གཙོ་ངོས།>> རྩོམ་རིག>>ལྷུག་རྩོམ།

ཤེལ་སྒྲོན། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༠༢ཉིན།

༄༅།། རྩེད་གྲོགས།


རྨ་ལྷོ། ཤེལ་སྒྲོན།
        ནངས་མོར། ཁྱིམ་མི་དང་མཉམ་དུ་ནངས་ཇ་འཐུངས་རྗེས།ང་རང་སྒོ་ཁའི་ས་ལམ་དེ་བརྒྱུད་ནས་གང་སར་འཆམ་འཆམ་དུ་སོང་།
        དེ་རིང་གི་ཉི་མ་ལྷག་ཏུ་དྲོ་སྟེ།ནམ་མཁའ་ན་སྤྲིན་པ་ཐར་ཐོར་དུ་ཡོད་པ་ནི་མཐའ་མེད་པའི་སྔོ་བསངས་དེ་ལ་ཕྲ་བཏབ་པ་དང་མཚུངས། རྩྭ་རྩི་ཤིང་ཐམས་ཅད་ཀྱིས་ཉི་མའི་དྲོད་ཁོལ་བཅུད་དུ་སྒོམ་བཞིན་ཤེད་ཀྱིས་སྐྱེས་ཤིང་གྱེན་དུ་མཆོངས།མཁར་གྱི་གྱང་སྟེང་ན་བྱི་ལ་མ་སྨད་གཉིས་ཀྱིས་རྐང་ལག་བརྐྱངས་ནས་ཉི་མར་ལྡེས་འདུག ཅི་འདྲའི་སྐྱིད་སྣང་དང་བག་ཡངས་ཀྱིས་ཁེངས་པའི་དབྱར་གཞུང་ཞིག་རེད་ཨང་སྙམ་མུར་ངའི་སེམས་པར་སྨྲ་མི་ཤེས་པའི་སྤྲོ་སྣང་ཞིག་གིས་ཁེངས་བྱུང་།
        ལོ་བཅུ་ལ་སོན་པའི་ཕ་སྤུན་སྲིང་མོས་སྡེ་གཞུང་གི་ཀླུ་སྡོང་ཆེན་པོ་དེའི་ལོགས་སུ་མོའི་རྩེད་གྲོགས་ཚོ་དང་མཉམ་དུ་ཟ་མ་གཡོ་སྐོལ་བྱེད་པའི་རོལ་རྩེད་རྩེ་བཞིན་འདུག་ལ།མོའི་ལོ་དྲུག་ལ་སོན་པའི་མིང་བོ་ཆུང་ཆུང་དེར་ཁ་ཡ་བྱེད་མཁན་མེད་པས་ཁོ་ཡང་ནན་གྱིས་དེ་ཚོའི་གྲལ་ལ་འཚང་གིན་འདུག
        རྣམ་པ་དེ་ནི་ཅི་འདྲའི་ཆ་ཡོད་ཅིག་རེད་ལ། དེ་ནི་བྱིས་པ་ཚོར་དབང་བའི་བྱིས་དུས་ཀྱི་ལོ་ཟླ་ཡིན་ལ། སྡེ་བ་འདིའི་འཚོ་བའི་ཟུར་ཞིག་ཀྱང་ཡིན། མདོར་ན། བྱིས་པ་འདི་དག་ནི་ནོར་བུའི་ནོར་སྙིང་ཡིན།
        ཁོ་ཚོ་དེ་ལྟར་དགའ་སྤྲོ་ངང་རྩེད་མོར་གཡེང་བའི་རྣམ་པ་དེས་ང་ཡང་ངའི་ཆུང་དུས་ཀྱི་རྩེད་གྲོགས་ཚོ་དང་མཉམ་དུ་རྩེད་མོར་གཡེང་བའི་ཕྱིར་དྲན་ཁྲོད་དྲངས་བྱུང་།
        ང་ཚོའི་སྡེ་བ་ནི་ཁྱིམ་ཚང་གསུམ་ནས་བཞིའི་བར་གྲལ་ཤར་གཅིག་རེ་བསྒྲིགས་ཤིང་། བར་དུ་གྱང་མཚམས་ཀྱིས་བཅད་ནས་ཁྱིམ་མཚེས་ཀྱི་རྣམ་པར་ཆགས་ཡོད། ངེད་ཚང་ནི་ཁྱིམ་ཚང་གསུམ་མཉམ་དུ་སྡོད་པའི་ཆེས་མགོ་མ་དེ་ཚང་ཡིན།རྒན་པ་རྣམས་ཀྱི་བཤད་སྲོལ་ལྟར་ན།ཁྱིམ་ཚང་འདི་གསུམ་པོ་ནི་སྔོན་མར་ཁྱིམ་ཚང་ཆེན་པོ་གཅིག་ཡིན་ལ་ངེད་ཚང་ནི་མ་གཞིས་ཡིན་ཏེ།རྗེས་མར་སོ་སོར་ས་བགོས་པ་རེད་ཟེར།
        ཁྱིམ་རྒྱུད་ཆེན་པོ་དེས་ང་ལ་རང་ཉིད་ལ་དབང་བའི་བྱིས་དུས་ཀྱི་ལོ་ཟླ་ཞིག་བསྐྲུན་ལ། བྱིས་པའི་དུས་སུ། ང་དང་ངའི་རྩེད་གྲོགས་རྣམས་ངེད་ཚང་གི་སྒོ་ཁ་ན་ཡོད་པའི་ཁྱིམ་ཚང་གསུམ་པོར་དབང་བའི་གཡུལ་ཁ་དེ་ནས་རོལ་རྩེད་གང་མང་བརྩེས་མྱོང་། ང་ཚོས་ཐང་དཀྱིལ་ནས་འགྱིག་བཏབ་མྱོང་ལ། ས་ལ་ཡི་གེ་དང་རི་མོ་སོགས་ཀྱང་བྲིས་མྱོང་།ང་ཚོས་ད་དུང་ཆུ་ཁུག་གི་ཡུ་བ་གཉིས་སྐུད་པས་བསྡམས་ཏེ་ཤོག་བྱ་ཡིན་ཞེས་སྐུད་སྣེ་ནས་བཟུང་སྟེ་ཡར་རྒྱུག་མར་རྒྱུག་ཀྱང་བྱས་མྱོང་།
        ཉིན་ཞིག གཡུལ་ཁའི་ཟུར་དུ་ངེད་ཁྱིམ་ཚང་གསུམ་པོའི་གྲོ་རྩྭ་སྐམ་ཡོད་ལ།དེའི་འདབས་སུ་ནུ་བོ་དང་ངེད་གཉིས་ཀྱིས་ཁྱིམ་མཚེས་ཚང་གི་སྤུན་བཞི་བོ་དང་རྡུང་རེས་བརྒྱབ། ཉིན་དེར་ཁོ་ཚོ་ཞི་ལུ་བཞི་བོས་ནུ་བོ་ངེད་གཉིས་བསྐོར་ནས་གཅར་རྡུང་བྱེད་རྩིས་བྱས། རྒྱུ་རྐྱེན་ཅི་ཞིག་གིས་རྡུང་རེས་བརྒྱབ་པ་ནི་ངས་ཀྱང་མི་དྲན་མོད། གང་ལྟར་ཡང་ཆེས་མཐའ་མར་ནུ་བོ་ངེད་གཉིས་ཁོ་ཚོ་ལས་རྣམ་པར་རྒྱལ་སོང་། ངས་ལག་ལ་དབྱུག་པ་ཐུང་ངུ་ཞིག་བཟུང་ནས་ཁོ་ཚོའི་ཕྱོགས་ལ་སྐག་སེ་སྐག་སེ་བརྒྱབ་པ་ཡིན། དེ་ནི་ངའི་བྱིས་དུས་ཀྱི་དྲན་པའི་ཁྲོད་རྒྱལ་ཁ་ཆེན་པོ་ཐོབ་པའི་དུས་དེ་ཡིན་ལ། དུས་དེ་ནས་བཟུང་ངའི་སེམས་སུ་ལག་ཆ་ཡོད་ན་རྒྱལ་ཁ་ཐོབ་ངེས་པའི་བསམ་བློ་སྐྱེས་ཤིང་། རྗེས་མར་རྡུང་རེས་བྱེད་སྐབས་ཀྱང་ཐོག་མར་ལག་ཆ་བཙལ་མྱོང་། ད་ལྟ་ཕྱིར་འདང་རེ་བརྒྱབ་ན། ངའི་རྩེད་གྲོགས་དེ་ཚོས་ང་ལ་རང་ཉིད་སྲུང་སྐྱོབ་ཇི་ལྟར་བྱེད་པའི་བསམ་བློའི་འདུ་ཤེས་དེ་ཐོག་མར་ཆགས་སུ་བཅུག་པ་རེད།
        གཡུལ་ཁའི་ཉག་ག་ཁ་ན་འབུམ་ཁང་ཞིག་ཡོད་དེ། དེའི་ཟུར་ཞིག་ཏུ་ལུག་གི་སོག་པ་གཉིས་གསུམ་ཞིག་བསྣར་ཡོད་ལ།དེའི་སྟེང་དུ་མ་ཎི་ཡིག་དྲུག་འཁོད་ཡོད། སྡེ་བའི་ནང་གི་མི་ཚང་མ་འབུམ་ཁང་དེའི་ཉེ་འགྲམ་བརྒྱུད་དུས་དེར་བསྐོར་བ་རེ་བརྒྱབ་ནས་འགྲོ་ལ། ལག་པས་མ་ཎི་འཁོད་པའི་སོག་པ་དེ་ལ་རེག་ནས་ཁྲོག་སྒྲ་རེ་གྲགས་སུ་འཇུག་ངེས། རྒན་པ་རྣམས་ཀྱིས་དེ་ནི་སྐོར་བ་གཅིག་བརྒྱབ་པའི་རྟགས་ཡིན་ཟེར་ལ།ཡ་མཚན་གྱིས་ཁེངས་པའི་ང་ཚོས་ཀྱང་དུས་རྒྱུན་འབུམ་ཁང་འདབས་ཀྱི་སྟེགས་བུ་སྟེང་བུད་དེ་དེ་ལ་ལག་པས་རེག་རེག་བྱས་ནས་ཁྲོག་སྒྲ་གྲག་ཏུ་བཅུག་པ་ཡིན།
        བྱིས་པ་ཚོ་ནི་དུས་རྒྱུན་སྤྲོ་སྣང་དང་འགྲན་སེམས་ཀྱིས་ཁེངས་པ་ཞིག་ཡིན་ཏེ།ངས་ཀྱང་དུས་རྒྱུན་མོ་དང་ལུག་གི་སོག་པ་དེ་ལ་སུས་རེག་ཐུབ་པར་འགྲན་པ་ཡིན། མོ་ནི་གཟུགས་པོ་ཧ་ཅང་རིང་སྟེ། དུས་རྒྱུན་རྐང་པའི་རྩེ་མོ་ནས་ལངས་ཏེ་ལག་པ་ཡར་ལ་བསྲིངས་ན་དེ་ལ་རེག་ཐུབ་མོད། འོན་ཀྱང་ངས་ནི་དེ་ལྟར་བྱས་ཀྱང་རེག་མི་ཐུབ་པར་མ་ཟད་གནམ་ལ་ལྡིང་ནའང་རེག་མི་ཐུབ། དེ་བས་ང་དུས་རྒྱུན་སྟེགས་བུ་དེའི་སྟེང་དུ་ལངས་ནས་གནམ་ལྡིང་བྱས་ནས་རེག་པ་ཡིན་ལ། དེ་ལྟར་བྱེད་ཆོག་མིན་གྱི་ཐད་ལ་ངེད་གཉིས་བར་རྩོད་པའང་གང་མང་བྱུང་མྱོང་།མོ་ནི་ངའི་ལོ་ཆུང་བསམ་མེད་དུས་ཀྱི་དྲན་པའི་ངོས་སུ་ཀ་བ་ལྟ་བུར་གནས་པའི་བུ་མོ་དེ་ཡིན། ད་ལྟ་ང་ཡང་ནར་སོན་ནས་སོག་པ་དེ་ལ་རེག་ཐུབ་མོད།འོན་ཀྱང་མོ་ནི་སྔར་ལས་ཀྱང་རིང་པོར་ཆགས་ནས་རྩིགས་དེ་དང་མཉམ་པོར་འདུག་སྟེ། ང་ནི་མོའི་ཕྲག་མགོ་ཙམ་ལས་མི་ཐོན།དེས་ནི་ངེད་གཉིས་ཀྱི་མིག་མདངས་ཀྱི་བར་ཐག་རིང་དུ་བྱས་ལ། སེམས་ཀྱི་བར་ཐག་ཡང་ཆེ་རུ་བཏང་སོང་།
        ཐེངས་ཤིག་ལ་རྩེད་གྲོགས་ཚོས་ངའི་ནུ་བོའི་རྩེད་ཆས་ཕྲོགས་སོང་བས། ངེད་ཚང་གི་ཕ་སྤུན་གཅིག་གི་ཨ་ཅེ་དང་ངེད་ཚོ་ཕྱིར་འཕྲོག་ཏུ་སོང་བ་ཡིན།མཐའ་མར་ཁྱིམ་མཚེས་ཚང་གི་ཨ་ཡེ་ཁོང་ཁྲོ་དང་བཅས་ཏེ་ངེད་ཚང་ལ་ཐོན་བྱུང་ལ། རྨོ་མོ་ལ་བལྟས་ནས“ཁྱེད་ཚང་གི་མོ་དམག་ངེད་ཚང་གི་སྒོ་ཁར་བཤར་ནས་ཐོན་བྱུང”ཞེས་རབ་ཏུ་ཁྲོས་ཤིང་སློབ་གསོ་ནན་གྱིས་གཏོང་དགོས་ཚུལ་སོགས་བཤད། དུས་ནམ་ཞིག་ནས་བཟུང་སྔོན་གྱི་ཁྱིམ་ཚང་ཆེན་པོ་དེའང་ཁྱེད་ཚང་དང་ངེད་ཚང་ཞེས་དགར་དགོས་བྱུང་བ་ཡིན་ནམ།
        ར་ཁང་གི་གྱང་ངོས་ན་འདམ་གྱིས་དབྱིས་ནས་བཅད་ཟིན་པའི་ཁུང་བུ་ཞིག་འདུག ཨ་ཕས་དེ་ནི་ཁོ་ཚོ་ཆུང་དུས་སུ་ཁྱིམ་མཚེས་ཚང་ལ་འགྲོ་ས་ཡིན་ཟེར།དེ་ལྟར་བཤད་ན་ཁོ་ཚོ་ཆུང་དུས་སུའང་ཁྱིམ་མཚེས་ཀྱི་བྱིས་པ་ཚོ་དང་ལྷད་མེད་ཀྱི་བརྩེ་བ་ཞིག་ཡོད་ལོས་ཆེ།
        མོ་ཚང་ནི་ངེད་ཚང་གི་གམ་ན་ཡོད།མོ་ཚང་གི་གྱང་འདབས་ན་སིལ་སྡོང་ཆེན་པོ་ཞིག་ཡོད་ལ།དེ་ནི་ལག་ཟུང་བརྐྱངས་ནས་གླལ་སྒྱིང་བྱེད་པའི་མི་ཞིག་དང་འདྲ་བར་ཡལ་ག་སྦོམ་པོ་གཉིས་རེ་རེ་བཞིན་ངེད་ཚང་དང་ཁྱིམ་མཚེས་གཞན་དེ་ཚང་གི་ཕྱོགས་སུ་བརྐྱངས་ནས་ཡོད།ང་ཚོ་བྱིས་པ་ཚོ་དུས་རྒྱུན་རྒྱ་སྒོ་བསྐོར་ནས་འགྲོ་མ་འདོད་པར་ངེད་ཚང་གི་ཁང་ཀླད་ལ་འཁོར་འདུག་པའི་ཡལ་ག་དེ་བརྒྱུད་ནས་རྩེད་གྲོགས་འཚོལ་དུ་སོང་བ་ཡིན།
        ད་ལྟ་བསམས་ན། ང་ཚོ་ཡལ་གའི་སྟེང་ནས་འགོ་བའི་སྐབས་དེའི་སེམས་པ་ནི་ཨ་ཕ་ཁོ་ཚོ་ར་ཁང་གི་ཁུང་བུ་དེའི་ནང་འཛུལ་སྐབས་ཀྱི་ཚོར་བ་དང་གཅིག་པ་ཁོ་ཐག་ཡིན་ངེས། ཡིན་ཡང་།ད་ལྟ་ང་ཚོ་ཚང་མ་ཆེན་པོར་ཆགས་ལ། རང་རང་ས་ནས་གསར་བུ་དང་གསར་མོའི་ཚུལ་འཆོས་བསྟན་ཏེ་རྒྱང་ནས་རྒྱང་དུ་གྱེས་སོང་།
        ཁྱིམ་མཚེས་དེ་གཉིས་པོ་གནས་སྤར་ནས་གྲོང་ཁྱེར་དང་ཐག་ཉེ་བའི་སར་བུད་སོང་ལ།དཀྱིལ་ན་གནས་པའི་མཁར་དེ་བཤིག་ནས་གཡས་གཡོན་གཉིས་ལ་བགོས་ཡོད། ང་ཚོའི་མཛའ་བརྩེའི་ཐག་པ་སྦྲེལ་བྱེད་ཀྱི་སིལ་སྡོང་དེ་ངེད་ཚང་གི་ལྷས་ལ་བབས་ཡོད། མཚམས་ལན་རེར།ངས་སིལ་སྡོང་དེ་ལ་ལྟ་བཞིན་བྱིས་དུས་ཀྱི་ལོ་ཟླ་དག་ཡིད་ལ་ཝ་ལེར་ཤར་ཡོང་། ལོ་རེའི་སྟོན་ཁར་སིལ་ཏོག་བཏོག་སྐབས།ཨ་མས་ང་ཚོར“ད་སྡོང་རྒན་རྒས་འདུག་པས་ཡལ་གས་ཐེག་ནི་མ་རེད། ཕྲ་སར་འགྲོ་མི་ཉན”ཞེས་ཡང་དང་བསྐྱར་དུ་བཤད་མྱོང་། དེ་ད་ལྟ་ལྷས་རའི་དཀྱིལ་ན་ཁེན་ས་མེད་པར་ཁེར་རྐྱང་གི་རྣམ་པ་ཞིག་མངོན་འདུག
        སིལ་སྡོང་ཆེན་པོ་སྟེ།ང་ཚོ་བྱིས་པ་སྐོར་ཞིག་གི་བྱིས་དུས་ཀྱི་ལོ་ཟླ་རིང་མོ་དེ་དང་ཕན་ཚུན་གྱི་མཛའ་བརྩེ་མཚོན་བྱེད་ཀྱི་དཔང་མི།ད་ལྟ་དེའི་རྩེ་ལ་འགོས་ཀྱང་ཁྱིམ་མཚེས་ཚང་གི་གྱང་ཁ་ལ་རེག་མི་ཐུབ་པར་ཐག་རིང་ལ། བར་ཐག་དེ་ཡང་ང་ཚོ་བྱིས་པ་སྐོར་ཞིག་གི་རིང་ནས་རིང་དུ་འགྲོ་བའི་སེམས་ཀྱི་བར་ཐག་དེ་དང་ཀུན་ནས་མཚུངས། སྡོང་རྒན་དེ་ཚུར་བསྣུར་ནས་ང་ཚོ་ཕན་ཚུན་ལ་འགྲོ་འོང་བྱེད་སའི་ཉེ་ལམ་དེ་མེད་པར་བཟོས་པ་ནི། ར་ཁང་ནང་གི་ཁུང་བུ་དེ་བཅད་པ་ནས་ཨ་ཕ་དང་ཁོའི་རྩེད་གྲོགས་ཚོའི་ཉེ་ལམ་བཅད་པ་དང་གཅིག་མཚུངས་ཡིན་ནམ།
        ངས་དུས་རྒྱུན་རང་གི་བྱིས་དུས་ཀྱི་ལོ་ཟླ་དེ་དག་ཡིད་ལ་དྲན་ལ། སྙིང་རྗེ་བའི་རྩེད་གྲོགས་དེ་ཚོ་དང་མཉམ་དུ་ལྷད་མེད་ཀྱི་ལོ་ཟླ་དེ་དག་ལ་ཁ་དོག་བྱུགས་པའི་ངང་ཚུལ་དེ་དྲན་ཡོང་། མཚམས་ལན་རེར་ཅེ་རེར་ཧད་ཅིང་འདང་བརྒྱབ་ནས་དགོད་ལ། ཡང་ལན་རེར་སྨིན་མ་བསྡུས་ནས་སྡུག་མདོག་ཀྱང་བསྟན་མྱོང་།
        གལ་ཏེ་འཚོ་བ་ནི་དངོས་གནས་ཚོན་མདོག་དང་ལྡན་པ་ཞིག་ཡིན་ན། དེར་ཐོག་མར་ཁ་དོག་འབྱུག་མཁན་དེ་ཁྱིམ་མི་དག་ཡིན་སྲིད་ཀྱང་།ཆེས་བཀྲག་མདངས་ལྡན་པའི་ཁ་དོག་འབྱུག་མཁན་དེ་ནི་ངའི་ཆུང་དུས་ཀྱི་རྩེད་གྲོགས་དེ་ཚོ་ཡིན་ངེས།
        ད་ལྟ། གསར་བུ་དང་གསར་མོ་དེ་ཚོས་འཚོ་བ་ཅི་འདྲ་ཞིག་རོལ་བཞིན་ཡོད་དམ། དེ་ཚོའི་མིག་ལམ་དུ་མཚམས་ལན་རེར་ཆུང་དུས་ཀྱི་རྩེད་གྲོགས་བྱིས་པ་སྣབས་ལུག་ང་ལྟ་བུ་དང་། ཕན་ཚུན་རྣ་བ་གཏད་ནས་སྐད་ཆ་ཤབ་ཤུབ་བཤད་པའི་ཚུལ་དང་། འཁོན་རེས་དང་རྡུང་རེས་བྱས་ཀྱང་ཟས་མཉམ་བཟའ་མཉམ་འཐུང་བྱེད་པའི་འདས་སོང་གི་ལོ་ཟླ་དེ་དག་ཡིད་ལ་འཁོར་གྱིན་ཡོད་དམ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1