དཀར་མཛེས་ཁུལ་གྱི་རྫོང་མཁར་སློབ་ཆུང་གི་རིགས་དང་པོའི་འཛིན་གྲྭ་ཐོག་མ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-29



        སྤྱི་ཟླ་8པའི་ཚེས་26ཉིན།  འབའ་ཐང་རྫོང་མི་དམངས་སློབ་ཆུང་གིས་སློབ་གྲྭའི་ནུས་མང་ཁང་ནང་ནས་རིགས་དང་པོའི་འཛིན་གྲྭ་ཐོག་མའི་འགོ་ཚུགས་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ་དང་།  འབའ་ཐང་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ལི་ཞུའེ་ཕིང་དང་།  འབའ་ཐང་རྫོང་སློབ་གསོ་ཅུས་ཀྱི་སློབ་ལས་ལྟ་ཞིབ་པ་ཝང་ཧོན་ཀྲུང་།  དཀར་མཛེས་ཁུལ་ཁམས་ལྷོ་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་གཞོན་པ་རྒན་འབྲུག་གྲགས།  ཅུས་ལྟ་སྐུལ་སློབ་སྟོན་ཁང་གི་ཀྲུའུ་རེན་ཁྲའོ་ཧུའེ།  ཅུས་སློབ་དཔྱོད་ཁང་གི་ཀྲུའུ་རེན་བཀྲ་ཤིས་ཉི་མ།  འབའ་ཐང་རྫོང་སློབ་འབྲིང་གི་སློབ་གཙོ་གཞོན་པ་སྐལ་བཟང་རྣམ་རྒྱལ་བཅས་དང་།  དེ་མིན་སློབ་གྲྭ་དེའི་རིགས་དང་པོའི་དགེ་སློབ་ཡོངས་དང་།  ཁྱིམ་བདག་བཅས་མཛད་སྒོ་ལ་ཞུགས།
        ཐོག་མར།  སློབ་གྲྭའི་ཀྲི་པུའུ་ཧྲུའུ་ཅི་སློབ་གཙོ་སྒྲོལ་མ་གཡང་འཛོམས་ལགས་ཀྱིས་སློབ་གྲྭའི་ཚབ་བྱས་ནས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མཁན་གྱི་འགོ་ཁྲིད་དང་ལས་གྲོགས་ཚང་མ་ལ་བཀའ་དྲིན་ཞུས་པ་དང་།  སློབ་གྲྭས་རིགས་དང་པོའི་འཛིན་གྲྭ་ཐོག་མ་བཙུགས་པའི་དོན་སྙིང་དང་དེར་ཡོད་པའི་གནད་དོན་དག་མདོར་བསྡུས་པའི་སྒོ་ནས་བཤད་པར་མ་ཟད།  མོས་བཤད་རྒྱུར།  མིག་སྔར་ཁམས་ལྷོ་མཐོ་རིམ་སློབ་འབྲིང་དང་འབའ་ཐང་སློབ་འབྲིང་བཅས་ཀྱི་ནང་དུ་རིགས་དང་པོའི་འཛིན་གྲྭ་ཡོད་པའི་རྐྱེན་ཀྱིས།  སློབ་ཆུང་རིམ་པའི་རིགས་དང་པོའི་འཛིན་གྲྭ་འདི་བཙུགས་ཕོད་པ་རེད།  དེའི་ཕྱིར་རིགས་དང་པོའི་འཛིན་གྲྭ་འདི་ད་ལྟ་སློབ་གྲྭ་ཡོངས་ལ་དར་ཡོད་པ་རེད།  རིགས་དང་པོའི་འཛིན་གྲྭ་འདི་ནི།  ལོ་བརྒྱའི་མི་དམངས་སློབ་གྲྭའི་བྱ་བ་ལ་སྔར་མེད་ཀྱི་གསར་བཏོད་ཅིག་ཡིན་པ་དང་།  དེ་ལས་ཀྱང་བོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དང་སྲོལ་རྒྱུན་དར་སྤེལ་དང་རྒྱུན་འཛིན་བྱས་པ་དང་།  བྱིས་པ་དག་ལ་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་ངེས་ཤེས་ལོན་དུ་འཇུག་པའི་དོན་བཟང་ཞིག་ཀྱང་རེད་ཅེས་བཤད།
        གཤམ་དུ་རིགས་དང་པོའི་དགེ་རྒན་འཐུས་མིས་ཚང་མ་ལ་འཛིན་གྲྭའི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་།  ནུས་ཤུགས་ཡོད་དགུ་བཏོན་ནས་རང་འགན་ཕྲག་ལ་བླངས་ནས་འགོ་ཁྲིད་དང་ཁྱིམ་བདག་ཚང་མའི་རེ་བ་སྟོང་ཟད་དུ་མི་གཏོང་ཞེས་བཤད།
        ཚོགས་ཐོག་ཏུ་འབའ་ཐང་རྫོང་སློབ་ལས་ལྟ་ཞིབ་པ་ཝང་ཧོན་ཀྲུང་གིས་མི་དམངས་སློབ་ཆུང་གི་རིགས་དང་པོའི་འཛིན་གྲྭ་བཙུགས་པ་འདི་གལ་ཆེན་ཡིན་ཚུལ་ཡང་ཡང་བཤད་པར་མ་ཟད།  འདི་ནི་སྣ་མང་སློབ་གསོའི་དཔེ་དབྱིབས་མཉམ་སྒྲུབ་དང་།  སློབ་མ་སྣ་མང་ཅན་དུ་གཏོང་བའི་ལྡོག་མེད་ཀྱི་འཕེལ་རྒྱས་ཤིག་རེད་ཅེས་བཤད།  སློབ་ལས་ལྟ་ཞིབ་པ་ཝང་ཧོན་ཀྲུང་གིས་བཤད་རྒྱུར།  དཀར་མཛེས་ཁུལ་སློབ་གསོ་ཅུས་དང་རྫོང་སློབ་གསོ་ཅུས་བཅས་ཀྱིས་ལོ་འགའི་སྔོན་ནས་སློབ་ཆུང་རིམ་པའི་ནང་དུ་རིགས་དང་པོའི་འཛིན་གྲྭ་བཙུགས་རྒྱུའི་གྲ་སྒྲིག་བྱས་པ་དང་།  ན་གཞོན་དགེ་རྒན་མང་པོ་ཕྱི་ལ་མངགས་ནས་གསབ་སྦྱོང་བྱས་པ་དང་ལྟ་སྐོར་དང་ཞིབ་འཇུག་སོགས་ཀྱང་མང་པོ་ཞིག་བྱས་པ་རེད།  དེ་རིང་གཞི་ནས་མི་དམངས་སློབ་ཆུང་ངམ་ལོ་བརྒྱའི་སློབ་གྲྭ་ནང་དུ་རིགས་དང་པོའི་འཛིན་གྲྭ་རྐང་བཙུགས་པ་འདི་ལ་ཧ་ཅང་དགའ་པོ་བྱུང་ཞེས་བཤད་ཅིང་།  ད་དུང་རིགས་པོའི་འཛིན་གྲྭའི་ལས་དོན་ཐད་ལ་རེ་བ་གསུམ་བཏོན་པ་སྟེ། 
        གཅིག་ནས་རིགས་དང་པོའི་འཛིན་གྲྭའི་ངེས་གནས་ཡང་དག་པར་ཁོང་དུ་ཆུད་པ་དང་ཁ་ཕྱོགས་གསལ་བ།  ཁྱད་ཆོས་དོད་དགོས།  གཉིས་ནས་རིགས་དང་པོའི་དགེ་རྒན་རང་ཉིད་ཀྱི་ཆེད་ལས་ཤེས་རྟོགས་མཐོ་རུ་གཏོང་བ་དང་།  ནམ་རྒྱུན་བྱ་བའི་ཁྲོད་སློབ་ལ་བརྩོན་ནས་བྱེད་ཐབས་བཟང་པོའི་ཉམས་མྱོང་འཚོལ་སྡུད་བྱ་དགོས།  གསུམ་ནས་སློབ་གྲྭས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་པ་དང་།  གང་སར་དྲིལ་བསྒྲགས་བཏང་ནས་སྤྱི་ཚོགས་དང་།  དགེ་སློབ་ཁྱིམ་བདག་བཅས་ཀྱིས་གོ་སྐབས་དམ་འཛིན་དང་དོ་དམ་བཟང་པོ་བྱེད་སའི་རྣམ་པ་ལེགས་པོ་ཞིག་ཆགས་སུ་འཇུག་དགོས།
        ཁམས་ལྷོ་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་གཞོན་པ་རྒན་འབྲུག་གྲགས་དང་རྫོང་སློབ་འབྲིང་གི་སློབ་གཙོ་གཞོན་པ་རྒན་སྐལ་བཟང་རྣམ་རྒྱལ་གཉིས་ཀྱིས་བཤད་རྒྱུར།  མི་དམངས་སློབ་ཆུང་ལ་སློབ་གསོའི་ངེས་ཤེས་ལྡན་ཞིང་མི་སེར་ཆེད་དུ་བསམ་མནོ་གཏོང་མཁན་གྱི་འགོ་ཁྲིད་དང་དགེ་རྒན་ཡོད་པ་ལ་ཧ་ཅང་དགའ་པོ་བྱུང་ཞེས་བཤད་པ་དང་།  ཁོང་གཉིས་ཀྱི་ལོ་མང་གི་སློབ་གསོའི་ཉམས་མྱོང་ཟུང་དུ་སྦྲེལ་ནས་གོ་བདེ་བའི་ངང་ནས་གསུང་བཤད་གནང་བ་དང་།  བོད་མི་རིགས་ཀྱི་རིགས་གནས་དར་སྤེལ་དང་རྒྱུན་འཛིན་དགོས་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་གྱི་ཁ་བརྡ་བྱས་པ་དང་།  རིགས་དང་པོའི་ད་ཡོད་གནས་ཚུལ་དང་མདུན་ལམ་ལ་དབྱེ་ཞིབ་བྱས།  ད་དུང་རིགས་དང་པོ་བཏོན་ན་མཐོ་རྒྱུགས་ལ་སོགས་པའི་ཐད་ཀྱི་ལེགས་ཆ་བསྟན་པ་དང་།  དགེ་སློབ་དང་ཁྱིམ་བདག་གིས་རིགས་དང་པོའི་འཛིན་གྲྭའི་བྱ་བ་གཉེར་རྒྱུ་ལ་སྔར་ལས་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་ཕྱིན་པ་རེད།
        མཇུག་ཏུ།  ཁྱིམ་བདག་འཐུས་མི་ཨ་རོང་དཔལ་ལྡན་གྱིས་སློབ་མ་དང་ཁྱིམ་བདག་གི་ཚབ་བྱས་ནས་ཏང་དང་སྲིད་གཞུང་གི་སྲིད་ཅུས་བཟང་པོ་ལ་བཀའ་དྲིན་ཞུས་པ་དང་།  ནུས་ཤུགས་ཡོད་དགུས་སློབ་གྲྭའི་བྱ་བ་ལ་རྒྱབ་སྐྱོར་བྱེད་ངེས་ཡིན་ཅེས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1