རྒྱལ་ཡོངས་སྐབས་བདུན་པའི་ཚད་མ་རིག་པའི་ཟབ་སྦྱོང་འཛིན་གྲྭ་པཎ་ཆེན་ཚད་མའི་སློབ་གླིང་དུ་གཟབ་རྒྱས་ངང་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 08-28


ཟབ་སྦྱོང་འཛིན་གྲྭའི་མགོ་རྩོམ་པའི་མཛད་སྒོ།
      རྒྱལ་ཡོངས་སྐབས་བདུན་པའི་ཚད་མ་རིག་པའི་ཟབ་སྦྱོང་འཛིན་གྲྭ2019ལོའིཟླ8པའི་ཚེས18ནས25ཉིན་བར།  ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་མཛད་དེ་པཎ་ཆེན་ཚད་མའི་སློབ་གླིང་དུ་བསྡུས་ཤིང་།  ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་ནང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་དང་།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཆིང་ཧྭ་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན། ཀྲུང་ཧྲན་སློབ་ཆེན། ནན་ཅིན་སློབ་ཆེན། ཧི་ནན་སློབ་ཆེན། ཐེན་ཅིན་ཚན་རྩལ་སློབ་ཆེན། ཧང་ཀྲིག་ནང་བསྟན་སློབ་གླིང་། ཧྲང་ཧེའི་ནང་བསྟན་སློབ་གླིང་། པཎ་ཆེན་ཚད་མའི་སློབ་གླིང་། ནན་ཁད་སློབ་ཆེན། ནང་སོག་དགེ་འོས་སློབ་ཆེན།  ལན་ཀྲིག་རྩིས་ཚན་སློབ་ཆེན།  མཚོ་སྔོན་མི་རིགས་སློབ་ཆེན་སོགས་སློབ་ཆེན་དང་ཞིབ་འཇུག་ལས་ཁུངས་བཅུ་དྲུག་ལྷག་གི་སློབ་མ60ལྷག་ཞུགས་ཡོད།
      ཐེངས་འདིའི་འཛིན་གྲྭ་འཚོགས་པའི་མཛད་སྒོར་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཡིག་གཞོན་པ་སྟག་འབུམ་རྒྱལ་གྱིས་མགོ་འཛིན་མཛད། མཛད་སྒོར་ཞུགས་པའི་ཆེད་མཁས་པ་ནི་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཚད་མ་རིག་པའི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཆེན་མོ་བློ་བཟང་ཆོས་གྲགས་དང་། ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ། པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ་སྒར་བ་ངག་དབང་བཟང་པོ། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཚད་རིག་ཟབ་སྦྱོང་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཚད་མའི་དགེ་རྒན་ཆེན་མོ་དགེ་འདུན་སོགས་ཚོགས་ཞུགས་གནང་།
      པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ་སྒར་བ་ངག་དབང་བཟང་པོས་ཤིས་ཚིག་ཕུལ་བ་དང་འབྲེལ་ནས་ཚད་མ་རིག་པའི་རྒྱུན་འཛིན་ཐད་ཀྱི་ཁ་ཕྱོགས་དང་དམིགས་ཡུལ། ཚད་མ་རིག་པའི་རྒྱུན་འཛིན་ཤེས་ལྡན་མི་སྣའི་ཟབ་སྦྱོང་འཛིན་གྲྭ་སྔ་རྗེས་སུ་བསྡོམས་པའི་ཐེངས་བཞི་ལ་སྒྲུབ་པ་སོགས་ཚད་མ་རིག་པའི་ཐད་ལ་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་བཏོན་དང་འདོན་བཞིན་པ་སོགས་གླེང་བའི་ཞོར་དུ་སློབ་མ་ཡོངས་ཀྱིས་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། སློབ་སྦྱོང་ཡག་པོ་བྱེད་དགོས་པ་སོགས་ཀྱི་སྐོར་ནས་གསུང་བཤད་གནང་། སློབ་གཙོ་གཞོན་པ་དཀོན་མཆོག་རྒྱ་མཚོས་ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭའི་ཁྲིད་གཞི་ངོ་སྤྲོད་གནང་བ་དང་།  དགེ་རྒན་ཐོགས་མེད་དང་པེ་ཅིན་མི་དམངས་སློབ་ཆེན་གྱི་འབུམ་རམས་པ་བང་ནན་གཉིས་ཀྱིས་ལོ་འགའི་རིང་ཚད་མ་རིག་པའི་སློབ་སྦྱོང་ཐད་ཀྱི་ཉམས་མྱོང་དང་རྒྱུན་འཛིན་དར་སྤེལ་སོགས་ཀྱི་གལ་ཆེན་རང་བཞིན་སྐོར་ནས་གཏམ་བཤད་གནང་།

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། པཎ་ཆེན་ཚད་མའི་སློབ་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་གནས་བརྟན་རྒྱ་མཚོས་སློབ་ཁྲིད་གནང་བཞིན་པ། 

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཚད་མ་རིག་པའི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་བློ་བཟང་ཆོས་གྲགས་ཀྱིས་སློབ་ཁྲིད་གནང་བཞིན་པ། 

ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ། པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ་སྒར་བ་ངག་དབང་བཟང་པོས་སློབ་ཁྲིད་གནང་བཞིན་པ། 

ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཧང་ཀྲིག་ནང་བསྟན་སློབ་གླིང་གི་སློབ་གཙོ་གཞོན་པ་དགེ་རྒན་ཆེན་མོ་ཧྭེ་ཀོན་གྱིས་སློབ་ཁྲིད་གནང་བཞིན་པ།

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མཐོ་རམས་པ་ངག་དབང་མཆོག་གྲུབ་ཀྱིས་སློབ་ཁྲིད་གནང་བཞིན་པ། 

ཀྲུང་གོ་གཏན་ཚིགས་རིག་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ལས་འཛིན། མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་དཀོན་མཆོག་རྒྱ་མཚོས་སློབ་ཁྲིད་གནང་བཞིན་པ། 
      ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭར་དགེ་རྒན་རྣམས་ཀྱིས་བོད་བརྒྱུད་ཚད་མ་རིག་པའི་བསྡུས་གྲྭ་དང་རྟགས་རིགས། དེའི་རིགས་ལམ་གྱི་རྣམ་བཞག  དེ་མིན་རྒྱ་བརྒྱུད་ཚད་མ་རིག་པའི་ནང་དོན་དང་འབྲེལ་བའི་ཐད་ནས་སློབ་ཁྲིད་གནང་།  བོད་ཀྱི་ཚད་མ་རིག་པའི་སློབ་སྦྱོང་བྱེད་སྟངས་བེད་སྤྱད་དེ་ཚད་མའི་རིགས་ལམ་གྱི་བསམ་གཞིགས་གཏོང་སྟངས་དང་། རྒྱ་སྐད་ཀྱི་ལམ་ནས་རྟགས་གསལ་འཕེན་པ་སོགས་ཐད་ནས་སྦྱངས་འབྲས་མི་དམན་པ་ཐོབ།    ཐེངས་འདིའི་ཟབ་སྦྱོང་བརྒྱུད་ནས་སློབ་མ་རྣམས་ཀྱིས་རྒྱ་བོད་ཚད་མ་དང་རིག་གཞུང་ལ་ཞིབ་འཇུག་བྱེད་སྟངས་ཆ་ནས་ཤུགས་རྐྱེན་ཟབ་མོ་བཞག་པ་མ་ཟད། རྒྱ་བོད་ཚད་མ་རིག་པའི་རིག་གཞུང་རྒྱུན་འཛིན་དང་དར་སྤེལ་ཐད་ལའང་རྨང་གཞི་བརྟན་པོ་བཏིང་། 

སློབ་མ་རྣམས་ཀྱིས་ཚད་མ་རིག་པའི་སློབ་སྦྱོང་གི་ཉམས་མྱོང་དང་བསམ་ཚུལ་བརྗེ་རེས་བྱེད་བཞིན་པ།

སློབ་མ་རྣམས་སྔ་རྒོལ་དང་ཕྱི་རྒོལ་གྱི་བསྡུས་གྲྭའི་རིགས་ལམ་ལྟར་རྩོད་པ་བྱེད་པའི་བྱ་འགུལ་སྤེལ།

མཇུག་འབྲས་ཀྱི་རྩོད་རྒྱུགས་ལ་སློབ་མ་རྣམས་ཀྱིས་རྟགས་གསལ་གཏོང་བཞིན་པ།

སློབ་མ་རྣམས་ལ་ཟབ་སྦྱོང་འཛིན་གྲྭ་མཐར་ཕྱིན་པའི་འཛིན་རྟགས་གནང་བཞིན་པ།

མཇུག་བསྡུའི་མཛད་སྒོའི་སྟེང་གི་དགེ་སློབ་ལྷན་རྒྱས་ཀྱི་མཉམ་པར།
      མཇུག་བསྡུའི་མཛད་སྒོར་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་མགོན་པོ་ཚེ་རིང་གིས་མགོ་འཛིན་མཛད་ཅིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཞི་ཁྲོན་མེ་ཡིས་སློབ་མ་ཡོངས་ཀྱི་ཚབ་བྱས་ཏེ་ཐེངས་འདིའི་སློབ་སྦྱོང་གི་ངོས་ཟིན་དང་གྲུབ་འབྲས་ཡར་ཞུ་བྱས་པ་དང་།  ཧང་ཀྲིག་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་ཧྭེ་ཀོན་གྱིས་ཀྲུང་གོ་གཏན་ཚིགས་པའི་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། པཎ་ཆེན་ཚད་མའི་སློབ་གླིང་གིས་མུ་མཐུད་དུ་རྒྱལ་ཡོངས་ཚད་མ་རིག་པའི་རྒྱུད་འཛིན་མི་སྣ་གསོ་སྐྱོང་གི་འགན་འཁྲི་དང་དུ་བླངས་ནས་ལོ་རེའི་བཞིན་འདི་ལྟ་བུའི་ཟབ་སྦྱོང་འཛིན་གྲྭ་ལེགས་པར་བསྒྲུབ་ནས་མི་སྣ་མང་པོ་གསོ་སྐྱོང་བྱེད་པ་ནི།ཚད་མ་རིག་པ་འཕེལ་རྒྱས་ཐད་ཀྱི་བྱ་གཞག་གལ་ཆེན་ཞིག་ཡིན་པས་སླད་མར་ཡང་མུ་མཐུད་དུ་རྒྱུན་བསྐྱང་དགོས་པའི་རེ་བ་བཏོན།  མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་པོས་ཚད་མ་རིག་པ་འདི་ཉིད་དུས་རབས་ཀྱི་འགྲོས་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས་པ་དང་། ཟབ་སྦྱོང་འཛིན་གྲྭ་བརྒྱུད་ནས་ཚད་མ་རིག་པ་འདི་ཉིད་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་ཁག་དང་། རྒྱ་བོད་སོག་གསུམ་གྱིས་མཚོན་པའི་མི་རིགས་སོ་སོ། སྤྱི་ཚོགས་ལས་རིགས་ཀྱི་དབྱེ་བ་མེད་པར་དར་སྤེལ་དུ་བཏང་སྟེ། ཚད་མའི་གཞུང་གི་གཏན་ཚིགས་རིག་པ་འདི་ཉིད་འཛམ་གླིང་སྟེང་ཤར་ཕྱོགས་ཀྱི་གཏན་ཚིགས་རིགས་པའི་མཚན་རྟགས་གྲགས་ཅན་ཐོབ་ནས། མ་འོངས་པར་ནུས་ཕྱོགས་ཀྱི་སྤྱི་ཚོགས་ཤེས་རིག་གི་ཁྱབ་ཁོངས་སོ་སོར་ཤུགས་རྐྱེན་ཟབ་མོ་བཞག་སྟེ། འཛམ་གླིང་ཞི་བདེ་ཡོང་བ་དང་རྒྱལ་ཁབ་ཀྱི་ཤེས་རིག་སྟོབས་ལྡན་ཏུ་གཏོང་བ། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་ཡོང་བ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལྟར། ཀྲུང་གོའི་འདུན་མ་མངོན་འགྱུར་འབྱུང་བར་འབད་བརྩོན་བྱེད་དགོས་པའི་སྐོར་ནས་གསུང་བཤད་གནང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1