༄༅།། སྐུ་མཁར་སེང་འབྲུག་སྟག་རྩེ།

འཆི་མེད་མགོན་པོ། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-27


རིགས་གསུམ་པད་མའི་རྣམ་འཕྲུལ་འགྲོ་བའི་མགོན།།
ནག་པོ་བདུད་ཀྱི་ཁ་གནོན་དཔའ་བོ་ཆེ།།
བསྟན་པའི་རྒྱལ་མཚན་དགུང་དུ་སྒྲེང་བ་པོ།།
སྐྱེས་མཆོག་ནོར་བུ་དགྲ་འདུལ་སྲིད་ན་རྒྱལ།།

དམ་པ་གང་གི་རྒྱ་ཆེར་མཛད་རྣམ་ལ།།
རྗེས་དྲན་ཞུ་ཞིང་གཟི་བརྗིད་ངོམ་ཆེད་དུ།།
སྐུ་མཁར་སེང་འབྲུག་སྟག་རྩེ་གཉིས་པ་འདི།།
དཀར་མཛེས་ནོར་བུ་གླིང་ན་འོད་སྟོང་འབར།།

སྣ་ལྔའི་འབྲུ་རིགས་སྡུད་པའི་དུས་བཟང་ལ།།
ཁང་བཟང་སྟོན་མོ་སྤེལ་བའི་ཚེས་ཡིན་པས།།
ཚན་རིག་རྩལ་ལས་འཁྲུངས་པའི་མཁའ་འགྲུལ་གྱིས།།
རྒྱ་ཆེར་ཕྱོགས་བཞིའི་མགྲོན་ལ་བསུ་མ་བགྱི།།

མཛེས་སྡུག་ལང་འཚོ་རྒྱས་པའི་གཞོན་ནུ་ཚོས།།
དགའ་བའི་གླུ་དང་ཞབས་བྲོ་དུས་གཅིག་འཁྲབ།།
ཐོས་མང་གཏམ་ལ་དགྱེས་པའི་རྒན་རབས་ཚོས།།
སྐྱིད་པའི་སྒྲུང་དང་ལོ་རྒྱུས་ཕྱོགས་བཅུར་སྒྲོགས།།

ང་ཚོས་མཉམ་དུ་སྤྲོ་བའི་དུས་བརྒལ་བྱེད།།
དཔའ་བའི་དཔུང་ལ་དཔུང་པ་མཉམ་བཀྱེད་བྱེད།།
མཛེས་མའི་གླུ་དང་གླུ་ཤགས་མཉམ་བཏང་བྱེད།།
ངོ་མཚར་གླིང་གི་དུས་རབས་མཛེས་ལྗོངས་བལྟ།།


རྩོམ་ཡིག་རྗེས་མ།
༄༅།། སེང་ལྕམ་འབྲུག་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1