༄༅། །གླིང་དཀར་པོའི་རྟ་རྒྱུག་གི་རྟིང་ཐག་ཆོད་ཉིན།

མི་གསལ། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།གླིང་གེ་སར་རིག་གནས་དྲ་བ། སྤེལ་དུས། 10-22


            དེ་ཡང་རིག་གསུམ་སེམས་དཔའི་སྒྱུ་འཕྲུལ། པདྨ་ཀ་རའི་ཐུགས་སྲས། གླིང་ལྷ་སྲས་ཇོ་རུ་རྒྱལ་པོ་མཆོག་གིས་ལྷ་རྟ་རྐྱང་རྒོད་ཀྱི་བང་ཤུགས་ལ་བརྟེན་པའི་ཟོལ་གྱིས་གླིང་ཚོ་ཆེན་ལྷ་སྡེ་དཀར་པོའི་རྒྱལ་ཐབས་ཀྱི་ཁྲི་ལ། སྐུ་གཟི་བརྗིད་ཉི་མ་འབུམ་གྱི་རང་མདངས་གསལ་ལྷང་ངེར་ངོམ་ནས་བཞུགས་པ་དང་ལྷན། ཁྲི་མདུན་ནས་མདོ་ཁམས་བུ་མོའི་དྭངས་རྩེ་སྐྱ་ལོའི་སེང་ལྕམ་འབྲུག་མོས་གྲུབ་པའི་རྒྱལ་མོའི་ཚེ་ཆང་བཏེགས་ཏེ་མངའ་གསོལ་ཆེ་འདོན་གྱི་གླུ་འདི་བླངས་པར་གདའ་འོ། ། གླུ་ཨ་ལ་ལ་མོ་ཨ་ལ་ལེན། །གླུ་ཐ་ལ་ལ་མོ་ཐ་ལ་ལེན། །ཤར་གཡུ་ལོ་བཀོད་པའི་ཞིང་ཁམས་ནས། །མ་རྗེ་བཙུན་སྒྲོལ་མ་དཀར་མོ་མཁྱེན། །ས་འདི་ཡི་ས་ངོ་མ་ཤེས་ན། །ཤར་རྨ་ཡུལ་གཡང་གི་ར་བ་ཡི། །གླིང་གེ་སར་སྐྱེས་བུའི་ཁྲི་མདུན་རེད། །སྨན་ང་དང་ང་ངོ་མ་ཤེས་ན། །སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ཡིན། །གླིང་སྐྱེས་བུའི་ཚེ་རབས་ལས་གྲོགས་སུ། །སྟེང་གོང་མ་ལྷ་ནས་བཀོད་ལེ་ཡིན། །བཀྲ་ཤིས་པའི་ལྷ་ཉིན་དཀར་པོ་འདིར། །

གླིང་རྒྱལ་སྲིད་གསེར་གྱི་ཁྲི་འཕང་ལ། །རྗེ་མི་དབང་ཚངས་པའི་སྐུ་བརྗིད་ཅན། །སྐུ་མི་འགྱུར་རྡོ་རྗེའི་གར་སྟབས་བསྒྱུར། །ང་བུ་མོའི་བསམ་པའི་དོན་ཀུན་གྲུབ། །ཞེ་སྣང་བ་སྐྱིད་པའི་ཉི་མ་ཤར། །མ་གྲུབ་པའི་རྒྱལ་མོ་ཚེ་ཆང་འདི། །ཚོགས་ཟག་མེད་དགའ་སྟོན་རྫས་སུ་འདྲེན། །གླུ་དགུ་སེང་དྲུག་འགྱུར་ངག་སྒོ་ནས། །ལས་རྟེན་འབྲེལ་དཀར་པོའི་་སྨོན་ལམ་འབུལ། །གླིང་ཚོ་དྲུག་གཙུག་གི་ནོར་བུ་ཡི། །སྐུ་དགྲ་བླའི་གོ་མཚོན་སྣ་དགུ་འདིས། །དགྲ་བདུད་བཞིའི་མགོ་བོ་ནོན་པར་ཤོག །གསུང་ཨ་ལ་ཐ་ལའི་བཞད་སྒྲ་ཡིས། །ལྷོ་འཛམ་གླིང་དབང་དུ་འདུ་བར་ཤོག །ཐུགས་ཀུན་ཁྱབ་སྙིང་རྗེའི་རང་མདངས་ཀྱིས། །མ་འགྲོ་ཀུན་རྗེས་སུ་འཛིན་པར་ཤོག །དཔལ་ལས་བཞིའི་འཕྲིན་ལས་མྱུར་མོ་ཡིས། །རྫོང་ཉེར་ལྔའི་གཡང་སྒོ་འབྱེད་པར་ཤོག །གླིང་ཚོ་དྲུག་སྙན་གྲགས་དཀར་པོ་ཡིས། །ལྷོ་འཛམ་གླིང་རྒུད་པ་སེལ་བར་ཤོག །དུས་ཇི་སྲིད་བསྐལ་བ་མ་སྟོངས་བར། །རྗེ་གེ་སར་མཛད་འཕྲིན་ནུབ་མེད་ཤོག །ངའི་སྨོན་ལམ་དཀར་པོའི་གླུ་ཞུས་འདིའི། །དོན་ཇི་བཞིན་འགྲུབ་པའི་བཀྲ་ཤིས་ཤོག ། ཞེས་བླངས་ནས་ཚེ་ཆང་དྲངས་སོ། །

      སྐབས་དེར་གླིང་རྗེ་གེ་སར་རྒྱལ་པོ་མཆོག་གིས་གསེར་ཁྲི་ཁམས་གསུམ་ཟིལ་གནོན་གྱི་ཡང་སྟེང་ནས་གླིང་ལྷ་སྡེ་ཡོངས་ལ་གླུ་འདི་འགག་མེད་ཁྲོམ་ཆེན་ཟིལ་གནོན་ལ་དྲངས་ནས་གསུངས་སོ། ། གླུ་ཨ་ལ་ལ་མོ་ཨ་ལ་ལེན། །གླུ་ཐ་ལ་ལ་མོ་ཐ་ལ་ལེན། །སྤྱི་གཙུག་བདེ་ཆེན་འཁོར་ལོ་ནས། །བླ་མ་པདྨ་འབྱུང་གནས་མཁྱེན། །སྟེང་འོག་བར་གསུམ་གནས་མཆོག་ནས། །ལྷ་ཀླུ་གཉན་གསུམ་མཆོད་ཅིང་བསྟོད། །གངས་རི་ཤེལ་གྱི་གཞལ་ཡས་ནས། །བསྟན་སྲུང་རྨ་རྒྱལ་སྤོམ་ར་འབོད། །གླིང་དཀར་བུ་རྟ་དར་བར་ཤོག །ས་འདིའི་ས་ངོ་མ་ཤེས་ན། །རྨ་ཡུལ་གླིང་གི་ལྟེ་བ་རེད། །ང་འདྲ་ང་ངོ་མ་ཤེས་ན། །སྔ་དུས་ཇོ་རུ་ནག་བཙོག་དེ། །དེ་རིང་གླིང་རྗེ་གེ་སར་ཡིན། །སྨུག་པོ་ལྡོང་གི་རྒྱུད་འཛིན་ཡིན། །དེ་ནས་ཚོ་དྲུག་གླིང་གི་སྡེ། །དེ་རིང་ཉི་མ་ཕན་ཆོད་ནས། །ཆེ་རྒྱུད་གསེར་བའི་དཔོན་པོ་ལ། །གསེར་བའི་ཉི་འབུམ་དར་ཡག་བཞུགས། །འབྲིང་རྒྱུད་གླིང་གི་ཁྲི་དཔོན་ལ། །འོམ་བུའི་ཨ་ནུ་དཔའ་སེང་བཞུགས། །ཆུང་རྒྱུད་མུ་སྤྱང་དཔོན་པོ་ལ། །མུ་སྤྱང་རིན་ཆེན་དར་ལུ་བཞུགས། །ཤར་དགྲ་གདུག་པའི་ཁ་གནོན་ལ། །འབུམ་པའི་ཞལ་ལུ་དཀར་པོ་བཞུགས། །ལྷོ་ཡི་དགྲ་སྒོ་འགོག་མི་ལ། །དཔའ་ལྷ་སེང་སྟག་ཨ་དོམ་སྡོད། །ནུབ་ཀྱི་དགྲ་དཔུང་གཞོམ་མི་དེ། །བློན་ཆེན་འདན་མ་བྱང་ཁྲ་གྱིས། །བྱང་སྒོ་སྲུང་བའི་གྲུབ་ཆེན་ལ། །སྟག་རོང་ཉ་ཚ་ཨ་བསྟན་བཞུགས། །དེ་མིན་དཔའ་རྟུལ་ཕུ་ནུ་ཚོས། །རང་ཤོག་དཔོན་པོ་གྱིས་ལ་ཤོག །བློ་ཕུག་ཁུ་བོ་སྤྱི་དཔོན་གྱིས། །སྲུང་བ་སྒ་བདེའི་སྔགས་ལ་གྱིས། །སེམས་ཕུག་ལྡོང་གི་ཕ་ཇུས་གྱིས། །གླིང་དཀར་སྟོད་པའི་ལས་དོན་ལ། །མི་བརྒྱ་བསམ་པ་མཐུན་ལེ་དགོས། །རྟ་བརྒྱ་ཁ་རུ་མཉམ་ལེ་དགོས། །མངའ་འབངས་སྐྱེ་བོ་ཐམས་ཅད་ཀྱིས། །དཀར་པོའི་ཆོས་ལ་བློ་སེམས་གཏོད། །སོ་ནམ་ལོངས་སྤྱོད་འབད་པ་གྱིས། །གླིང་རྗེ་གེ་སར་རྒྱལ་པོ་ང་། །གོང་མ་ལྷ་ཡིས་བཀོད་ལེ་ཡིན། །ཧོར་བདུད་མོན་འཇང་ལ་སོགས་པའི། །ནག་ཕྱོགས་དགྲ་སྡེའི་གཤེད་མ་ཡིན། །ཤེལ་བྲག་གཏེར་སྒོ་ལ་སོགས་པའི། །རྫོང་ཆེན་ཉེར་ལྔའི་གཏེར་བདག་ཡིན། །སེམས་ཅན་འགྲོ་དོན་མ་གཏོགས་པའི། །སྐྱེས་བུ་ང་ལ་སྒེར་དོན་མེད། །སྨོན་ལམ་དཀར་པོའི་བདེན་སྟོབས་ཀྱིས། །ཚོ་དྲུག་གླིང་གི་སྡེ་བ་འདིའི། །མི་རྒྱུད་ཆུ་ལས་རིང་བར་ཤོག །སྙན་གྲགས་གླིང་བཞིར་ཁྱབ་པར་ཤོག །བསྟན་སྲིད་རི་ལས་བརྟན་པར་ཤོག །མངའ་ཐང་རླུང་རྟ་དར་བར་ཤོག །ནོར་ཕྱུག་ཉམས་པ་མེད་པར་ཤོག །སྡེ་བཞིའི་དཔལ་ཡོན་རྒྱས་པར་ཤོག །མཐའ་བཞི་དབང་དུ་འདུ་བར་ཤོག །མཚམས་བཞི་ཟིལ་གྱིས་ནོན་པར་ཤོག །འགྲོ་དོན་ལྷུན་གྱིས་འགྲུབ་པར་ཤོག ། བཀྲ་ཤིས་སྣང་བས་ཁྱབ་པར་ཤོག །ཅེས་གསུངས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1