དཀར་མཛེས་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་ཕུན་སུམ་ཚོགས་པའི་ངང་ནས་མཇུག་བསྒྲིལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-30



     དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད། ཁུལ་གྱི་ལུས་རྩལ་མཉམ་སྤྱོད་དང་བྱེད་སྒོ་མཉམ་སྤྱོད་བྱས་པ་རེད། ཉིན་བདུན་གྱི་རིང་ལ་ཚ་ཚ་འུར་འུར་གྱིས་འགྲན་རྩོད་བྱས་པར་བརྒྱུད་རང་ཁུལ་གྱི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པའི་འགྲན་བསྡུར་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པའི་ངང་ནས་ལེགས་གྲུབ་བྱུང་ཞིང་། ལྕགས་ཟམ་རྫོང་དང་བརྒྱད་ཟིལ་རྫོང་། དར་མདོ་གྲོང་ཁྱེར་བཅས་ཀྱིས་ཁག་བགོས་ནས་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་རག་ཡོད་པ་རེད། སྤྱི་ཟླ8པའི་ཚེས28ཉིན་གྱི་དགོང་མོར། དཀར་མཛེས་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པའི་མཇུག་བསྒྲིལ་བའི་མཛད་སྒོ་དེ་ཁུལ་མི་རིགས་ལུས་རྩལ་ཁང་དུ་གཉེར་བ་རེད། དཀར་མཛེས་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞའོ་ཡིའུ་ཚའེ་ཡིས་མཇུག་བསྒྲིལ་བའི་མཛད་སྒོར་ཤིས་ཚིག་ཕུལ་བར་མ་ཟད་སྐབས་འདིའི་ལུས་རྩལ་འགྲན་ཚོགས་མཇུག་བསྒྲིལ་བའི་ཁྱབ་བསྒྲགས་གནང་བ་རེད།
    དཀར་མཛེས་ཁུལ་གྱི་འགོ་ཁྲིད་བྱམས་བློ་དང་ཏེང་ལི་ཅུན། ལི་ཀྲི་མིང་། ཝང་ཁྲེང་ཁང་། ཧོ་ཁང་ལིན། ཨ་རྒྱས་བུ་ཕྲུག་བཅས་མཇུག་བསྒྲིལ་བའི་མཛད་སྒོའི་ནང་ཕེབས་ཤིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེན་ཅིན་གྱིས་མཇུག་བསྒྲིལ་བའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
    ཞའོ་ཡིའུ་ཚའེ་ཡིས་ཤིས་ཚིག་ནང་དང་ཐོག་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ཨུ། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ལུས་རྩལ་པ་དང་འཐུས་མི་ཚོགས་པར་སྤྲོ་སེམས་འཕེལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་། ལུས་རྩལ་པ་དང་རྩལ་ཁྲིད་པ། ཤན་འབྱེད་པ་བཅས་དང་དེ་བཞིན་སྨྱན་སྦྱོར་གསར་འགོད་པ་དང་འཁྲབ་སྟོན་པ། ལས་སྒྲུབ་པ། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་རྔུལ་ཆུ་ལས་ངོ་མཚར་བཏོན་ལ་འབད་བརྩོན་ལས་ཕུགས་འདུན་གྲུབ་ཅིང་།འགྲན་བསྡུར་བྱེད་རིང་ལུས་རྩལ་པ་ཡོངས་ཀྱིས་སྙིང་རུས་ཆེན་པོས་བརྩོན་ལེན་བྱས་ཏེ་འགྲན་བསྡུར་གྱི་ཆུ་ཚད་དང་ཉམས་འགྱུར། མཐུན་སྒྲིལ་བཅས་བཏོན་ཡོད་ལ། སྔར་བས་མགྱོགས་པ་དང་དེ་བས་མཐོ་བ། དེ་ལས་སྟོབས་ལྡན་བཅས་ཀྱི་ལུས་རྩལ་སྙིང་སྟོབས་བཅངས་ཏེ་ཁུལ་ཡོངས་ཀྱི་མི་དམངས་ལ་ཆུ་ཚད་མཐོ་བའི་ལུས་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཏོན་ཡོད། འདི་ནི་རང་ཁུལ་གྱི་ལུས་རྩལ་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པའི་གཅིག་སྡུད་ཀྱི་འགྲེམས་སྟོན་ཞིག་ཡིན་ལ། རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ངོ་མཚར་མཚོན་ཚུལ་ཞིག་ཀྱང་རེད།
    ཞའོ་ཡིའུ་ཚའེ་ཡིས་ལུས་རྩལ་སྟོབས་ཆེར་ཕྱིན་ན་ཀྲུང་གོ་སྟོབས་ཆེར་འགྲོ་བ་དང་རྒྱལ་ཁབ་དར་རྒྱས་ཕྱིན་ན་ལུས་རྩལ་དར་རྒྱས་ཡོང་ཐུབ། ལོ་རྒྱུས་དང་དོན་དངོས་ཀྱི་ཐོག་ནས་ལུས་རྩལ་གྱི་སྟོབས་ཤུགས་ཆེ་བས་ན་རྒྱལ་ཁབ་སྟོབས་ཤུགས་ཆེ་བ་དང་ཆབ་སྲིད་བརྟན་བརླིང་། མི་དམངས་ཕྱུག་པོ་བཅས་ཡིན་པ་གསལ་པོར་མཚོན་ཞིང་། རྒྱལ་ཁབ་དར་རྒྱས་བྱུང་ན་ལུས་རྩལ་ལ་མཐོང་ཆེན་དང་འགུལ་སྐྱོད་ལ་བརྩི་མཐོང་། བདེ་ཐང་ལ་གཅེས་སྤྲས་བཅས་བྱེད་པ་རེད། རིམ་ཁག་སྡེ་ཚན་ཁག་གིས་ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུས་རྩལ་སྟོབས་ཆེ་བའི་རྒྱལ་ཁབ་འཛུགས་སྐྱོང་བྱ་དགོས་ཞེས་པའི་རྒྱས་བཤད་གལ་ཆེན་ལག་བསྟར་བྱས་ཏེ་མང་ཚོགས་ཀྱི་ལུས་རྩལ་དང་རྩལ་འགྲན་ལུས་རྩལ། ལུས་རྩལ་ཐོན་ལས་བཅས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་རྒྱུའི་རེ་བ་ཡོད། ཚང་མས་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་འབད་འཐབ་བྱས་ནས་རང་ཉིད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ལུས་རྩལ་གྱི་སྙིང་སྟོབས་ཕྱིར་འཁྲིད་པ་དང་འགྲན་བསྡུར་གྱི་སྤྱོད་ཚུལ་ཕྱིར་འཁྲིད་པ། མཐུན་སྒྲིལ་གྱི་སྟོབས་ཤུགས་ཕྱིར་ཁྲིད་དེ་དཔལ་འབྱོར་དར་རྒྱས་གོང་འཕེལ་དང་དམངས་འཚོ་རྒྱུན་མཐུད་ལེགས་བཅོས། སྤྱི་ཚོགས་ཡུན་རིང་བདེ་འགོད་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ལུས་རྩལ་བྱེད་སྒོ་དེ་ཀུན་ཕན་ཆེ་ཤོས་ཀྱི་དམངས་འཚོའི་བདེ་སྐྱིད་ཅིག་ཏུ་འགྱུར་བ་དང་། ལུས་རྩལ་རིག་གནས་དེ་མི་རིགས་ཀྱི་བརྩེ་སེམས་ཟབ་ཤོས་སུ་འགྱུར་བ། ལུས་རྩལ་སྙིང་སྟོབས་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཁྲུག་ཆ་དོད་ཤོས་སུ་འགྱུར་བ། ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་ཐུབ་པ་བཅས་ཀྱི་དམངས་ཕྱུག་ཐོན་ལས་ཤིག་ཏུ་འགྱུར་བ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཁུལ་ལུས་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ65དང་དངུལ་གྱི་རྟགས་མ65 ཟངས་ཀྱི་རྟགས་མ57བཅས་ཁྱོན་བསྡོམས་མིའི་ཐེངས་གྲངས6གིས་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པའི་ཟིན་ཐོ་ཁག6ལས་བརྒལ་ཡོད་པ་རེད། དེ་དང་ཆབས་ཅིག 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པའི་འགྲན་བསྡུར་སྒྲིག་སྲོལ་གྱི་སྤྱིའི་སྒྲིག་སྲོལ》དང《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པའི་ལུས་རྩལ་ཀུན་སྤྱོད་ཀྱི་བྱ་དགའ་དཔྱད་འདེམས་བྱ་ཐབས》 གཞིར་བཟུང་། འཐུས་མི་ཚོགས་པ20ཡིས་འགྲན་བསྡུར་ཁྲོད་དྲང་གཞག་འགྲན་བསྡུར་གྱི་ལུས་རྩལ་ཀུན་སྤྱོད་དང་ལུས་རྩལ་སྙིང་སྟོབས་ལ་བརྩི་སྲུང་ནན་པོ་ཞུས་ནས་སྙིང་སྟོབས་ཆེན་པོས་བརྩོན་ལེན་དང་འགྲན་བསྡུར་གྱི་ཉམས་འགྱུར། འགྲན་བསྡུར་གྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་རེད། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཐོག་འཐུས་མི་ཚོགས་པ20ཡིས་ལུས་རྩལ་ཀུན་སྤྱོད་ཀྱི་དར་སྲོལ་བྱ་དགའ་རག་པ་རེད།
        མཇུག་མ་བསྒྲིལ་སྔོན་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་སླེ་གྲུག་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་བརྒྱད་ཟིལ་རུ་ཁག་དང་ཁུལ་དམིགས་བསལ་ཉེན་རྟོག་ཡན་ལག་རུ་ཁག་གི་སླེ་གྲུག་རུ་ཁག་གིས་ཡུལ་དངོས་ཀྱི་ལྟད་མོ་བར་ངོ་མཚར་ཆེ་བའི་སླེ་གྲུག་མཛའ་གྲོགས་འགྲན་བསྡུར་ཞིག་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1