ཞི་ཅིན་ཕིང་གིས་ཨུ་ཟ་བྷེ་ཁེ་སི་ཐན་གྱི་ཙུང་ལི་ལ་མཇལ་འཕྲད་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-30




ཟླ་8ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཨུ་ཟ་བྷེ་ཁེ་སི་ཐན་གྱི་ཙུང་ལི་ཨ་ལི་པོ་ཧྥུའུ་ལ་མཇལ་འཕྲད་གནང་བ་རེད།
     ཚེས་28ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཨུ་ཟ་བྷེ་ཁེ་སི་ཐན་གྱི་ཙུང་ལི་ཨ་ལི་པོ་ཧྥུའུ་ལ་མཇལ་འཕྲད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཨ་ལི་པོ་ཧྥུའུ་ལ་ཙུང་ཐུང་མེར་ཅི་ཡེ་ཡུའེ་ཧྥུའུ་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རོགས་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་ཟ་བྷེ་ཁེ་སི་ཐན་དབར་གྱི་འབྲེལ་བ་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་རྒྱུན་མི་ཆད་པར་ཡོང་བའི་འགག་རྩ་ནི་ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་དང་གཉིས་ཕན་རོགས་རེས་ཀྱི་བསམ་བློར་བརྩི་སྲུང་ཞུ་བ་དང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་རབས་ནས་མི་རབས་བར་མཛའ་མཐུན་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་བསམ་གཞི་མཐའ་འཁྱོངས་བྱེད་པ་བཅས་ལ་ཐུག་ཡོད། ཀྲུང་གོ་དང་ཨུ་ཟ་བྷེ་ཁེ་སི་ཐན་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པས། དེར་ངས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཁྱེད་རང་ད་ཐེངས་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨུ་ཟ་བྷེ་ཁེ་སི་ཐན་སྲིད་གཞུང་དབར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་འཚོགས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་ཧ་ཅང་དགའ་པོ་བྱུང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡང་དག་པའི་ལམ་བུའི་ཐོག་རྒྱུན་འཁྱོངས་ཐུབ་ཚེ་ཕྱོགས་གཉིས་པོས་གཏན་འཁེལ་བྱས་པའི་མཉམ་ལས་ཀྱི་དམིགས་ཚད་ཁག་མངོན་འགྱུར་ཐུབ་ངེས་རེད་ཅེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས་ཀྲུང་ཨུ་ཕྱོགས་གཉིས་པོས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། རྒྱལ་མཚམས་བརྒལ་བའི་གཞུང་ལམ་དང་ལྕགས་ལམ་བེད་སྤྱོད་ཡག་པོ་བྱས་ནས། ཕན་ཚུན་འབྲེལ་མཐུད་དམ་ཟབ་བྱེད་པ་དང་། དཔལ་འབྱོར་ཚོང་དོན་དང་། མ་འཇོག མཐོ་གསར་ལག་རྩལ། ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཉམ་ལས་ཀྱི་གསལ་ཆ་གསར་པ་གཏོད་པ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁེ་སི་ཐན་གྱི་ཞིང་ལས་ཐོན་རྫས་སྤུས་ལེགས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཨུ་ཟ་བྷེ་ཁེ་སི་ཐན་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཡིན་པའི་ངོས་ནས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས“སྟོབས་ཤུགས་གསུམ”དང་དུག་འཚོང་སོགས་རྒྱལ་བརྒལ་དང་སྒྲིག་འཛུགས་ཡོད་པའི་ཉེས་གསོག་ལ་ནུས་ཤུགས་ཡོད་རྒུས་རྡུང་རྡེག་བཏང་སྟེ་ས་ཁུལ་གྱི་བདེ་འཇགས་དང་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 
     ཞི་ཅིན་ཕིང་གིས་ཀྲུང་གོས་ལོ་རྒྱུས་ཐོག་གི་རྒྱལ་ཁབ་གཞན་དག་ལྟར་རྒྱལ་ཁབ་སྟོབས་ཆེར་ཕྱིན་ཚེ་བཙན་དབང་སྤྱོད་པའི་ལམ་རྙིང་པར་གཏན་ནས་སྐྱོད་མི་སྲིད། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆེད་དུ་ཡིན་ལ། འཛམ་གླིང་ཞི་བདེ་དང་མིའི་རིགས་ཡར་ཐོན་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བའང་འབུལ་སྲིད། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁེ་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱས་ནས་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཨུ་ཟ་བྷེ་ཁེ་སི་ཐན་ཕྱོགས་གཉིས་པོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་གཞན་དག་དང་མཉམ་དུ་ལས་དབང་གཅིག་མཐུན་ཚོགས་སྤྱིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ཆུ་ཚད་མཐོ་རུ་བཏང་ནས། རྩ་འཛུགས་དེ་ཉིད་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ས་ཁུལ་དང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཞེས་གསུངས་པ་རེད། 
     ཨ་ལི་པོ་ཧྥུའུ་ཡིས་ཙུང་ཐུང་མེར་ཅི་ཡེ་ཡུའེ་ཧྥུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་ཚུལ་བརྒྱུད་བསྒྲགས་གནང་བ་རེད། ཙུང་ཐུང་མེར་ཅི་ཡེ་ཡུའེ་ཧྥུའུ་སྤྲོ་སེམས་འཁོལ་བའི་ངང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་དབུ་ཁྲིད་འོག་ཀྲུང་གོ་སྔར་བས་སྟོབས་འབྱོར་མངའ་ཐང་རྒྱས་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་སྔ་ཙམ་མངོན་འགྱུར་ཡོང་བའི་སྨོན་འདུན་ཞུས་པ་རེད་ཅེས་གསུངས། 
     ཨ་ལི་པོ་ཧྥུའུ་ཡིས་ཀྲུང་གོ་ནི་ཨུ་ཟ་བྷེ་ཁེ་སི་ཐན་ཕྱོགས་ཀྱི་ཆེས་མཛའ་མཐུན་དང་ཆེས་བློས་འགེལ་ཆོག་པའི་ཁྱིམ་མཚེས་དང་རོགས་ཟླ་ཞིག་ཡིན། ཨུ་ཟ་བྷེ་ཁེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱ་རྒྱུ་ཡིན། ཙུང་ཐུང་མེར་ཅི་ཡེ་ཡུའེ་ཧྥུའུ་ཡིས་ཨུ་ཟ་བྷེ་ཁེ་སི་ཐན་ཕྱོགས་ལ་ཆེད་དོན་ལས་ཁུངས་ཤིག་བཙུགས་ནས་ཀྲུང་གོ་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་སྐུལ་འདེད། དམངས་ཁྲོད་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་རྒྱ་ཆེར་སྐྱེད། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་མཐུན་ཟབ་སྤེལ་བཅས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གཅིག་གྱུར་བཅས་ལ་སྲུང་སྐྱོང་བྱ་རྒྱུར་ཨུ་ཟ་བྷེ་ཁེ་སི་ཐན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས“སྟོབས་ཤུགས་གསུམ”ལ་རྡུང་རྡེག་གཏོང་རྒྱུར་གཞོགས་འདེགས་ཧུར་ཐག་བྱེད་འདོད་ཡོད་ཅེས་གསུངས་པ་རེད། 
     དབྱང་ཅེ་ཁྲི་དང་། ཝང་དབྱི། ཧོ་ལི་ཧྥུང་སོགས་ཚོགས་ཐོག་ཏུ་ཕེབས་ཡོད།
ཟླ་8ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཨུ་ཟ་བྷེ་ཁེ་སི་ཐན་གྱི་ཙུང་ལི་ཨ་ལི་པོ་ཧྥུའུ་ལ་མཇལ་འཕྲད་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1