སྨན་རྩྭ་འདེབས་འཛུགས་ཀྱི་ལག་རྩལ་གསོ་སྦྱོང་བྱེད་སྒོ་སྤེལ།

གྲགས་པ་བསྟན་འཛིན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-02




      ཉེ་བའི་སྔོན་དུ། ཁུལ་ཚན་རྩལ་ཅུས་དང་མཛོད་དགེ་རྫོང་ཚན་རིག་ཞིང་ལས་ཅུས་གཉིས་ཀྱིས་ཨ་སྐྱིད་རོང་དང་ཆོས་རྗེ་ཡུལ་ཚོ་རུ་དུས་ཡུན་ཉིན་གཅིག་གི་རིང་ལ་སྨན་རྩྭ་འདེབས་འཛུགས་ཀྱི་དངོས་སྤྱོད་ལག་རྩལ་གསོ་སྦྱོང་བྱེད་སྒོ་སྤེལ།
      ཐེངས་འདིའི་གསོ་སྦྱོང་དུ་སི་ཁྲོན་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་སློབ་གྲྭའི་དགེ་རྒན་ཆེ་མོ་ལི་དབྱིང་ཅུན་དང་ཆུ་ཆེན་རྫོང་ཚན་རྩལ་ཞིང་ལས་ཅུས་ཀྱི་མཐོ་རིམ་ལག་རྩལ་བ་ལི་ཅན་གཉིས་གདན་དྲངས་ཏེ། མཛོད་དགེ་རྫོང་གི་ཀྲུང་ལུགས་སྨན་རྩྭའི་ཐོན་ལས་འཕེལ་རྒྱས་ཀྱི་དོན་དངོས་ལ་དམིགས་ནས་ལྕུམ་དང་ལྕ་བ་སོགས་སྨན་རྩྭ་འདེབས་གསོའི་དོ་དམ་དང་གཞུག་གི་ལས་སྣོན་ཐད་དུ་སློབ་སྟོན་དང་བསམ་ཚུལ་ལྷུག་བརྗོད་བྱས་པར་མ་ཟད། སྨན་རྩྭ་འདེབས་འཛུགས་ཀྱི་ཁྲོད་དུ་འཕྲད་པའི་དངོས་ཡོད་གནད་དོན་ལའང་ངང་རྒྱུད་རིང་པོས་ལན་བཏབ།
       སི་ཁྲོན་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་སློབ་གྲྭའི་དགེ་རྒན་ཆེན་མོ་ལི་དབྱིང་ཅུན་གྱིས། ང་ལྕུམ་གྱི་རྟེན་གཞི་འདིར་སླེབས་རྗེས། རྟེན་གཞི་འདི་ནི་རྒྱལ་ཡོངས་ནས་རྫས་ལུད་མི་འཇོག་པ་དང་། ཞིང་སྨན་མི་རྒྱག་པའི་སྐྱེ་ཁམས་ལྗང་མདོག་འདེབས་འཛུགས་ཀྱི་རྟེན་གཞི་འབའ་ཞིག་ཡིན་པ་དང་ལྕུམ་དེ་ལྟར་འདེབས་པའི་ཐབས་ལམ་རྒྱུན་འཁྱོངས་ཐུབ་ཚེ་མདུན་ལམ་ཆེན་པོ་ཡོད་ངེས་རེད། ང་ཚོས་དྲིལ་སྒྲོག་ཡག་པོར་བྱས་ཏེ་རྒྱལ་ཡོངས་ཀྱི་སྨན་རྫས་ཉོ་སྒྲུབ་པ་ལ་སྤུས་ལེགས་ཀྱི་སྨན་རྩྭ་འདི་གར་ཡོད་པ་ཤེས་སུ་འཇུག་དགོས། ཞེས་བཤད།

       ད་ཐེངས་ཀྱི་གསོ་སྦྱོང་དུ་ཨ་སྐྱིད་རོང་ཡུལ་ཚོ་དང་ཆོས་རྗེ་ཡུལ་ཚོའི་ཞིང་འབྲོག་པ་106ལྷག་ཙམ་ཞུགས་ཡོད་པ་དང་ཀྲུང་གུང་གིས་དཔེ་དེབ་100ལྷག་ཙམ་སྤྲད། གསོ་སྦྱོང་བྱས་པ་བརྒྱུད་དེ། ལག་རྩལ་མི་སྣ་དུད་ཚང་དུ་ཐད་ཀར་བསྐྱོད་པ་དང་། སོན་བཟང་ཐབས་བཟང་ཐད་ཀར་ས་གནས་སུ་བསྐྱོད་པ། ལག་རྩལ་གྱི་གཙོ་གནད་དམར་ཁྲིད་བྱེད་པ་བཅས་འཁྱོངས་པར་བྱས་ནས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཀྱི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས་ལག་རྩལ་གསར་པ་སྤྱད་དེ་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་སྐུལ་ཁྲིད་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1