ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ལག་རྩེད་སྤོ་ལོའི་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་མུ་ལ་ཐོ་ལེ་དང་མཇལ་འཛོམས་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-03



              ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་30ཉིན་གྱི་དགོང་མོ་པེ་ཅིན་དུ་རྒྱལ་སྤྱིའི་ལག་རྩེད་སྤོ་ལོའི་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་མུ་ལ་ཐོ་ལེ་དང་མཇལ་འཛོམས་གནང་ཡོད་པ་རེད།
              ཞི་ཅིན་ཕིང་གིས། ལག་རྩེད་སྤོ་ལོ་ནི་འཛམ་གླིང་ཐོག་ཤུགས་རྐྱེན་གལ་ཆེན་ལྡན་པའི་ལུས་རྩལ་བྱེད་སྒོ་ཞིག་ཡིན་ཞིང་། ཀྲུང་གོའི་མི་དམངས་ཀྱིས་དེར་དགའ་ཞེན་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོས་ལག་རྩེད་སྤོ་ལོའི་བྱེད་སྒོ་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་བྱེད་པ་དང་། རྒྱལ་སྤྱའི་ལག་རྩེད་སྤོ་ལོའི་བྱ་གཞག་ནང་ཐེ་ཞུགས་ཧུར་ཐག་བྱེད་པ། རྒྱལ་སྤྱིའི་ལག་རྩེད་སྤོ་ལོའི་མཉམ་འབྲེལ་ཚོགས་པས་ལག་རྩེད་སྤོ་ལོའི་ལས་འགུལ་གོང་འཕེལ་གཏོང་ཆེད་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། སྐབས་འདིའི་ལག་རྩེད་སྤོ་ལོའི་འཛམ་གླིང་བུམ་པ་དེ་མི་རྣམས་ནས་བརྗེད་པར་དཀའ་བའི་ངོ་མཚར་ཆེ་བའི་ལུས་རྩལ་གྱི་རྒྱས་འཛོམས་ཤིག་གཉེར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་གནང་བ་དང་།
              ཞི་ཅིན་ཕིང་གིས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་། ལུས་རྩལ་བྱ་གཞག་ལ་རླབས་ཆེའི་གྲུབ་འབྲས་ཐོབ་ཡོད། ལུས་རྩལ་ནི་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་འཛོམས་དགོས་ངེས་ཀྱི་ནུས་ཤུགས་ཞིག་ཡིན་ལ། མི་དམངས་བདེ་ཐང་དང་བདེ་སྐྱིད་ལྡན་པའི་ངང་འཚོ་བ་སྐྱེལ་བའི་གལ་ཆེའི་གྲུབ་ཆ་ཤིག་ཀྱང་ཡིན། ཀྲུང་གོས་ལུས་རྩལ་གྱི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་བཞིན་ཡོད་པས། ང་ཚོས་རྒྱལ་སྤྱིའི་ལན་ཆིའུ་སྤོ་ལོའི་མཉམ་འབྲེལ་ཚོགས་པ་དང་མུ་མཐུད་མཉམ་ལས་བྱས་ཏེ། ཀྲུང་གོའི་ལན་ཆིའུ་སྤོ་ལོའི་བྱེད་སྒོ་ཁྱབ་གདལ་དང་མཐོ་རུ་གཏོད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
              མུ་ལ་ཐོ་ལེས། ཀྲུའུ་ཞི་ཞི་ཅི་ཕིང་སྐབས་འདིའི་ལག་རྩེད་སྤོ་ལོའི་འཛམ་གླིང་བུམ་པའི་འགོ་ཚུགས་མཛད་སྒོར་ཞུགས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོའི་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་རྒྱལ་སྤྱིའི་ལག་རྩེད་སྤོ་ལོའི་མཉམ་འབྲེལ་ཚོགས་པའི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཞིང་། ཀྲུང་གོའི་ཕྱོགས་ནས་སྐབས་འདིའི་ལག་རྩེད་སྤོ་ལོའི་འཛམ་གླིང་བུམ་པ་གཉེར་རྒྱུར་གཟེངས་སུ་ཐོན་པའི་གྲབས་གཉེར་ལས་དོན་སྒྲུབ་པར་བསྔགས་བརྗོད་གནང་ཡོད། སྐབས་འདིའི་འཛམ་གླིང་བུམ་པའི་འགྲན་བསྡུར་དེ་འཛམ་གླིང་ལག་རྩེད་སྤོ་ལོའི་ལོ་རྒྱུས་ཐོག་ལེགས་སྒྲུབ་ལྡན་ཤོས་ཀྱི་དོན་ཆེན་ཞིག་ལ་འགྱུར་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་གནང་བ་དང་། ཁོང་གིས། རྒྱལ་སྤྱིའི་ལག་རྩེད་སྤོ་ལོའི་མཉམ་འབྲེལ་ཚོགས་པས་ཀྲུང་གོའི་བར་གྱི་མཉམ་ལས་ལ་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཀྲུང་གོའི་ལག་རྩེད་སྤོ་ལོའི་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན་གནང་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1