ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་བར་ལན་ཆ་བཟང་པོ་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-27



              ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་8པའི་ཚེས་19ཉིན་ནས་22ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་དུ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གནས་ཚུལ་ལ་རྟོག་ཞིབ་དང་བརྟག་དཔྱད་གནང་ཡོད་པ་རེད། ཀན་སུའུ་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ནས་གཅིག་རྗེས་གཉིས་མཐུད་ངང་། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱར་གཞིགས་ནས་རིག་གནས་ཀྱི་བློ་སྤོབས་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེའི་བསམ་པའི་རྒྱུ་ནོར་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བཅས་བྱ་རྒྱུ་ཡིན་ཞེས་བཤད་འདུག
              སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་སའི་ས་ཚིགས་དང་པོ་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ། འཛམ་གླིང་རིག་གནས་ཤུལ་བཞག་ཏུན་ཧོང་མོ་ཀའོ་ཁུ་བྲག་ཕུག་ཏུ་ཡིན་པ་རེད། སྤྱི་ཁྱབ་ཧྲུའུ་ཅིས། ཏུན་ཧོང་གི་རིག་གནས་ལ་ཞིབ་འཇུག་དང་དར་སྤེལ་གཏོང་བར། གཅིག་ནས་ཏུན་ཧོང་རིག་གནས་དང་ལོ་རྒྱུས་ཤུལ་བཞག་ནང་འདུས་པའི་མཚན་ཉིད་རིག་པའི་བསམ་བློ་དང་། མི་ཆོས་རིག་གནས་སྙིང་སྟོབས། རིན་ཐང་འདུ་ཤེས། ཀུན་སྤྱོད་ཚད་གཞི་སོགས་སྔོག་འདོན་གཏིང་ཟབ་བྱ་དགོས་པ་དང་། དེ་བས་ཀྱང་དེའི་ནང་འདུས་པའི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་སྙིང་སྟོབས་དང་། རིག་གནས་ཁོག་རྒྱ་སྔོག་འདོན་གྱིས་རིག་གནས་ཀྱི་བློ་སྤོབས་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
              ཏུན་ཧོང་ཞིབ་འཇུག་གླིང་གི་འགོ་འཛིན་གཞོན་པ་ཀྲང་ཤན་ཐང་གིས། སྤྱི་ཁྱབ་ཧྲུའུ་ཅིས་ཏུན་ཧོང་རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག་བྱ་རྒྱུའི་ལས་དོན་ཐད་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། དང་ཐོག་ང་ཚོ་ནི་རྒྱུན་འཛིན་པ་ཞིག་ཡིན་པས་སྲུང་སྐྱོབ་ཡག་པོ་བྱས་ནས་ཇི་སྲིད་བར་རྒྱུན་འཛིན་ཐུབ་པ་བྱ་དགོས། ད་དུང་ང་ཚོ་ནི་བརྒྱུད་སྤེལ་བ་ཞིག་ཡིན། ཏུན་ཧོང་རིག་གནས་ལ་རྩ་ཧ་ཅང་ཆེ་བའི་རིན་ཐང་ཡོད་པ་དང་། རིན་ཐང་དེ་བརྒྱུད་སྤེལ་ཡག་པོ་ཐུབ་པ་བྱ་དགོས། ད་དུང་གསར་གཏོད་པ་ཞིག་བྱ་དགོས། དེ་ནི་སྤྱི་ཁྱབ་ཧྲུའུ་ཅིས་ནན་སྟོན་ཡང་ཡང་གནང་བའི་གསར་གཏོད་རང་བཞིན་གྱི་བརྗེ་བསྒྱུར་དང་། གསར་གཏོད་རང་བཞིན་གྱི་གོང་འཕེལ་ཞེས་པ་དེ་རེད་ཅེས་གསུངས་འདུག
              སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏུན་ཧོང་ཞིབ་འཇུག་གླིང་དུ་འབྲེལ་ཡོད་རིགས་གཅིག་མཁས་པ་དང་། རིག་གནས་པ། རིག་གནས་ཚན་པ་བཅས་ཀྱི་འཐུས་མི་དང་བཞུགས་མོལ་གནང་སྐབས། ཀན་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་སུའུ་ཤའོ་ལིན་གྱིས་༼དར་ལམ་མེ་ཏོག་ཆར་པ་༽ཞེས་པ་དང་། ༼ བྱེ་ཐང་ཆེན་མོའི་ཏུན་ཧོང་༽ཞེས་པ་སོགས་རིག་གནས་བརྩམས་བྱ་ཆེ་གྲས་ཀྱི་གསར་རྩོམ་དང་འཁྲབ་སྟོན་བརྒྱུད་རིམ་སྙན་སེང་ཞུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཁྲབ་སྟོན་ཕྱི་ཕྱོགས་སུ་བྱེད་པར་བསྐྱོད་མིན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཚགས་གནང་ཡོད། སུའུ་ཤའོ་ལིན་གྱིས། སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་དེ་ལྟ་བུ་གནང་བར་ང་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་། རིག་གནས་ཐོན་ལས་ནི་ཤིང་འཛུགས་པ་དང་འདྲ་སྟེ། ཡུན་རིང་པོའི་དཀའ་བ་མ་སྤྱད་པ་དང་། སེམས་ནུས་བཏོན་ནས་གསོ་སྐྱོང་མ་བྱས་ན་རབ་ཏུ་བཀྲ་བའི་མེ་ཏོག་འཆར་དཀའ་ལ། རོ་བཅུད་ལྡན་པའི་ཤིང་ཏོག་ལོངས་སྤྱོད་ཐུབ་ཐབས་མེད། བྱ་བ་བྱེད་གཞི་ཆེན་པོ་ལྡན་པའི་དུས་རབས་གསར་པ་འདིར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ལྟར། ཤིང་འདེབས་པ་ལྟ་བུ་བྱས་ནས། ཕུལ་བྱུང་བརྩམས་བྱ་དེ་བས་མང་བ་འདོན་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་འདུག
              ཅ་གཡུས་ཀོན་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་དང་འཛམ་གླིང་རིག་གནས་ཤུལ་བཞག་ཡིན་པ་དང་། རང་རྒྱལ་གྱི་མིང་རྒྱལ་རབས་ཀྱི་ལེ་དབར་ཁྲི་ཡི་ལྕགས་རི་རིང་པོའི་ནུབ་སྣེ་དེ་ཡིན། སྤྱི་ཚེས20ཉིན་གྱི་སྔ་དྲོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅ་གཡུས་ཀོན་དུ་ཕེབས་ནས། མཁར་རྫོང་དང་ལྕགས་རི་རིང་པོའི་སྲུང་སྐྱོབ་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།
              ཅ་གཡུས་ཀོན་དར་ལམ་ལྕགས་རི་རིང་པོའི་རིག་གནས་ཞིབ་འཇུག་གླིང་གི་ལས་དོན་པ་ཀྲང་ཕིང་གིས། ང་ཚོ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་ཚོས་ལོ་མང་པོ་འདི་དག་རིང་ལྕགས་རི་རིང་པོ་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་སྤྱི་ཁྱབ་ཧྲུའུ་ཅིར་སྤྱན་བསྟར་ཞུ་རྒྱུ་བྱུང་བས། སེམས་འགུལ་ཆེན་པོ་ཐེབས་བྱུང་། སྤྱི་ཁྱབ་ཧྲུའུ་ཅིས་ལྕགས་རི་རིང་པོ་ནི་ཀྲུང་ཧྭ་མི་རིགས་ཀྱི་མཚོན་རྟགས་གལ་ཆེན་དང་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་མཚོན་རྟགས་གལ་ཆེན་ཞིག་རེད་ཅེས་གསུངས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་ལྟར། འགན་སེམས་ཆེ་ཤོས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་མཚོན་རྟགས་ལ་སྲུང་སྐྱོབ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས་འདུག
              ལོ་80ལྷག་ཙམ་གོང་། ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་ཧོ་ཞི་རུ་འབྱོར་ནས་དཀའ་སྤྱད་དམག་འཐབ་གནང་ནས་སུབ་ཐབས་བྲལ་བའི་བྱས་རྗེས་བཞག་ཡོད། ཀྲང་ཡེ་གྲོང་ཁྱེར་ཀའོ་ཐེ་རྫོང་དུ་གནས་པའི་ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་དྲན་གསོ་ཁང་དུ་གཟིགས་བསྐོར་གནང་སྐབས། ཞི་ཅིན་ཕིང་གིས། ཀྲུང་གོ་གསར་པ་ནི་སྔོན་གཤེགས་དཔའ་བོ་གྲངས་མེད་ཀྱི་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་སྐྲུན་པ་ཞིག་ཡིན་པས། ང་ཚོས་ཏང་གི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། དམར་དམག་གི་གཏམ་རྒྱུད་ཡག་པོ་བརྗོད་པ།
              ནུབ་ལམ་དམག་གི་གཏམ་རྒྱུད་ཡག་པོ་བརྗོད་པ་བཅས་བྱས་ཏེ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
              དྲན་གསོ་ཁང་གི་འགོ་འཛིན་ཀྲུའུ་ཏེ་ཀྲུང་གིས། སྤྱི་ཁྱབ་ཧྲུའུ་ཅི་འདི་ནས་ཞལ་གྱེས་ཁར་ང་ཚོར་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱ་དགོས་པའི་བཀའ་མངགས་ཡང་ཡང་གནང་བྱུང་བས། ང་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་། ངས་སྤྱི་ཁྱབ་ཧྲུའུ་ཅིར་ང་ཚོས་འོས་འགན་ཡག་པོ་འཁུར་ནས་གསར་བརྗེའི་གཞི་རྒྱུའི་རྒྱུན་འཛིན་པ་དང་། སྔོན་གཤེགས་དཔའ་བོའི་སྲུང་སྐྱོབ་པ་ཕུལ་དུ་བྱུང་བ་ཞིག་བྱ་རྒྱུ་ཡིན་ཞེས་ཞུས་པ་ཡིན་ཞེས་གསུངས་འདུག
              ཀློག་པ་པོ་དཔེ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་སྐབས། ཞི་ཅིན་ཕིང་གིས་དཔེ་དེབ་མང་པོ་ཀློག་རྒྱུ་དར་སྤེལ་བཏང་ནས། དཔེ་ཀློག་ལ་དགའ་བའི་སྤྱི་ཚོགས་བཙུགས་ཐོག མི་དམངས་ཀྱི་བསམ་བློའི་གནས་ཚད་མཐོ་རུ་གཏོང་བ་དང་། མི་དམངས་ཀྱི་བསམ་པའི་སྙིང་སྟོབས་ཆེ་རུ་བཏང་ན། ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་སྙིང་སྟོབས་དེ་བས་གཏིང་ཟབ་པར་འགྱུར་ཐུབ་ཅེས་བསྟན་ཡོད། ཀློག་པ་པོ་དུས་དེབ་ཁང་གི་འགོ་འཛིན། སྤྱི་ཁྱབ་རྩོམ་སྒྲིག་པ་ཧྥུ་ཁང་ཉན་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་། ཁོང་གིས། དཔེ་སྐྲུན་པ་དང་། རིག་གནས་ལས་དོན་པ། ནང་དོན་མཁོ་འདོན་པ་བཅས་ཀྱི་ཐད་ནས་བཤད་ན་མཛུབ་ཁྲིད་ཤིན་ཏུ་ཡག་པོ་གནང་བ་ཞིག་རེད། ང་ཚོས་དེབ་ཡག་པོ་འདོན་པ་དང་། རྩོམ་ཡིག་གསར་སྤེལ་ཡག་པོ་བྱེད་པ། སྤུས་ལེགས་ཀྱི་བསམ་པའི་ཐོན་རྫས་མཁོ་འདོན་བཅས་བྱ་རྒྱུ་ཡིན་ཞེས་གསུངས་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1