ཐོན་མིས་བརྩམས་པ་མིན་པར་འདོད། དཔེར་ན། སྲོང་བཙན་ནས་ལོ་བརྒྱའི་རྗེས་སུ་བཙན་པོ་ཁྲི་དྲོང་ལྡེ་བཙན་ཀྱི་སྐུ་དུས་སུ་བཞེངས་པའི《ཞོལ་རྡོ་རིང》ལས། ཐིག་ཕྲེང(༩)བར། ཕྱྀ་ནང་གཉྀས་གྱི་ཞེས་དང་། ཞོལ་རྡོ་རིང་ལྷོ་ངོས་ཀྱི་ཐིག་ཕྲེང(༣༥)བར་རྒྱལ་སྲྀད་གྱི་ཉམ་ཞེས་དང་། ཐིག་ཕྲེང(༣༨)པར་བཀའ་བསྩལད་གྱིས་ཀྱང་། ཞེས་དང་། ཐིག་ཕྲེང(༥༣)པར་གྲོས་གྱྀ་རྒྱ་ཆེ་བས། ལྷོ་ངོས་ཀྱི་ཐིག་ཕྲེང(༡-༢)བར་ན། བཙན་ཕོ་ཁྲི་ལྡེ་གཙུག་རྩན་གྱྀ་རིང་ལའ། ཞེས་དང་། ཐིག་ཕྲེང(༩)པར་གཙུག་རྩན་གྱི་སྐུ་ལ་དརད་ཏེ། ཞེས་སོགས་ནི་སྤྱིར་སྲོང་བཙན་དུས《སུམ་ཅུ་བའི་རྩ་བར》རྗེས་འཇུག་ཡི་གེ་བཅུ་བོ་ནི།། ཨི་དང་མཐུན་ལུགས་འདི་ཞེས་བྱ།། དང་པོ་གཉིས་ལ་དང་པོ་མཐུན།། གསུམ་ལྔ་བཅུ་ལ་ཀྱ་སྦྱར་བ།། བདུན་པ་ཉིད་ལ་བདུན་པ་སྟེ།། ལྷག་མ་རྣམ་ལ་གྱ་སྦྱར་བ།། ཞེས་ལྟར་ན་གཞུང་འདིའི་སྦྱོར་ཚུལ་དང་མཐུན་དགོས་མོད། འོན་ཀྱང་སྐབས་རེར་གང་འདོད་དུ་སྦྱར་ཡོད་པ་ཅི་ཡིན། 
        ལྔ་བ། ས་པཎ་གྱིས《སུམ་རྟགས་རྩ་བའི》རྗེས་སུ“ཐོན་མི་ཨ་ནུས་མཛད་པ”ཞེས་པར་ཡང་སྐབས་དེའི་སྤྱི་ཚོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་བོད་མིའི་གཤིས་ལུགས། རིག་གནས་ཀྱི་དགོས་མཁོ་བཅས་ལ་དམིགས་ཏེ་བཀོད་པ་ཡིན་ལ། ད་དུང་དེ་ནི་བོད་ཀྱི་མི་རིགས་སྤྱིའི་ཀུན་སྤྱོད་དང་འབྲེལ་བ་ཡོད་པར་འདོད། རྒྱུ་མཚན་ནི། བོད་མིའི་སྤྱོད་པ་ནི་བཙན་པོ་སྲོང་བཙན་སྒམ་པོ《ཕྱི་བློན་རྣམས་ལ་གདམས་པ》ཞེས་པའི་ནང་དུ“གཞོན་པ་ཤར་རྣམས་ནི་ངོ་མི་རྟག་ལ་འགྱུར་ལྡོག་ཆེ། ། བུད་མེད་རྣམས་ནི་བོང་མི་སྲིན་ལ་དབང་ཆེ། ། བྱིས་པ་རྣམས་ནི་ཤེས་བཞིན་རགས་ལ་ཅོལ་ཆུང་། །”དང་“སིལ་བུ་སིལ་བུར་སོང་ནས། ། ནང་འཁྲུག་དང་རྨེ་འཁྲུག་བྱེད། ། ཕ་སྤུན་ནང་མི་འཆམ། ། སོ་ཁ་ཕྱི་སྒོ་ལ་གཏོད། ། གོང་ལ་ཚེར་མས་བསྐོར། ། མཐོན་པོ་རྒྱོགས་ཀྱིས་འབེབས། ། ཆེ་རིགས་དུག་གིས་གསོད། ། དྲག་རིགས་མས་མཚོན་གྱིས་གསོད། ། ཤར་ར་མདའ་སྟན་བྱེད། ། དཔའ་བོ་རྡོ་སྟན་བྱེད། །”ཅེས་པ་བཞིན། ཁྱད་པར་བོད་སིལ་བུའི་དུས་སྐབས་སུ་“ས་ཆ་རེ་ལ་ལུང་པ་རེ། ། ལུང་པ་རེ་ལ་ཆུ་འགོ་རེ། །”ཟེར་བའི་དཔེ་ལྟར་གཅིག་གྱུར་ཀྱི་འགོ་འཛིན་མེད་པར་རང་རང་ས་ནས་ཚོ་ཕྲན་དང་འགོ་དཔོན་བགྱིས་ཏེ་ཁ་ཐོར་དགུ་ཐོར་གྱིས་དུས་ཤིག་ཡིན་པས། ས་པཎ་ཆོས་ལ་མཁས་ཀྱང་ཀུན་གྱིས་སྣང་ངོར་མི་འཇོག་པའི་ཕྱིར་སུམ་རྟགས་ཀྱི་རྩ་བ་“ཐོན་མི་ཨ་ནུས་མཛད་པའོ། །” ཞེས་བཀོད་ན་ལས་བྱ་ཀུན་ལ་ཕན་པ་རྒྱ་ཆེར་བདོག་པས་ཏེ་ལྟར་མཛད་པར་འདོད།
        དྲུག་པ། གལ་ཏེ་སྲོང་བཙན་དུས་བརྡ་སྤྲོད་པའི་ཕྱི་མོ་བརྩམས་པ་ཡིན་ན། རྗེས་སུ་ས་པཎ་གྱིས་ཅིའི་ཕྱིར་ཐོན་མིས《སུམ་རྟགས་རྩ་བའི》བརྩམས་ཆོས་ཇི་བཞིན་འདྲ་བཤུས་བྱེད་དགོས་པ་རེད། ད་དུང་ “ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་”ཞེས་འབྲི་དགོས་པ་རེད། གལ་ཏེ་ ཐོན་མིས་མ་ཡིག་བཞིན་འདྲ་བཤུས་བྱེད་དགོས་ན་དེ་དུས་ས་པཎ་ལས་གཞན་གང་ཟག་དུ་མ་ཞིག་གིས་ཀྱང་དཔར་ཐུབ་པའི་ཕྱིར། དེ་འདྲ་ཡིན་ན་བཙན་པོའི་རྒྱལ་རབས་ནས་ལོ་ཆེན་རིན་ཆེན་བཟང་པོའི་བར་བཀས་བཅད་ལན་གསུམ་བྱེད་པའི་དགོས་པའང་གལ་ཆེར་མེད་པར་འདོད། སྲོང་བཙན་ནས་ལོ་ཆེན་རིན་བཟང་གི་སྐབས་བར་ལོ་ངོ་བརྒྱ་དང་ལྔ་བཅུ་ལྷག་གི་རིང་བཀས་བཅད་ཐེངས་གསུམ་བྱུང་ཞིང་། དེའི་སྐབས་དེ་དག་ཏུ་བརྡ་རྙིང་དེ་འདྲ་མང་པོ་གཏན་ནས་འབྱུང་མི་སྲིད། གལ་ཏེ་ལོ་ངོ་བརྒྱ་དང་ལྔ་བཅུ་ལྷག་ལ་བརྡ་རྙིང་དེ་ལྟར་བྱུང་བའི་དབང་དུ་བཏང་ན། ད་ལྟའི་བར་བོད་ལ་ཡི་གེ་བྱུང་སྟེ་ལོ་ངོ་ཆིག་སྟོང་ལྔ་བརྒྱ་ཙམ་འགོར་ཡོད་པས། ཕལ་ཆེར་བཀས་བཅད་ཐེངས་བཅུ་ལྷག་བྱ་དགོས། འོན་ཀྱང་དོན་དངོས་སུ་བོད་ལ་ད་ལྟའི་བར་བཀས་བཅད་ཐེངས་གསུམ་ལས་མེད་པས། ད་ལྟ་ཕལ་ཆེར་བརྡ་རྙིང་གིས་ཁེངས་ཤིང་ཕན་ཚུན་གོ་བརྡ་སྤྲོད་པར་ཡང་དཀའ་བའི་ཚོད་དུ་གནས་པར་བསམ། གཙོ་ཆེར་ངེས་དགོས་པ་ནི་དེ་ལས་ལྡོག་སྟེ་ད་ལྟའི་བར་མ་ཉམས་པར་འཕེལ་རྒྱས་འབྱུང་བཞིན་པ་འདི་ལགས། 
        བཞི། 《སུམ་རྟགས་ཀྱི་རྩ་བ》 ཐོན་མིས་བརྩམས་པ་ཡིན་ཞེས་པའི་དགེ་སྐྱོན་གླེང་བ། 
        དང་པོ། དགེ་བའི་ཆ་ནས། 1.《སུམ་ཅུ་བའི་རྩ་བའི》མཇུག་ཏུ། “རྗེས་འཇུག་བཅུ་ཡི་དོན་ཤེས་ན། ། འབྲི་དང་ཀློག་དང་བཤད་རྣམས་ཀྱི། ། མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། ། འབྲེལ་པར་སྨྲ་བའི་མཆོག་ཏུ་འགྱུར། ། གཞན་ཡང་རྗེས་འཇུག་ཤེས་པ་ཡིས། ། དོན་གྱི་སྦྱོར་བ་མ་མཐོང་ཡང་། ། དོན་དང་མཐུན་པའི་སྦྱོར་བ་ཤེས། ། རྗེས་འཇུག་སྦྱོར་བ་མཁས་པ་ན། ། ལུང་གི་དོན་དང་སྦྱོར་བ་དང་། ། བླ་མའི་མན་ངག་གསུམ་སྦྱར་ནས། ། དོན་གྱི་ཐོག་ཏུ་དབབ་པར་བྱ། །” 2.《རྟགས་འཇུག་གི་རྩ་བའི》མཇུག་ཏུ། “ཇི་ལྟར་འཇིག་རྟེན་སེམས་ཅན་རྣམས། ། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། ། གྲུབ་མཐའ་གཞན་ཡང་ཡོད་ན་ཡང་། ། རང་ཉིད་ཀྱིས་ནི་མི་ཤེས་བཞིན། ། དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས། ། སྨྲ་བ་ཀུན་ལ་གནས་གྱུར་ཀྱང་། ། རང་ཚུལ་དེ་ཉིད་མི་ཤེས་པས། ། དོན་ལ་སྦྱོར་བ་ག་ལ་ཤེས། ། དེ་ཕྱིར་སྨྲ་བའི་དབང་ཕྱུག་གི ། རྗེས་སྨྲས་འདི་ཀུན་རྟོགས་གྱུར་ཅིག །” 3.སྐབས་དེར་བོད་ཀྱི་རིག་གནས་གོང་སྤེལ་དང་མི་རིགས་གཅིག་གྱུར་གྱི་ཐད་ནས་མཛད་རྗེས་རླབས་ཆེན་བཞག་པ། སྐད་ཡིག་གཅིག་གྱུར་ལ་ཐོག་མའི་ཆ་རྐྱེན་སྐྲུན་པ། 4.མི་རིགས་གཅིག་གྱུར་གྱི་རྨང་གཞི་ནི་སྐད་དང་ཡི་གེ་ཡིན་ལ། སྐད་ཡི་གེ་ནི་མི་རིགས་ཀྱི་སྲོག་རྩ་དང་མི་རིགས་ཀྱི་མཚོན་བྱེད་རང་བཞིན་ལྡན་པ་ཞིག་ཡིན། བརྡ་སྤྲོད་ཀྱི་གཞུང་ལུགས་ནི་སྐད་ཡིག་གི་སྤྱི་འགྲོས་ཀྱི་མ་ལག་དང་། རིག་གནས་ཀྱི་སྒྲིག་གཞིའི་མ་ལག་དེ་ཡིན། བརྡ་སྤྲོད་ཀྱི་གཞུང་ལུགས་ནི་ཐུན་མོང་གིས་བརྩི་སྲུང་བྱེད་པའི་སྐད་ཡིག་གི་བཅའ་ཁྲིམས་དེ་ཡིན། 5.ཐོན་མིས་བརྩམས་པར་བྱས་ན་ཀུན་གྱིས་བརྩི་མཐོང་དང་ཡི་རང་བྱེད་ངེས། 
གཉིས་པ། སྐྱོན་གྱི་ཆ་ནས། 1.《སུམ་ཅུ་བའི་རྩ་བ》རུ། “སྔོན་འཇུག་ཡོད་དམ་མེད་ཀྱང་རུང་། ། མིང་གཞིའི་ཡི་གེ་གང་ཡིན་ལ། ། ཉིས་འབྲེལ་ཡོད་དམ་སུམ་འབྲེལ་ཡོད། ། ཨཱ་ལི་བཞི་ལས་གང་ལྡན་ཡང་། ། རྗེས་འཇུག་བཅུ་པོ་མ་ཞུགས་ན། ། མིང་གཞན་སྦྱོར་བ་ཡོད་མི་སྲིད། །”2.《རྟགས་ཀྱི་འཇུག་པའི་རྩ་བ》ལས། “མོ་ཡི་ཡི་གེ་མེད་པ་ན། ། ཕོ་ཡིག་བརྗོད་པ་མེད་པར་འགྱུར། ། ཕོ་ཡིག་དེ་དག་རྣམས་ལ་ཡང་། འཇུག་པར་བཅས་པ་མེད་ན་ནི། ། མིང་དང་ཚིག་ཀྱང་གསལ་མི་ནུས། ། མིང་ཚིག་གསལ་བ་མེད་ན་ནི། ། དོན་རྣམས་བརྗོད་པར་མི་འགྱུར་རོ། ། དེ་ལྟར་གྱུར་ན་འཇིག་རྟེན་དུ། ། དོན་མཚོན་བརྗོད་པ་ཀུན་ཀྱང་མེད། ། རིག་བྱེད་སྨྲ་བ་ཡོད་མི་འགྱུར། ། ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། ། བསླབ་པ་རྣམས་ཀྱང་མེད་པར་འགྱུར། །” 3.དོན་དངོས་ཀྱི་ལོ་རྒྱུུས་རྩ་དོན་དང་འགལ་བ། རྩོམ་པ་པོའི་བརྩམས་ཆོས་ཀྱི་བདག་དབང་བརྩི་འཇོག་མ་བྱས་པས། རྩོམ་པ་པོའི་ཁེ་དབང་ལ་གནོད་པ། 4.སྤྱིར་ཡི་གེ་ནི་སྔོན་དང་རྗེས་ནས་གཞུང་ལུགས་བྱུང་དགོས་པས། སྐད་ཡིག་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མི་མཐུན་པ། 
        ལྔ། མཇུག་བསྡུ་བའི་གཏམ། 
        དེ་ཡང་ཡོངས་གྲགས་ཀྱི་ལུགས་སུ་ཐོན་མི་སམ་བྷོ་ཊས་ཡི་གེ་གསར་དུ་བཏོད་པ་དང་བརྡ་སྤྲོད་གཞུང་ལུགས་གཏན་འབེབས་མཛད་ཅེས་གྲགས་ཤིང་། འོན་ཀྱང་། དོན་དངོས་ནི་ལོ་རྒྱུས་ཀྱི་བདེན་དཔང་དང་བཙན་པོའི་བཀའ་ཡིས་བཏབ་པའི་རྡོ་རིང་བཞིན། སུ་ཞིག་གིས་བསུབས་ཏུ་མེད་ཅིང་སུབ་པར་ཡང་དཀའ། དེ་བས། ས་པཎ་གྱིས་མཛད་པའི《སུམ་རྟགས་ཀྱི་རྩ་བ》དེ་ཡང་“ཐོན་མི་ཨ་ནུས་མཛད་”ཅེས་སྐབས་ཤིག་ལ་གཡོལ་བར་གྱུར་ཡང་རུང་། སྐབས་དེར་ ཐོན་མིས་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད་ཅེས་པའང་ཐོན་མིས་ཆེ་བ་བརྗོད་པའི་ཆེད་དང་ཁོ་ཚོའི་རྫུན་རྐུབ་མི་ལྷུང་ཆེད་དུ་བཏགས་པ་ཡིན་པར་བསམ། གལ་ཏེ། ཐོན་མིས་དེ་དག་མཛད་པར་ལགས་ན། ཅིའི་ཕྱིར་ས་པཎ་གྱིས་བརྩམས་པའི《སུམ་རྟགས་རྩ་བ》ལས་གཞན་ཐམས་ཅད་གང་ཡང་མ་རྙེད་པ་རེད། ལུང་དང་རིགས་པ་གང་གི་ཆ་ནས་ཀྱང་སྒྲུབ་པར་དཀའ། འོན་ཀྱང་སྐབས་དེར་ཡང་སྤྱི་ཚོགས་དང་མི་རིགས་ཀྱི་དགོས་མཁོ་གར་ཡང་མ་མཆིས་པ་ཞིག་ཀྱང་མ་ཡིན་འདོད། རྒྱུ་མཚན་སྐབས་དེ་ནི་བོད་སིལ་བུར་ཐོར་བའི་དུས་སྐབས་ཡིན་པས། ཀུན་ལ་སྤྱི་མཐུན་ཀྱི་ཁྲིགས་སྲོལ་དང་སྤྱི་ཚོགས་ཀྱི་སྒྲིག་སྲོལ། སྤྱི་མཐུན་གྱི་བརྡ་སྤྲོད་པའི་གཞུང་ལུགས་ཆ་ཚང་ཞིག་ཡེ་ནས་མ་བྱུང་བར་ཁ་ཐོར་དུ་གྱུར་བའི་སྐབས་བབ་འདི་འདྲ་ཞིག་གི་དབང་གིས། ཐོན་མིས་བརྩམས་པ་ཡིན་ཞེས་ན་སྤྱི་ལ་ཕན་པའི་དགེ་བ་ཆེར་དམིགས་པ་ཡིན་པར་འདོད།  
        དཔྱད་གཞིའི་ཡིག་ཆ། 
༡.ས་པཎ་ཀུན་དགའ་རྒྱལ་མཚན་སོགས་ཀྱིས་མཛད་པའི《དཔལ་ལྡན་ས་སྐྱ་པའི་གསུང་རབ》(པོད་གཉིས་པ)མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 
༢.དཔའ་བོ་གཙུག་ལག་ཕྲེང་བའི《ཆོས་འབྱུང་མཁས་པའི་དགའ་སྟོན》མི་རིགས་དཔེ་སྐྲུན་ཁང་གིས༡༩༨༦ལོའི་ཟླ་༦པར་པར་དུ་བསྐྲུན། (ཤོག་ངོས་༡༨༤ན་གསལ།) 
༣.ཆབ་སྤེལ་ཚེ་བརྟེན་ཕུན་ཚོགས་སོགས་ཀྱི་རྩོམ་སྒྲིག་བྱས།《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》(西藏简明通史精编本)「M」བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། (ཤོག་ངོས་༩༣)
༤.རྒྱལ་མོ་འབྲུག་པས་བརྩམས་པའི《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》(藏族简史)「M」མི་རིགས་དཔེ་སྐྲུན་ཁང་། (ཤོག་ངོས་༨༢)
༥.《ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་དཔྱད་རྩོམ་འདེམས་བསྒྲིགས》「M」གྱི་གསང་བདག་གི《བོད་ཡིག་ཐོག་མར་ཐོན་མིས་བཟོས་པ་ཡིན་མིན་གྱི་དཔྱད་པ》「J」ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། (ཤོག་ངོས་༧༣)
༦.ལྕགས་ཐར་རྒྱལ་གྱིས་བརྩམས་པའི《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང》「M」མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།(ཤོག་ངོས་༨༩)
༧.ཐོན་མི་སམ་བྷོ་ཊ་དང་དངུལ་ཆུ་ཡབ་སྲས་ཀྱིས་བརྩམས།《སུམ་རྟགས་ཀྱི་རྩ་བ་དང་དེའི་འགྲེལ་བ་སི་ཏུའི་ཞལ་ལུང》「M」མི་རིགས་དཔེ་སྐྲུན་ཁང་།  
༨ .《ཀྲུང་གོའི་བོད་རིག་པ》ལོ་འཁོར་ཉི་ཤུའི་དཔྱད་རྩོམ་བདམས་བསྒྲིགས་ལས། སྟོབས་རྒྱལ་གྱི《སུམ་རྟགས་ཀྱི་ཕྱི་མོ་འདི་ཉིད་དུས་རབས་བདུན་པའི་ནང་གི་བརྩམས་ཆོས་ཡིན་མིན་སྐོར་གྱི་ཐོག་མའི་དཔྱད་པ》「J」(ཤོག་ངོས་༤༨༤)
༩ .ཚེ་ཏན་ཞབས་དྲུང་གིས་བརྩམས་པའི《 ཐོན་མིས་ཞལ་ལུང》「M」ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1