༄༅།། ཉག་རྐེད་མགོན་པོ་རྣམ་རྒྱལ་གྱིས་བསྐྲུན་པའི་ཟམ་ཆེན་ཞིག

འཇམ་དབྱངས་ཉི་མ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-28



འཇམ་དབྱངས་ཉི་མ།
རྫ་ཆུ་སྔོན་མོ་འཕྲེད་དུ་བཅད་པའི་སྤང་རིང་ཟམ་ཆེན།
གནའ་སྔ་མོ་སྔ་མོ་ཞིག་ལ།
        རི་རབ་ཀྱིས་ཡུལ་གྲུ་བཀག་ཅིང་།
                ཆུ་བོ་ལ་ཟམ་པ་མེད་་་་་་་
        འདི་ལྟར་རྣ་ལ་འཇགས་པའི་གླུ་ཚིག་སྙན་མོ་ཞིག་དང་སྦྲེལ་ཏེ།  ལོ་ཟླའི་གཙང་པོ་རིང་དུ་བརྒལ་བའི་གནའ་བོའི་ཟམ་ཆེན་ཞིག་ཀུན་ལ་མཚམས་སྦྱོར་བྱེད་པར་འདོད།
        སྔར་ནས་ཉག་རོང་ལ་ཁམས་པའི་ལོ་རྒྱུས་མི་སྣ་ཉག་རྐེད་མགོན་པོ་རྣམ་རྒྱལ་༼ཉག་རྐེད་བུ་ལོང་མ།༽གྱིས་བཙུགས་པའི་གནའ་ཟམ་ཁྱད་པ་ཅན་ཞིག་ཡོད་པ་ཐོས་པས་ཡུལ་དེར་དངོས་སུ་བལྟ་སར་ཞིག་བསླེབ་ན་དྲན་མྱོང་།
        ཉིན་དེའི་སྔ་མོར་ཉག་རོང་རྫོང་ཐོག་ནས་རྫ་ཆུ་གྱེན་དེད་བྱས་ཏེ་རྫོང་འདིའི་ལོ་རྔ་ཡུལ་ཚོ་རུ་གནས་པའི་ཁམས་པའི་གནའ་ཟམ་ཆེན་མོ་ཞེས་སུ་གྲགས་པ་དེར་ལྟད་མོ་ལྟ་སར་སོང་།  དུས་ཚོད་སྐར་མ་ཉི་ཤུ་ལྷག་ཙམ་གྱིས་རླངས་འཁོར་གནས་དེར་སླེབས་སོང་བར།  གཞུང་ལམ་གྱི་གཞོགས་གཡས་སུ་ཡུལ་ཚོའི་ཏང་སྲིད་དང་ལྟེ་གནས་སློབ་ཆུང་སོགས་ཆགས་འདུག་ལ།  གཞོགས་གཡོན་གྱི་གད་འོག་ནས་གཡུ་མདོག་གི་རྫ་ཆུ་སྔོན་མོ་དལ་གྱིས་བཞུར་བའི་ཁར་སྐད་གྲགས་ཅན་གྱི་ཟམ་ཆེན་དེ་བརྗིད་ཉམས་རབ་ཏུ་ལྡན་པའི་ངང་གཙང་པོའི་ཚུར་ཁ་ནས་ཕར་གར་བརྐྱངས་ཡོད་པ་མཐོང་བྱུང་།
ཟམ་འོག
        དེ་ནས་རྐང་ཐང་གིས་གད་འོག་ནས་བརྒྱུད་དེ་ཟམ་པའི་ཉེ་རྩར་བཅར་ཚེ།  དཔངས་མཐོ་ལ་དཀྱུས་རིང་བའི་ཟམ་དབྱིབས་བརྗིད་ཆགས་ཤིང་།  བཟོ་བྱེད་ཀྱི་རྒྱུ་ཆ་དང་བསྐྲུན་སྟངས་ཀྱི་ལག་རྩལ་སོགས་ལས་བོད་མི་རིགས་ཀྱི་ཁྱད་དུ་འཕགས་པའི་གསར་བསྐྲུན་གྱི་བློ་སྤོབས་དང་ནུས་སྟོབས་ཇི་བཞིན་མངོན་པ་མཐོང་ཕྱིར། སེམས་ལ་སྐབས་དེ་དུས་འཕྲུལ་ཆས་སོགས་ཀྱི་མཐུན་རྐྱེན་གང་ཡང་མེད་པར་མིའི་བློ་རིག་དང་ངལ་རྩོལ་ཁོ་ནར་བརྟེན་ནས་གཙང་པོ་འཕྲེད་དུ་བརྒལ་བའི་ཟམ་ཆེན་འདི་འདྲ་ཞིག་ཇི་ལྟར་བྱས་ནས་བསྐྲུན་པ་ཡིན་ན་སྙམ་པའི་ཡ་མཚན་གྱི་ཚོར་སྣང་ཟབ་མོ་ཞིག་ངང་གིས་སྐྱེས་སོང་།
        དེ་ཡང་ཟམ་པའི་ལོ་རྒྱུས་མཚམས་སྦྱོར་གྱི་རྡོ་ལེབ་ཅིག་ཡོད་པ་དེའི་ངོས་སུ།  སྤང་རིང་ཟམ་པ་ནི་ཡོན་རྒྱལ་རབས་ཀྱི་མཇུག་དང་མིང་རྒྱལ་རབས་ཀྱི་འགོ་ལ་འཛུགས་ཤིང་།  ལོ་རྒྱུས་ཆེས་རིང་ལ་ད་ལྟའི་བར་ཆེས་རང་སོར་གནས་པའི་ཟམ་པ་ཞིག་ཡིན།  1936ལོར་དམར་དམག་རྒྱང་བསྐྱོད་ཀྱི་སྐབས་སུ་ཟམ་པ་འདི་ནས་བརྒལ་བརྒྱུད་བྱས་པས་ཟམ་པ་འདི་ལ་དམར་དམག་ཟམ་པ་ཞེས་ཀྱང་བརྗོད།  2004ལོར་སི་ཁྲོན་ཞིང་ཆེན་གྱི་རིག་དངོས་རྩ་ཆེན་སྲུང་སྐྱོང་བྱེད་ཡུལ་གྱི་གྲས་སུ་བཞག །2006ལོའི་ཟླ་5པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་རིག་དངོས་རྩ་ཆེན་སྲུང་སྐྱོང་བྱེད་ཡུལ་གྱི་གྲས་སུ་བཞག་ཚུལ་སོགས་བཀོད་འདུག །ཟམ་པའི་མཚམས་སྦྱོར་རྡོ་ལེབ་ཀྱི་ངོས་སུ་ཟམ་པ་བཙུགས་པའི་དུས་རབས་དང་བཟོ་བསྐྲུན་གྱི་ཁྱད་ཆོས་སོགས་ལས།  ཟམ་པ་འདི་བཙུགས་མཁན་སུ་ཡིན་ཐད་ཀྱི་ལོ་རྒྱུས་བཀོད་མེད་ཀྱང་།  དོན་དུ་ཟམ་པ་འདི་ནི་ཉག་རྐེད་མགོན་པོ་རྣམ་རྒྱལ་གྱིས་འཛུགས་པ་ཡིན་ལ་ད་དུང་ཟམ་པ་དེའི་ཉེ་འཁོར་དག་ཏུའང་དེའི་སྐབས་ཀྱི་མཁར་རྫོང་དང་སོ་ཁང་སོགས་ཡོད་ཚུལ་ནི་ས་གནས་དེའི་ཕྱོགས་ཀྱི་ཡུལ་མི་ཚོར་རྒྱུ་མཚན་འཐད་ལྡན་གྱི་བཤད་སྲོལ་རེ་ཡོད་པ་དེ་དག་ཡང་ཧ་ཅང་འདྲ་ཆགས་པོ་འདུག
ཟམ་སྟེང་།
        དེ་ནས་ཟམ་པའི་གཡས་གཡོན་དང་ལྟག་འོག་ཀུན་ལ་བལྟས་པར།  ཟམ་པ་འདི་ནི་ཟམ་གཞི་དང་ཟམ་གདན།  ཟམ་སྣེའི་བསིལ་ཁང་བཅས་ཁག་གསུམ་གྱིས་གྲུབ་འདུག་ལ།  ཟམ་པ་ཧྲིལ་པོར་ལྕགས་འཛེར་གཅིག་དང་ལྕགས་དུམ་གཅིག་ཀྱང་བེད་སྤྱོད་མ་བྱས་པར་ཆ་ཚང་རྡོ་དང་ཤིང་གི་རྒྱུ་ཆས་ཡོངས་སུ་གྲུབ་ཅིང་།  ཐ་ན་མཐུད་མཚམས་ཐམས་ཅད་ཀྱང་ཤིང་གཟེར་གྱིས་འབྲེལ་མཐུད་བྱས་པ་འདིས།  སྐབས་དེའི་ཐུན་མིན་གྱི་མི་རིགས་ཤིག་དང་ས་གནས་ཤིག་གི་གསར་བསྐྲུན་གྱི་ཁྱད་ཆོས་མངོན་གསལ་དུ་བསྟན་པ་མཐོང་དུས།  སྔར་ལས་ལྷག་པའི་མཚར་སྣང་ཞིག་གིས་སེམས་ཁོང་ཡོངས་སུ་ཁེངས་སོང་།
        ད་ལྟ་ཟམ་པ་འདིའི་ཟམ་གདན་གཉིས་ཀྱི་ཕྱི་ནས་ལྕགས་ཀ་བཏང་ཞིང་ལྕགས་སྐུད་ཀྱིས་སྲ་མོར་བཅིངས་ཡོད་པ་མཐོང་བ་འདི་ནི་དུས་ཕྱིས་སུ་རྒྱལ་ཁབ་དང་ས་གནས་སྲིད་གཞུང་གིས་ཟམ་པར་སྲུང་སྐྱོང་བྱས་པ་ཡིན་འདུག
        དེ་ཡང་སྤྱིར་ཟམ་པ་འདི་བཙུགས་མཁན་གྱི་ལོ་རྒྱུས་མི་སྣ་འདི་ཉིད་ལ་ང་ཚོ་བོད་ཁུལ་དུ་བཤད་སྲོལ་སྣ་ཚོགས་ཡོད་དེ།  ལ་ལས་ཉག་རྐེད་མགོན་པོ་རྣམ་རྒྱལ་ནི་སྤྱི་ཚོགས་རྙིང་པའི་དུས་ཀྱི་གྲལ་རིམ་གོང་མའི་གཉའ་གནོན་དང་བཤུ་གཞོག་ལ་མགོ་བོ་མི་སྒུར་བའི་ཞིང་བྲན་མང་ཚོགས་ཀྱི་དཔེ་མཚོན་དཔའ་བོའི་མི་སྣ་ཞིག་ཡིན་ཚུལ་བཤད་ཅིང་།  ཡང་ལ་ལ་ཞིག་གིས་ཉག་རྐེད་བུ་ལོང་མ་ནི་བྱམས་དང་སྙིང་རྗེ་མེད་ལ་སྡུག་རྩུབ་ཧ་ཅང་ཆེ་བའི་བདུད་སྐྱེས་ངན་པ་ཞིག་ཡིན་ཚུལ་སོགས་བཤད་སྲོལ་སྣ་ཚོགས་ཡོད།

        གང་ལྟར་ཁོང་ནི་འདས་ཟིན་པའི་དུས་སྐབས་ཤིག་ཏུ་རིགས་དང་རུས་པ་གདོང་དམར་བོད་ལས་ཆད་ཅིང་ཞུམ་མེད་ཀྱི་དཔའ་ངར་དང་སྙིང་སྟོབས་ལ་བརྟེན་ཏེ་རང་ཉིད་ཀྱི་མི་ཚེ་ཡི་རྐང་རྗེས་འཇིག་རྟེན་འདིར་གསུབ་མེད་དུ་འཇོག་ནུས་པའི་སྐྱེ་བོ་ཁྱད་པ་ཅན་ཞིག་ཡིན་པར་ཐེ་ཚོམ་བྲལ། །

འདི་ནི་ཉག་རྐེད་མགོན་པོ་རྣམ་རྒྱལ་ཚང་གི་མཁར་ཤུལ་གྱི་གྱང་རྙིང་རེད་ཅེས་གནས་དེའི་ཡུལ་མི་འགས་ངོ་སྤྲོད་བྱས་སོང་།  ༼ད་ལྟའི་ཉག་རོང་རྫོང་ལོ་རྔ་ཡུལ་ཚོའི་ཏང་སྲིད་ཁང་གི་ལྟག་རྒྱབ་ཏུ་ལྷག་འདུག༽



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1