གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

ཐུབ་བསྟན་དགེ་ལེགས། རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༢༧ཉིན།

༄༅།། བརྩི་མཐོང་སློབ་གསོའི་དགོས་གལ་རང་བཞིན་དང་དེའི་ལག་ལེན་ཁྲོད་ཀྱི་སློབ་གསོའི་རྩ་དོན་ཞིབ་འཇུག


ཐུབ་བསྟན་དགེ་ལེགས།



[གནད་བཏུས] དཔྱད་རྩོམ་འདིར་བརྩི་མཐོང་སློབ་གསོ་ལག་ལེན་བྱེད་པའི་དགོས་གལ་གླེང་སྟེ། ལུས་སེམས་གཉིས་ད་དུང་འཚར་ལོངས་འབྱུང་བཞིན་པའི་དུས་རིམ་ཐོག་མའི་སྐབས་ཡིན་པའི་སློབ་ཆུང་སློབ་མ་བདེ་ཐང་དང་། འཚར་ལོངས་འབྱུང་བར་དགེ་རྒན་གྱིས་བརྩི་མཐོང་སློབ་གསོའི་ཐབས་ལམ་བཀོལ་ནས་སྐྱེད་སྲིང་བྱ་རྒྱུ་དང་། སློབ་མའི་བསམ་བློ་དཀར་ཞིང་གཙང་བ་དང་ཀུན་སྤྱོད་ཚུལ་དང་མཐུན་པ་ཞིག་ཡོང་དགོས་པ་དེ། གཙོ་བོ་དགེ་རྒན་གྱིས་བརྩི་མཐོང་གི་སྒོ་ནས་འཚོལ་ཞིབ་དང་སྐུལ་སློང་བྱེད་དགོས་པར་རག་ལས་ཚུལ་གླེང་ཡོད།
[གནད་ཚིག] བརྩི་མཐོང་སློབ་གསོ། མི་མངོན་པའི་ནུས་པ། བྱིས་པའི་ལུས་སེམས།

གླེང་གཞི།
        ལར་སློབ་གསོའི་བཅོས་སྒྱུར་སྐུལ་འདེད་བྱས་པའི་འོག་རང་རྒྱལ་གྱིས་སྤུས་ཚད་སློབ་གསོ་ལ་སྔར་བས་ཀྱང་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། སློབ་གསོའི་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས་སློབ་མར་བརྩི་མཐོང་སློབ་གསོ་སྤེལ་རྒྱུ་དེ་ཡང་། སློབ་ཆུང་གི་དུས་རིམ་དུ་དོ་སྣང་བྱེད་དགོས་པའི་སློབ་གསོའི་གནད་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་བས་བརྩི་མཐོང་སློབ་གསོ་ནི་མིག་སྔའི་སློབ་གསོའི་འཕེལ་རྒྱས་ཀྱི་གནས་བབ་འོག་སློབ་མའི་ཕྱོགས་བསྡུས་ཀྱི་སྤུས་ཚད་དང་། རང་གཤིས་ཀྱི་འཕེལ་རྒྱས་ཐད་ལ་བཏོན་པའི་མི་གཤིས་ཅན་དུ་བསྒྱུར་བའི་སློབ་གསོའི་བྱེད་ཐབས་ཤིག་ལ་ངོས་བཟུང་ཡོད་དེ། དེང་རབས་སློབ་གསོས་མི་ཉིད་གཞི་རྩར་བཟུང་ནས་སློབ་མའི་སྒེར་པའི་མི་གཤིས་ཀྱི་སྤུས་ཚད་དང་། སེམས་ཁམས་བདེ་ཐང་ངང་འཚར་ལོངས་འབྱུང་དགོས་པ་གཙིགས་ཆེར་བཟུང་ཡོད་པ་འདི། སློབ་གསོའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་མཐུན་ཞིང་དུས་སྐབས་གསར་པའི་སློབ་གསོའི་ཁོར་ཡུག་ལ་ཤིན་ཏུ་འཕྲོད་པ་ཞིག་ཀྱང་རེད། འདིར་གཙོ་བོ་དགེ་རྒན་གྱིས་བརྩི་མཐོང་སློབ་གསོའི་བྱེད་ཐབས་བཀོལ་ནས་བྱིས་པའི་མི་མངོན་པའི་ནུས་པ་ཉིད་འཚོལ་ཞིབ་བྱས་ཏེ། ནུས་པ་དེ་འདོན་སྤེལ་གང་ལེགས་བྱེད་པར་སྐུལ་སློང་བྱེད་དགོས་སྟབས། ལུས་སེམས་གཉིས་ད་དུང་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྐབས་ཏག་ཏག་ཡིན་པའི་སློབ་ཆུང་སློབ་མར་མཚོན་ན། བརྩི་མཐོང་སློབ་གསོའི་དགོས་གལ་དམིགས་སུ་བཟུང་ནས་སློབ་མའི་བསམ་བློ་དང་ཀུན་སྤྱོད་བཟང་པོ་སྐྱེད་སྲིང་བྱ་རྒྱུ་ནི་དེ་བས་གལ་ཆེའོ། ། དེ་ཡང་ཨ་རིའི་ཧ་ཝེར་ཊི་སློབ་གྲྭ་ཆེན་མོའི་སེམས་ཁམས་རིག་པ་སྨྲ་བ་ཝེ་ལམ་ལྗེམ་སུ་ཡིས་བསྟན་དོན།“མི་གཤིས་ཀྱི་རྩ་དོན་ཟབ་མོ་ཆེ་ཤོས་ནི། མི་གཞན་གྱིས་རང་ཉིད་ལ་སྔར་ལས་བརྩི་མཐོང་བྱེད་པའི་རེ་བ་བྱ་རྒྱུ་དེ་ཡིན”ཞེས་གསུངས་པ་བཞིན། ཁ་གསལ་སྒོས་བཤད་ན། བརྩི་མཐོང་ནི་མི་ཞིག་གི་ཚེ་སྲོག་འཚར་ལོངས་བྱུང་བའི་ཆོས་ཉིད་ལས་བྱུང་ཞིང་། སློབ་གསོ་གཏོང་མཁན་གྱིས་བྱིས་པར་བཅངས་པའི་བརྩེ་སེམས་ལས་ཐོན་པའི་ལྷན་སྐྱེས་ཀྱི་ནུས་པ་ཞིག་ཏུ་ཆགས་ཡོད། དེའི་ཕྱིར་ཉིན་རྒྱུན་གྱི་སློབ་གསོའི་ལག་ལེན་ཁྲོད་དགེ་རྒན་གྱིས་སློབ་མའི་སྦྱངས་འབྲས་གང་རུང་ལ་བློ་ཡིད་ཚིམ་པའི་བསྟོད་བསྔགས་བྱེད་པ་ལ་བརྟེན་ནས། སློབ་མར་ལྟ་ཞིབ་དང་ཐུགས་ཁུར་གང་ལེགས་བྱས་ཏེ། སློབ་མའི་མ་བསྐུལ་དང་བླངས་ཀྱི་རང་བཞིན་དང་། ཧུར་བརྩོན་གྱི་སེམས་ཤུགས་ལ་སྐུལ་སློང་བྱས་ནས་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

གཅིག བརྩི་མཐོང་སློབ་གསོའི་གོ་དོན་ལས་འཕྲོས་པའི་བསམ་གཞིག
        བརྩི་མཐོང་སློབ་གསོ(appreciative education.赏识教育)ཟེར་བ་ནི། ཉེ་བའི་ལོ་འགའི་སྔོན་དར་བའི་སློབ་གསོའི་འདུ་ཤེས་དང་སློབ་གསོའི་རྣམ་པ་གསར་པ་གསར་རྐྱང་ཞིག་སྟེ། སྔོན་ཆད་ཀྱི་སྐྱོན་བརྗོད་སློབ་གསོ(Education,critical education.批评教育)ཟེར་བ་དང་རྦད་དེ་མི་འདྲ་བར་སྣང་ཚུལ་དེ་ལས་ལྡོག་པ་ཞིག་གོ ། སྲོལ་རྒྱུན་སློབ་གསོའི་ངོས་ནས་བཤད་ན། སྐྱོན་བརྗོད་དང་ཉེས་ཆད་ནི་སློབ་གསོའི་ལས་འགུལ་ཁྲོད་ཅུང་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཏུ་ཆགས་ཡོད་ཅིང་། ལྷག་པར་དུ་སྦྱངས་འབྲས་དམན་པའི་སློབ་མར་མཚོན་ན། ཉེ་ལོགས་ཀྱི་དགེ་སློབ་སུ་དང་གང་ལས་ཀྱང་གཟེངས་བསྟོད་དང་བསྔགས་བརྗོད་ཐོབ་པ་ཉུང་ཞིང་དེ་ལས་ལྡོག་སྟེ་སྐྱོན་བརྗོད་དང་ཉེས་ཆད་ཕོག་པ་ཅུང་མང་།
ཡིན་ནའང་། སློབ་ཆུང་སློབ་མ་ནི་ལུས་སེམས་གཉིས་ཏག་ཏག་འཚར་ལོངས་འབྱུང་བཞིན་པའི་དུས་རིམ་ཐོག་མའི་སྐབས་ཡིན་གཤིས། སྐབས་འདིར་སློབ་མ་ལ་སྐྱོན་བརྗོད་དང་ཉེས་ཆད་ཅི་རིགས་བྱུང་བ་ཐལ་དྲགས་ན། སློབ་མའི་ན་ཕྲ་ཞིང་སྨིན་མེད་པའི་དག་གཙང་གི་སེམས་རྒྱུད་ལ་གནོད་སྐྱོན་བཟོ་སླ་ཞིང་། སློབ་མའི་ཤེས་ཡོན་སྦྱངས་པའི་འདུན་པ་ཡང་རྨང་ནས་བརླག་པར་བྱེད་པའི་གནད་དོན་འབྱུང་ངེས། ཉེ་བའི་ལོ་འདི་འགར་སློབ་གསོའི་ལས་རིགས་རྒྱུན་ཆད་མེད་པར་དབྱར་གྱི་ཆུ་གཏེར་རྒྱས་པ་བཞིན་འཕེལ་རྒྱས་བྱུང་བའི་རྒྱབ་ལྗོངས་འོག དགེ་རྒན་མང་པོ་ཞིག་གིས་སྔར་ལས་གནད་འདི་གསལ་པོར་ངོས་ཟིན་ཏེ་འདི་ལ་དོ་སྣང་བྱེད་ཀྱིན་ཡོད། རྒྱུ་རྐྱེན་དེ་ལ་བརྟེན་ནས་རིམ་གྱིས“བརྩི་མཐོང་སློབ་གསོ”ཟེར་བའི་འདུ་ཤེས་གསར་པ་འདི་བྱུང་ཞིང་། འདི་ལྟ་བུའི་སློབ་གསོའི་འདུ་ཤེས་ཀྱི་ནང་གནས་ཀྱི་གོ་དོན་གཙོ་བོ་ནི་སློབ་གསོའི་བརྒྱུད་རིམ་ཁྲོད་སློབ་མར་ཅི་ནུས་ཀྱིས་འོས་འཚམ་གྱི་གཟེངས་བསྟོད་དང་སྐུལ་ལྕག་བྱས་ཏེ། སློབ་མའི་རང་སྟེང་གི་བཟང་ཆ་དང་ཡོན་ཏན་རོལ་མྱོང་བྱེད་ཤེས་པ་དང་། དེ་འཚོལ་ཞིབ་དང་སྔོག་འདོན་བྱེད་མཁས་པར་བྱས་ཏེ་སློབ་མར་བསླབ་ལ་འབད་འབུངས་བྱེད་པའི་རང་རྟོན་གྱི་བསམ་པ་སྐུལ་འདེད་བྱེད་པར་གོ མདོར་དྲིལ་ན། བརྩི་མཐོང་སློབ་གསོ་ནི་ལེགས་པའི་ཆ་ཁོ་ནའི་ངོས་ནས་སློབ་མར་ལྟ་སྟངས་འཛིན་པ་དེ་ཙམ་མ་ཡིན་པར་ལེགས་དམན་གཉིས་ཀྱི་ཆ་ནས་སློབ་མར་བབ་བསྟུན་གྱི་ལྟ་སྟངས་ལེགས་པོ་བཟུང་སྟེ། སློབ་མའི་སེམས་རྒྱུད་བདེ་ཐང་ངང་འཚར་ལོངས་འབྱུང་བར་དོ་ཁུར་བྱེད་རྒྱུ་དེ་ཡིན། དེ་བས་བྱིས་པའི་སེམས་ཁམས་འཕེལ་འགྱུར་གྱི་རྩ་དོན་གཞིར་བཟུང་ནས་མི་གཤིས་རྨང་གཞིར་འཛིན་པ་དང་། སློབ་གསོ་གཏོང་མཁན་དང་སློབ་གསོ་མྱོང་མཁན་གཉིས་ཀྱིས་ཕན་ཚུན་ལ་སྐུལ་སློང་བྱེད་པའི་རྣམ་པའི་འོག་ལག་བསྟར་བྱས་ན། བརྒྱུད་རིམ་འདི་ནི་བྱིས་པའི་ཚེ་སྲོག་གི་འཚར་སྐྱེའི་ཆོས་ཉིད་ལ་མཐུན་ཞིང་། སློབ་གསོའི་འཕེལ་རྒྱས་ཀྱི་གོ་རིམ་ལའང་ཤིན་ཏུ་འཕྲོད་པ་ཞིག་རེད་བསམས། འོན་ཀྱང་། དགེ་རྒན་གྱིས་ངེས་པར་དུ་ཁ་ཞེ་གཉིས་མེད་དང་སུན་མེད་ངང་རིང་གི་སྒོ་ནས་སློབ་གསོའི་འདུ་ཤེས་གསར་པ་འདི་རྒྱུན་འཁྱོངས་ལྷོད་མེད་བྱེད་ཐུབ་དགོས་པ་ལས། གནས་སྐབས་ཙམ་ལ་ལག་ལེན་བྱས་པ་ཙམ་གྱིས་སློབ་མའི་སེམས་རྒྱུད་ལ་ཕན་གདགས་དཀའ་བར་སྙམ། ལྷག་པར་དུ་ཀུན་སྤྱོད་ཀྱི་ཆ་ནས་སྐྱོན་ཆ་ལྡན་པའི་སློབ་མ་དེ་དག་ལ་ཞི་འཇམ་གྱིས་འཁྲིད་སྟོན་བྱེད་དགོས་ན། ཐོག་མར་བརྩི་མཐོང་སློབ་གསོའི་བྱེད་ཐབས་བཀོལ་ནས་སློབ་མའི་ཀུན་སྤྱོད་ཀྱི་ལེགས་པའི་ཆ་དང་དམན་པའི་ཆ་གཉིས་དུས་གཅིག་ཏུ་བགྲང་ན། སློབ་མར་རང་སྐྱོན་ཁོ་ན་ལྡན་པའི་འདུ་ཤེས་མི་འབྱུང་བར་རང་སྟེང་ན་ལེགས་པའི་ཆ་ཡང་ལྡན་པ་རང་ཤུགས་ཀྱིས་རྟོགས་ཐུབ་སྟེ། ཁོ་ཚོས་དགེ་རྒན་གྱི་སློབ་གསོའི་མཛུབ་སྟོན་འོག་ཀུན་སྤྱོད་ཀྱི་ཆ་ནས་བསགས་པའི་སྐྱོན་ཆ་ཡོ་བསྲང་བྱེད་པ་དང་། མི་གཞན་ལ་བདེ་ཐང་ལེགས་པོ་ལྡན་པའི་འབྲེལ་འདྲིས་བྱེད་རྒྱུར་ཕན་ངེས་ཅན་བཏགས་པ་ཡིན། དེ་ལྟར་བྱས་ན་བརྩི་མཐོང་སློབ་གསོའི་བྱེད་ཐབས་ཀྱིས་སྔོན་ཆད་སྐྱོན་བརྗོད་གཙོར་འཛིན་པའི་སློབ་གསོའི་རྣམ་པ་རྨང་ནས་བཅོས་སྒྱུར་བྱེད་ཐུབ་པར་མ་ཟད། སློབ་མའི་ཕྱོགས་བསྡུས་ཀྱི་སྤུས་ཚད་དང་སློབ་སྦྱོང་ལ་བཅངས་པའི་ཧུར་བརྩོན་རང་བཞིན་ཡང་ནུས་ཐོན་གྱི་སྒོ་ནས་མཐོར་འདེགས་སུ་གཏོང་ཐུབ་པ་སྨོས་ཅི་དགོས། ཨ་རིའི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་རྩ་དོན་ལྟར་ན། དགེ་རྒན་གྱིས་སློབ་མའི་ནོར་འཁྲུལ་དང་སྐྱོན་ཆ་མཐོང་མ་ཐག་ཐད་ཀར་དེ་ལ་སྐྱོན་བརྗོད་མི་བྱེད་པར། ཐོག་མར་སློབ་མའི་བསམ་གཞིག་གཏོང་སྟངས་དང་བསམ་བློའི་ཤོང་ཚད་ལ་བསྟུན་ནས་དབྱེ་ཞིབ་བྱས་ཏེ་གཟེངས་བསྟོད་འོས་འཚམ་བྱས་རྗེས། ད་གཟོད་སྐྱོན་ཆ་རེ་རེ་ལ་མཛུབ་མོ་བཙུགས་ནས་དགེ་སྐྱོན་སྤང་བླང་གི་དབྱེ་བ་མ་ནོར་བར་མཛུབ་སྟོན་བྱེད་དགོས། དེ་ལྟར་བྱས་པས་སློབ་མ་མང་པོ་ཞིག་ནོར་འཁྲུལ་དང་གནད་དོན་གང་རུང་ལ་ཕྲད་རྗེས་དགེ་རྒན་གྱིས་བསྟོད་ར་བྱེད་པའི་རེ་བ་མི་བྱེད་པར། དེ་ལས་ལྡོག་སྟེ་མཇུག་ཏུ་སྐྱོན་ཆ་སེལ་བའི་དབྱེ་ཞིབ་ཀྱི་གོ་རིམ་དེ་ནི་ཁོ་ཚོས་ཕན་འབྲས་མི་དམན་པ་ཞིག་ཏུ་ངོས་བཟུང་ཡོད། དེ་བས་རང་རེ་བོད་མི་རིགས་ཀྱི་སློབ་གསོའི་ལེགས་ཆའི་སྟེང་མི་རིགས་གཞན་གྱི་སློབ་གསོའི་ལྟ་བ་བཟང་པོ་ནང་འདྲེན་བྱས་ན། འདིས་སློབ་མ་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་ཕན་པ་ལས་གནོད་སྐྱེལ་མི་སྲིད་སྙམ།

གཉིས། བརྩི་མཐོང་སློབ་གསོའི་བྱེད་ཐབས་དང་དེའི་དགོས་གལ་རང་བཞིན།
        སྣོད་བསྟུན་སློབ་གསོ་སྟེ་རིག་པར་གཞིགས་ནས་སློབ་གསོ་གཏོང་བ་དང་ཚན་རིག་གི་སྒོ་ནས་རྩོད་སྒྲུབ་བྱེད་པ་འདི་ནི། གནའ་ནས་བཟུང་འཛམ་གླིང་གི་སློབ་གསོའི་མ་ལག་འཐུས་ཚང་ཡིན་པའི་རྒྱལ་ཁབ་དུ་མས་བརྩི་མཐོང་སློབ་གསོའི་བྱེད་ཐབས་མེད་དུ་མི་རུང་བ་ཞིག་ཏུ་བགྲང་ཡོད་ཅིང་། གཞན་ད་དུང་སློབ་ཁྲིད་སྐབས་སུ་སློབ་མ་དང་མཉམ་དུ་རོལ་རྩེད་བྱེད་པའི་བྱ་འགུལ་གྱི་རྣམ་པ་དེ་ཡང་བརྩི་མཐོང་སློབ་གསོ་དོན་འཁྱོལ་བྱེད་པའི་བྱེད་ཐབས་ལེགས་པོ་ཞིག་ཏུ་བརྩིས་ཡོད། མིག་སྔའི་སློབ་གསོའི་ལས་འགུལ་གྱི་ངོས་ནས་བཤད་ན། རོལ་རྩེད་སློབ་ཁྲིད་ཀྱི་རྣམ་པ(Game Teaching Nodel 游戏教学模式)དེ་ནུབ་ཕྱོགས་ཡོ་རོབ་ཀྱི་སློབ་གསོའི་ལས་རིགས་སུ་ཉིན་རེ་བཞིན་དར་ཆེ་བར་འགྲོ་བཞིན་ཡོད་ཅིང་། ལར་རིག་གནས་ནང་འདྲེན་གཙོ་རྒྱུག་ཆེ་བའི་དུས་སྐབས་འདིར། རྒྱ་ནག་གི་སློབ་ཆུང་མང་པོར་ཡང་སློབ་གསོའི་བྱེད་ཐབས་དེ་དངོས་སུ་དོ་སྣང་དང་ལག་ལེན་དུ་བསྟར་ནས་དོན་འཁྱོལ་བྱེད་བཞིན་ཡོད་པས། སློབ་ཐུན་སྐབས་རོལ་རྩེད་ཀྱི་རྣམ་པ་ལ་བརྟེན་ནས་སློབ་ཁྲིད་བྱེད་རྒྱུ་དེ་ཡང་དགེ་རྒན་མང་པོ་ཞིག་གི་ཐུན་མོང་གི་འདམ་གར་གྱུར་ཡོད། དེའི་རྒྱུ་མཚན་ནི་རོལ་རྩེད་སློབ་ཁྲིད་ཀྱིས་སློབ་མའི་འདུན་པ་སློང་ཐུབ་པའི་དུས་མཚུངས་སུ་རིག་པའི་གཞུང་ལུགས་ཀྱི་ཤེས་ཡོན་ཡང་མངོན་པར་མཚོན་ཐུབ་ཅིང་། དགེ་སློབ་བར་གྱི་འབྲེལ་པའི་འཆིང་སྡོམ་གྲོལ་བར་བྱེད་ཐུབ་ཕྱིར། དགེ་སློབ་གཉིས་མཉམ་དུ་རོལ་རྩེད་ལ་ཞུགས་ནས་རོལ་རྩེད་ཀྱི་གོ་རིམ་ཁྲོད་སློབ་མར་དུས་བསྟུན་གྱི་གཟེངས་བསྟོད་བྱས་ཏེ། དགེ་སློབ་འབྲེལ་པའི་བར་གྱི་འཆིང་རྒྱ་གཏོར་ན་སློབ་མས་དེ་བས་ཀྱང་ནོར་འཁྲུལ་གྱི་སྐྱོན་བརྗོད་ཀྱང་དང་ལེན་བྱེད་སླ་བར་ཆགས་ཡོད། སྐྱོན་ཡོན་གཉིས་དུས་གཅིག་ཏུ་ངོས་ཟིན་ན་སློབ་མའི་བསམ་བློ་དང་ཀུན་སྤྱོད་ཀྱི་ཆ་ནས་སྤང་བླང་གི་དབྱེ་བ་མ་ནོར་བར་ངོས་འཛིན་ཐུབ་པས། བྱེད་ཐབས་འདི་ཚད་ངེས་ཅན་ཞིག་གི་ཆ་ནས་སློབ་མའི་རང་རྐྱ་ཐུབ་པའི་བསམ་གཞིག་གིི་ནུས་པ་དང་རང་ཉིད་ཀྱི་ཀུན་སྤྱོད་ལ་གཅུན་སྡོམ་བྱེད་པའི་ནུས་པའང་སྐྱེད་སྲིང་བྱེད་ཐུབ།

གསུམ། བརྩི་མཐོང་སློབ་གསོས་བསྐྱེད་པའི་ཕན་ནུས།
        དེང་སྐབས་རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་དང་། སློབ་ཚན་བཀོད་སྒྲིག་ཐམས་ཅད་སློབ་མའི་སློབ་སྦྱོང་གི་དགོས་འདུན་གཞིར་བཟུང་ནས་འཛུགས་སྐྲུན་བྱས་ཡོད། འོན་ཀྱང་། སློབ་གསོའི་ལམ་ལུགས་བྱེ་བྲག་ཏུ་དོན་འཁྱོལ་བྱས་པའི་བརྒྱུད་རིམ་ཁྲོད། སློབ་ཆུང་སློབ་མ་ཕལ་མོ་ཆེར་འཕྲད་སླ་བ་ནི་དགེ་སློབ་བར་གྱི་འབྲེལ་པའི་གནད་དོན་དེ་ཡིན་ཞིང་། ལྷག་པར་རྗེས་ལུས་སློབ་མ་མང་པོ་ཞིག་ལ་ནམ་རྒྱུན་དགེ་རྒན་གྱིས་དོ་ཁུར་ཐོབ་དཀའ་བར་གྱུར་ཡོད་པས། ཁོ་ཚོས་འཚོ་བར་བཅངས་པའི་དགའ་ཞེན་དང་སློབ་སྦྱོང་གི་འདུན་པ་དེ་བས་ཀྱང་བརླགས་པར་གྱུར་ཡོད་དེ། གཟེངས་བསྟོད་གང་གི་སྐབས་སུའང་ཁོ་ཚོར་དམིགས་བཀར་ཅི་ཡང་མེད་པར་སྐབས་ལན་རེར་དགེ་རྒན་གྱིས་ཐད་ཀར་སྐྱོན་བརྗོད་བྱེད་ཅིང་། ཐ་ན་ཟུར་ཟ་དང་གཤེ་གཤེ་གཏོང་བའི་ ཚིག་ངན་གང་རུང་རྣར་ལྷུང་འོང་སྟེ་ཇི་ལྟར་ཐོས་ན་དེ་ལྟར་སློབ་སྦྱོང་གི་འདུན་པ་བོར་ཏེ་ཞེན་ལོག་ཡི་ཆད་ཀྱི་བསམ་པས་ཁེངས་འོང་བས། ཁོ་ཚོས་རང་ཉིད་ནམ་རྒྱུན་འདྲ་མཉམ་མིན་པའི་གནས་ལུགས་ཤིན་ཏུ་འཁོད་ཡོད་སྙམ་འོང་། དེ་བས་དགེ་རྒན་གྱིས་སློབ་མའི་ཐོབ་ཐང་དང་། སྦྱངས་འབྲས་ལེགས་དམན། ཕོ་མོའི་དབྱེ་བ་སོགས་ལ་ཉེ་དགའ་ཕྱོགས་ཞེན་མེད་པར་བརྩི་མཐོང་སློབ་གསོའི་བྱེད་ལུགས་ལྟར་ལག་ལེན་བྱས་ན། འདིས་བསྐྱེད་པའི་ཕན་ནུས་ཀྱིས་སློབ་མའི་བག་ལ་ཞ་བའི་རྩལ་ནུས་ཡང་བསྐྱར་སྔོག་འདོན་བྱེད་ཐུབ་པའི་དུས་མཚུངས་སུ། སྔར་ཡལ་ཟིན་པའི་སློབ་སྦྱོང་གི་འདུན་པ་གསར་དུ་སློང་བར་ཡང་སྐུལ་འདེད་ཀྱི་ནུས་པ་མི་དམན་པ་ཞིག་ཐོན་ཐུབ་པ་སློབ་གསོའི་ལག་ལེན་གྱིས་ར་སྤྲོད་བྱས་ཡོད། དེ་བས་བརྩི་མཐོང་སློབ་གསོའི་དགེ་མཚན་ལྡན་པའི་ཕན་ནུས་ནི་ཤིན་ཏུ་མངོན་གསལ་ཆེ་སྟེ། གཙོ་བོ་གཤམ་གྱི་ཕྱོགས་འགའ་ནས་མཚོན་ཡོད། ༡. བརྩི་མཐོང་སློབ་གསོས་སློབ་མའི་མི་མངོན་པའི་ནུས་པ་སྔོག་འདོན་བྱེད་ཐུབ་པ། ༢. སློབ་མའི་བྱ་སྤྱོད་ལས་མངོན་པའི་སེམས་ཁམས་ཀྱི་ཁྱད་ཆོས་ལ་དབྱེ་ཞིབ་བྱེད་སླ་བ། ༣. སློབ་མའི་སློབ་སྦྱོང་གི་འདུན་པ་སྐུལ་སློང་བྱེད་ཐུབ་པ། ༤. སློབ་མར་རྒྱལ་ཕམ་གྱི་གནས་ཚུལ་གསལ་པོར་ཕྱེ་ནས་རང་ཉིད་ཀྱི་སློབ་སྦྱོང་གི་མི་འདང་ས་དང་ཀུན་སྤྱོད་ཐད་སྐྱོན་ཆ་ཡོ་བསྲང་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་པ། ༥. སློབ་མ་ཕན་ཚུན་བར་འགྲན་རྩོད་ཀྱི་བསམ་པ་སློབ་ཐུབ་པས་འགྲན་པ་དང་། སློབ་པ། བསྡུར་བ། རོགས་རམ་བྱེད་པ་བཅས་ཀྱི་སློབ་སྦྱོང་གི་ཆ་རྐྱེན་བཟང་པོ་ཞིག་འཛུགས་སྐྲུན་བྱེད་ཐུབ།

བཞི། བརྩི་མཐོང་སློབ་གསོའི་རྩ་དོན།
        བརྩི་མཐོང་སློབ་གསོའི་ཕན་ནུས་དངོས་ཐོན་པར་བྱ་དགོས་ན། རྨང་གཞིའི་སློབ་གསོའི་རྩ་དོན་འགའ་ལ་ངེས་པར་དོ་སྣང་བྱ་དགོས་ཏེ། ཐོག་མར་བརྩི་མཐོང་སློབ་གསོའི་བཞེད་ཕྱོགས་གཙོ་བོ་ནི། སློབ་མའི་ཀུན་སྤྱོད་དང་གྲུབ་འབྲས་ཅི་རིགས་ཀྱི་ལེགས་པའི་ཆ་ལ་གཟེངས་བསྟོད་བྱ་རྒྱུ་དེ་ཡིན་ན་ཡང་། སློབ་མའི་ཀུན་སྤྱོད་དང་སློབ་སྦྱོང་གི་གནས་ཚུལ་ཕྱོགས་ནས་ནོར་འཁྲུལ་ཅི་རིགས་བྱུང་བ་དང་། ཡང་ན་སྐྱོན་ཆ་དང་གནད་དོན་ཅི་བྱུང་ལ་སྐྱོན་བརྗོད་བྱ་རྒྱུ་དེ་སྣང་མེད་དུ་གཏན་ནས་འཇོག་མི་རུང་བར། འགལ་ཟླའི་ཕྱོགས་ནས་སྐྱོན་བརྗོད་བྱ་རྒྱུ་དེ་ཡང་སློབ་མར་བབ་བསྟུན་གྱི་སྒོ་ནས་ངེས་པར་བསྒྲུབ་དགོས་པ་ཞིག་ཏུ་མཐོང་བས། བརྩི་མཐོང་སློབ་གསོ་ལག་ལེན་བྱེད་པའི་གོ་རིམ་ཁྲོད། སློབ་མར་གཟེངས་བསྟོད་བྱེད་པའི་དུས་མཚུངས་སུ་སྐྱོན་བརྗོད་ཡང་ཉུང་ཙམ་བྱེད་དགོས། དེ་ལྟར་བྱ་དངོས་ཤིག་གི་འགལ་ཟླའི་ཕྱོགས་གཉིས་ནས་སློབ་མའི་ནོར་འཁྲུལ་དུ་མཐོང་བའི་ཀུན་སྤྱོད་ལ་སྐྱོན་བརྗོད་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་བརྩི་མཐོང་སློབ་གསོ་དོན་འཁྱོལ་བྱེད་ཐུབ་ན། ལག་ལེན་འདིས་རིམ་གྱིས་སློབ་མ་ཁྱོན་ཡོངས་ནས་འཕེལ་རྒྱས་འོང་ཐུབ་པ་ནི་ཁོ་བོས་ལོ་ངོ་དུ་མར་ལག་ལེན་མྱོང་བརྒྱུད་དངོས་སུ་བྱས་པ་ལས་ཐོབ་པའི་མྱོང་ཚོར་ཤ་སྟག་ཡིན། མདོར་ན་གཟེངས་བསྟོད་གཙོར་བྱེད་པ་དང་སྐྱོན་བརྗོད་ཕལ་བར་འཛིན་དགོས་པའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་ཏེ། སྤྱིར་བཏང་དུ་བཤད་ན། གཟེངས་བསྟོད་
དང་སྐྱོན་བརྗོད་གཉིས་དུས་གཅིག་ཏུ་གནས་ཕྱིར། སྔ་ཕྱི་གཉིས་བར་ནོར་འཁྲུལ་གྱིས་བཅུ་ཆའི་གསུམ་ཟིན་པ་དང་གྲུབ་འབྲས་ཀྱིས་བཅུ་ཆའི་བདུན་ཟིན་པའི་དབྱེ་ཐབས་སྤྱོད་པ་ནི་འོས་འཚམ་གྱི་བསྡུར་ཚད་ཅིག་སྟེ། བཅུ་ཆའི་བདུན་གྱིས་གཟེངས་བསྟོད་དང་བཅུ་ཆའི་གསུམ་གྱི་ནོར་འཁྲུལ་ལ་སྐྱོན་བརྗོད་བྱས་ན་བྱེད་ཐབས་དེ་སློབ་མས་ཀྱང་དང་ལེན་བྱེད་
སླ་བར་མ་ཟད། སློབ་མའི་དག་གཙང་གི་སེམས་རྒྱུད་ལ་གནོད་སྐྱོན་བཟོ་བ་ལས་ཀྱང་གཡོལ་ཐུབ། དེའི་འཕྲོར་བརྩི་མཐོང་སློབ་གསོའི་བརྒྱུད་རིམ་ཁྲོད་སློབ་མ་ཕན་ཚུན་བར་གྱི་སྦྱངས་འབྲས་ཀྱི་ཁྱད་པར་དང་ཀུན་སྤྱོད་ཀྱི་བཟང་ངན་ཡང་གསལ་པོར་འབྱེད་ཐུབ་པས། བརྩི་མཐོང་སློབ་གསོའི་རྨང་གཞིའི་སྔོན་འགྲོ་ཞིག་ནི་སློབ་མ་ཕན་ཚུན་བར་གྱི་ཁྱད་པར་དང་མི་འདྲ་ས་ཁས་ལེན་བྱེད་པ་དང་གོ་བ་ལོན་རྒྱུ་དེ་ཡིན་ཞིང་། ལྟ་སྟངས་འཛིན་ཚུལ་མི་འདྲ་བའི་སློབ་མ་སོ་སོའི་ངོས་ནས་སྒྲིག་འཛུགས་དོ་མཉམ་པའི་བསམ་བློའི་མཛུབ་ཁྲིད་བྱ་རྒྱུ་དེ་གལ་ཆེ་བར་མཐོང་།

མཇུག་སྡོམ།
        སློབ་མ་སྒེར་པའི་རང་གཤིས་གཞི་རྩར་བཟུང་ནས་དེ་ལ་གོ་བ་ལེན་པ་དང་། སོ་སོའི་བསམ་བློའི་འདུན་པ་སྐོང་ཐུབ་པ་དང་དེ་ལ་བརྩི་བཀུར་བྱེད་པ། དེ་མིན་དགེ་རྒན་གྱིས་སློབ་མ་སོ་སོའི་ནུས་རྩལ་འཇོན་ཐང་རོལ་མྱོང་བྱེད་ཤེས་པར་བྱས་ཏེ། འདྲ་མཉམ་རྨང་གཞིར་བརྟེན་ནས་སློབ་མ་ཕན་ཚུན་གྱི་བསམ་བློའི་ཆུ་ཚད་དང་མི་གཤིས་ཀྱི་སྤུས་ཚད་ལ་ཚད་བསྡུར་མི་བྱེད་པ་དང་། སྣང་ཆུང་མི་བྱེད་པ། ཐལ་དྲགས་པའི་སྐད་ཆ་མི་བཤད་པ་བཅས་ཀྱི་སྒོ་ནས་འཛིན་གྲྭའི་ནང་སློབ་སྦྱོང་གི་ངང་ཚུལ་སྔར་ལས་ལེགས་པ་ཞིག་འཛུགས་སྐྲུན་བྱེད་ཐུབ་ན།“བརྩི་མཐོང་སློབ་གསོ”དངོས་སུ་ལག་ལེན་བྱས་པའི་གྲུབ་འབྲས་ཀྱིས་སློབ་མའི་སྤྱོད་ལམ་ཐམས་ཅད་ལེགས་ལམ་དུ་འདྲེན་ཐུབ་པར་གདོན་མི་ཟ་སྟེ། འདི་ལ་གཙོ་བོ་དགེ་རྒན་རང་ཉིད་ནས་ཀྱང་རང་ལྟ་མཁྲེགས་འཛིན་གྱི་འདུ་ཤེས་དང་ཀུན་སློང་ངན་པའི་སྦྱོར་བ་སྤངས་ཏེ། ངེས་པར་དུ་རང་རྐྱ་ཐུབ་པའི་བསམ་བློའི་མཛུབ་ཁྲིད་ཀྱི་ནུས་པ་ལྡན་དགོས་ཕྱིར། སློབ་མའི་སེམས་ཁམས་ཀྱི་འདོད་འདུན་དང་བསྟུན་ནས་སོ་སོའི་རང་གཤིས་ལ་བརྩི་བཀུར་བྱས་ཏེ་བརྩི་མཐོང་སློབ་གསོའི་བྱེད་ཐབས་དང་རྩ་དོན་ལྟར་སྐྱེད་སྲིང་བྱ་དགོས། མདོར་ན། བརྩི་མཐོང་སློབ་གསོས་སློབ་མའི་སློབ་སྦྱོང་གི་སྤྲོ་བ་སློང་ཐུབ་པར་བྱ་དགོས་ཏེ། བརྩི་མཐོང་སློབ་གསོའི་དམིགས་ཡུལ་ནི་སློབ་མར་གཟེངས་བསྟོད་དང་བསྟོད་ར་སླ་མོ་བྱ་རྒྱུ་ཙམ་གཏན་ནས་མ་ཡིན་པར། བྱེད་ཐབས་དེ་ལ་བརྟེན་ནས་སློབ་མའི་སློབ་སྦྱོང་གི་འདུན་པར་བསྐུལ་ཏེ། སྦྱངས་འབྲས་སྔར་ལས་ལེགས་པོ་འོང་བ་དང་ཀུན་སྤྱོད་སྔར་ལས་ཡ་རབས་ཚུལ་མཐུན་ཞིག་འོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ནོ། །


དཔྱད་གཞིའི་ཡིག་ཆ།

[1] ཟླ་ཆུང་། སློབ་ཆུང་སློབ་མའི་སློབ་སྦྱོང་གི་མོས་པ་འཕེལ་ཐབས་སྐོར་རགས་ཙམ་གླེང་བ། [J] བོད་ལྗོངས་སློབ་གསོ། 2017(3)
[2] ཡེ་ཤེས་བསྟན་འཛིན། སློབ་ཆུང་དུ་ཀུན་སྤྱོད་སློབ་གསོ་སྤེལ་སྐབས་དོན་གསུམ་ལ་གཙིགས་ཆེན་བྱ་དགོས། [J] བོད་ལྗོངས་སློབ་གསོ། 2017(3)
[3] 旦增塔 编著 解读基础教育与教育基础[M] 甘肃教育出版社 2009
[4] 王乃凤 新课堂小学语文教学赏识教育的研究[J]新课程(小学)2016(3)
[5] 孙万才 赏识教育在小学语文教学中的具体应用[J]学周刊 2017(2)
[6] 张迪慧 积极心理学的心理学意义与教育学价值初探[J] 佳木斯职业学院学报 2017(1)

* ཐུབ་བསྟན་དགེ་ལེགས། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི2016ལོའི་བོད་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1