གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༨ཚེས་༣༠ཉིན།

ཞི་ཅིན་ཕིང་གིས་རྒྱལ་ཁབ་བཅུའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་གསར་པའི་རྒྱལ་ཡིག་དང་ལེན་མཛད།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཁབ་བཅུའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་གསར་པས་སྤྲད་པའི་རྒྱལ་ཡིག་དང་ལེན་མཛད།
        སྟོན་ཟླ་བརྒྱད་པའི་ཟླ་མཇུག་གི་པེ་ཅིན་དུ་ནམ་ཟླ་ཧ་ཅང་བཟང་བ་དང་། མི་དམངས་ཚོགས་ཁང་ཆེན་མོའི་བྱང་སྒོ་རུ་སྐུ་མགྲོན་བསུ་བའི་རོལ་དབྱངས་གྲགས་པ་དང་མཉམ་དུ་གསར་དུ་འགན་ཁུར་བའི་གཞུང་ཚབ་ཆེན་མོ་རྣམས་རེ་རེ་བཞིན་པེ་ཅིན་ཚོམས་ཁང་དུ་ཡོང་ནས་ཞི་ཅིན་ཕིང་ལ་རྒྱལ་ཡིག་སྤྲད། ཞི་ཅིན་ཕིང་གིས་ཁོ་ཚོ་རེ་རེ་བཞིན་ཕྱག་འཇུ་གནང་བར་མ་ཟད་ཚང་མ་དང་མཉམ་དུ་དྲན་རྟེན་གྱི་མཉམ་པར་བསྐྱོན། གསར་དུ་འགན་ཁུར་བའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་བཅུ་ནི། མཱ་ལིས་ཀྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཏ་ཁི་དང་ལེ་སའོ་ཐོའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་སེ་ཐི་ནཱ་ཉི། ཕ་ལི་སི་ཐན་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཧཱ་ཧྲི་མུས། ཁཱ་ཐར་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཏུའུ་ཞི་མུས། ཨོ་སི་ཁྲུ་ལི་ཡའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་པའོ་ཀོན་ཧན། ཅིན་པ་པུའུ་ཝེའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཆེ་ཏུང་ཏོ། ཨེ་སོ་ནེ་ཡའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཝུན་ཁང་ཏི། མཱ་ལེ་ཞི་ཡའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ནུའུ་ཞི་ཨར་ཝན། མར་ཏེ་ཝུན་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཨ་ཚི་མཱ། ཀུའེ་ནི་ཡའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཏུའུ་ཨར་བཅས་རེད།
        ཞི་ཅིན་ཕིང་གིས་རྒྱལ་ཁབ་སོ་སོས་གསར་དུ་བསྐོས་པའི་གཞུང་ཚབ་པ་རྣམས་ཀྲུང་གོར་ཡོང་ནས་འགན་ཁུར་བར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་རྒྱལ་ཁབ་སོ་སོའི་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་སོ་སོ་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་ལ་སྐུལ་འདེད་གཏོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱས་ཏེ། རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་སོ་སོའི་གཞུང་ཚབ་པས་འགན་ནུས་ལག་བསྟར་བྱེད་པའི་ཐད་ལ་སྟབས་བདེ་དང་རྒྱབ་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད་པ་དང་། གཞུང་ཚབ་པ་རྣམས་ཀྱིས་ཀྲུང་གོ་དང་རྒྱལ་ཁབ་སོ་སོའི་བར་གྱི་མཛའ་མཐུན་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས། ཕྱོགས་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་ཧུར་བརྩོན་རང་བཞིན་གྱི་ནུས་པ་བླ་ལྷག་འདོན་ཐུབ་པར་རེ་བ་བྱེད་བཞིན་ཡོད་ཟེར།
        གཞུང་ཚབ་པ་རྣམས་ཀྱིས་རང་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཞི་ཅིན་ཕིང་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་པར་མ་ཟད། ལོ་ངོ་བདུན་ཅུའི་རིང་ལ་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཀྱི་ལས་དོན་ཐད་བཞག་པའི་བྱས་རྗེས་གལ་ཆེན་ལ་གདེང་འཇོག་ཚད་མཐོན་པོ་བྱས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1