གཙོ་ངོས།>> ཞིབ་འཇུག>>ལོ་རྒྱུས།

ལྷུན་གྲུབ་རྒྱལ་མཚན། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༠༣ཉིན།

༄༅།། ས་སྐྱ་པའི་སྐབས་སུ་བྱུང་བའི་སྟག་ཚང་རྫོང་ཁའི་དར་རྒུད་ལ་ཐོག་མར་དཔྱད་པ།

ལྷུན་གྲུབ་རྒྱལ་མཚན།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་སྟག་ཚང་རྫོང་ཁའི་སྐོར་གྱི་ཞིབ་འཇུག་པ་སྔ་མའི་དཔྱད་འབྲས་ལ་དབྱེ་ཞིབ་ནན་ཏན་བྱས་ཏེ། ཁུངས་བཙུན་རྒྱལ་རབས་ཡིག་ཚང་དང་བསྟན་འཛིན་སྐྱེས་བུའི་རྣམ་ཐར་ཁག་དཔྱད་གཞིར་བཟུང་བ་དང་ས་ཡུལ་དངོས་སུ་ཐེངས་མང་རྟོག་ཞིབ་བྱས་ཤིང་། དཔྱད་གསུམ་རྣམ་པར་དག་པའི་སྒོ་ནས་ས་སྐྱ་པའི་སྐབས་སུ་བྱུང་བའི་སྟག་ཚང་རྫོང་ཁའི་གནས་ཡུལ་དང་ཆགས་གནས་འཇིག་གསུམ་སྐོར་ལ་ཞིབ་ཏུ་དཔྱད་ཡོད།
[བརྡ་ཆད་གཙོ་བོ།] སྟག་ཚང་རྫོང་ཁ། ཐོབ་རྒྱལ། ལོ་ཆེན་སྐྱབས་མཆོག་དཔལ་བཟང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-01-0065-11
              ཡོན་རྒྱལ་རབས་སྐབས་སུ་སོག་དམག་གིས་ཨེ་ཤ་ཡའི་མི་སྡེ་ཀུན་འཇིག་ལ་ཉེ་བའི་དུས་སུ་འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོས་བོད་ཀྱི་སྐྱ་སེར་ཐམས་ཅད་ཀྱི་བདེ་སྡུག་ལ་དགོངས་ནས་ངལ་བ་ཁྱད་གསོད་ཀྱིས་སྤྱི་ལོ་1247ལོའི་ཟླ་དང་པོར་གོ་དན་དང་ཐོག་མར་ཞལ་མཇལ་རྗེས་བོད་ཡོངས་སུ་ས་སྐྱ་པས་དབང་སྒྱུར་བྱེད་འགོ་ཚུགས་པ་དང་། དེ་རྗེས་མི་ལོ་བརྒྱ་ཙམ་རིང་ས་སྐྱ་པས་དབུས་གཙང་ལྟེ་བར་བྱས་པའི་བོད་ཁུལ་དུ་སྲིད་དབང་བསྐྱངས། དེའི་རིང་ས་སྐྱ་པའི་སྲིད་དབང་ལ་ཕྱི་དགྲའི་གནོད་པ་དང་ནང་དཔོན་ཆེན་དང་ནང་ཆེན་མ་འཆམ་པ་སོགས་དཀའ་ངལ་སྣ་ཚོགས་དང་འཕྲད་ཅིང་། ལྷག་པར་དུ་དཔོན་ཆེན་ཀུན་དགའ་བཟང་པོའི་སྐོར་གྱི་རྩོད་རྙོག་དེས་ས་སྐྱའི་སྲིད་དབང་ཉམས་རྒུད་དུ་འགྲོ་བའི་འགོ་ཚུགས། གནའ་དེང་ལོ་རྒྱུས་སྨྲ་བའི་ཁྲོད་དཔོན་ཆེན་ཀུན་དགའ་བཟང་པོར་བཤད་སྲོལ་མི་འདྲ་བ་མང་པོ་བྱུང་བ་ལས། དེའི་སྐོར་རྒྱས་ཤོས་འཁོད་པ་ནི་སྟག་ཚང་དཔལ་འབྱོར་བཟང་པོས་མཛད་པའི་《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་》ཡིན་ཞིང་། དེའི་ནང་རྫོང་ཁའི་རྩ་བདག་དཔོན་ཆེན་ཀུན་དགའ་བཟང་པོ་ཞེས་སྟག་ཚང་རྫོང་ཁ་ཡང་དོན་དུ་དཔོན་ཆེན་ཀུན་དགའ་བཟང་པོས་བདག་ཏུ་བཟུང་བའི་རྫོང་ཞིག་ཡིན། རྫོང་འདི་དམག་དཔོན་སང་གྷས་སོག་དམག་ཁྲིད་ནས་དཔོན་ཆེན་ཀུན་དགའ་བཟང་པོ་ཁྲིམས་ལ་བསྒྲལ་བའི་སྔ་གོང་དུ་ཆམ་ལ་ཕབ་པའི་སྐོར་ལོ་རྒྱུས་སྨྲ་བའི་ཁྲོད་བཤད་སྲོལ་གཅིག་ཏུ་གནས། འོན་ཀྱང་སྟག་ཚང་རྫོང་ཁའི་གནས་ཡུལ་དང་ཆགས་འཇིག་སྐོར་དེང་དུས་ལོ་རྒྱུས་ཞིབ་འཇུག་པའི་ཁྲོད་དོ་སྣང་བྱེད་མཁན་ཉུང་ལ། དཔྱད་གླེང་བྱེད་མཁན་རེ་གཉིས་ཡོད་པ་རྣམས་ཀྱིས་ཀྱང་རྒྱལ་རབས་རྐྱང་པ་དཔྱད་གཞིར་བྱས་པ་ལས་གཞན་པའི་དཔྱད་གཞི་བཀོད་པ་མ་མཐོང་ཞིང་། དེ་བས་གོ་ཐོས་ཙམ་ལ་བརྟེན་ནས་སྟག་ཚང་རྫོང་ཁ་དང་མང་ཡུལ་རྫོང་ཁ་གཉིས་གཅིག་ཡིན་པར་འདོད་པས། དངོས་ཡོད་ཀྱི་ལོ་རྒྱུས་གནད་དོན་ཐད་ནོར་འཛོལ་མང་པོ་བྱུང་ཡོད། འདིར་ལོ་རྒྱུས་ཡིག་ཚང་རྒྱས་བསྡུས་ཁག་དང་སྟག་ཚང་ལོ་ཙཱ་བའི་གསུང་རྣམ་གཙོ་བོར་ཁུངས་བཙུན་ལུང་གི་སྒྲུབ་བྱེད་དུ་བཟུང་ཞིང་། ས་ཡུལ་དངོས་སུ་ཐེངས་མང་རྟོག་ཞིབ་བྱས་པའི་མིག་མཐོང་བདེན་པའི་དངོས་པོ་དཔང་དུ་བཙུགས། གནའ་མིའི་བཤད་སྒྲོས་ལ་ཞུན་བརྡར་བྱས་ཏེ་《རྒྱ་བོད་ཡིག་ཚང་》དང་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་《བཀའ་ཆེམས་མཐོང་བ་དོན་ལྡན་》ལས་གསུངས་པའི་སྟག་ཚང་རྫོང་ཁའི་གནས་ཡུལ་དང་། དེའི་ཆགས་འཇིག་སྐོར་ལ་མཐའ་དཔྱོད་བྱེད་པར་བྱ་བ་ལ།
དང་པོ། རྫོང་འདི་ཉིད་ས་ཁོངས་གང་དུ་ཡོད་པ་དང་སྟག་ཚང་རྫོང་ཁ་ཞེས་པའི་མིང་ཇི་ལྟར་ཐོགས་ཚུལ་སྐོར།
              བོད་རིག་པའི་མཁས་དབང་ཆེན་མོ་ཁྲེན་ཆིན་དབྱིན་གྱིས་《རྒྱ་བོད་ཡིག་ཚང་ཆེན་མོའི་མཛད་པ་པོའི་སྐོར་》ཞེས་པའི་དཔྱད་རྩོམ་ནང་། སྟག་ཚང་རྫོང་ནི་དེང་དུས་སྐྱིང་གྲོང་རྫོང་ཁོངས་སུ་ཡོད་པའི་རྫོང་ཁ་གྲོང་བརྡལ་ཡིན་ཞིང་། དེ་ནི་ཡོན་རྒྱལ་རབས་ཀྱི་དུས་མཇུག་ཏུ་ས་སྐྱ་པའི་དུས་མཆོད་བླ་བྲང་གི་མིས་རྫོང་ཁར་བཞེངས་པའི་རྫོང་ཞིག་ཡིན་①ཞེས་གསུངས་པ། གཙོ་བོར་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་《བོད་རྗེ་ལྷ་བཙན་པོའི་གདུང་རབས་མངའ་རིས་སྨད་གུང་ཐང་དུ་ཇི་ལྟར་བྱུང་ཚུལ་དེབ་ཐེར་དྭངས་ཤེལ་འཕྲུལ་གྱི་མེ་ལོང་》ནང་། སྟག་ཚངས་དཔེའུ་ཆེན་གྱི་ལྕགས་ཁང་ ②ཞེས་པའི་ཚིག་དེར་གཞི་བཅོལ་ནས་སྟག་ཚང་རྫོང་ཁ་དང་མང་ཡུལ་སྐྱིད་གྲོང་རྫོང་ཁ་གཉིས་གཅིག་ཏུ་འདོད་པ་དང་། 《རྗེ་ཙོང་ཁ་པའི་རྣམ་ཐར་》དུ་ཁོང་དགུང་ལོ་སོ་བཞི་ལ་ཕེབས་དུས། སྟག་ཚང་རྫོང་ཁར་ཕེབས་ནས་ལོ་ཆེན་སྐྱབས་མཆོག་དཔལ་བཟང་དང་རྗེ་བཙུན་རེད་མདའ་བ་སོགས་ཞལ་འཛོམས་བྱུང་ཞེས་པའི་གནས་ཀྱང་མང་ཡུལ་སྐྱིད་གྲོང་རྫོང་ཁ་ཡིན་པར་གསུངས་ཡོད། དེ་རྗེས་སྤྱི་ལོ་2012ལོར་པར་སྐྲུན་བྱས་པའི་《མང་ཡུལ་གུང་ཐང་གི་རིག་གནས་ལོ་རྒྱུས་》ཞེས་པར་《རྒྱ་བོད་ཡིག་ཚང་》ནང་འཁོད་པའི་སྟག་ཚང་རྫོང་ཁའི་ལོ་རྒྱུས་དེ་དྲངས་ནས་སྟག་ཚང་རྫོང་ཁ་མང་ཡུལ་སྐྱིད་གྲོང་ཁུལ་དུ་ཡོད་པའི་ཚོད་དཔག་ཀྱང་བྱས་ཡོད། འོན་ཀྱང་འདི་ནི་《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་》ནང་གསུངས་པའི་དུས་མཆོད་བླ་བྲང་དང་འབྲེལ་བའི་སྟག་ཚང་རྫོང་ཁ་གཏན་ནས་མ་ཡིན་ནོ།། སྤྱིར་བོད་ཁུལ་དུ་སྟག་རྩེ་དང་བཀྲ་ཤིས་སྒང་ལྟ་བུའི་ས་མིང་འདྲ་བ་ལུང་པ་གང་སར་ཡོད་པས་ཞིབ་ཏུ་མ་བརྩད་ན་དེ་དག་དབར་ཧ་ཅང་འཁྲུལ་སླ། དེ་བས་མང་ཡུལ་རྫོང་ཁ་དང་སྟག་ཚང་རྫོང་ཁ་གཉིས་ཀྱི་ཚིག་ཟུར་ཏུ་རྫོང་ཁ་ཞེས་པ་ཡོད་པས་དེ་གཉིས་གཅིག་ཏུ་གོ་མི་རུང་ངོ་།།
              དོན་དུ་སྟག་ཚང་རྫོང་ཁ་ནི། 《སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར་》དུ། “གཡས་རུ་སྟག་ཚང་གི་ལོ་ཆེན་སྐྱབས་མཆོག་དཔལ་བཟང་པོ། གྲོམ་པ་རེད་མདའ་བའི་མཁས་པ་གཞོན་ནུ་བློ་གྲོས། མདོ་སྨད་ཙོང་ཁའི་བསྟན་འཛིན་བློ་བཟང་གྲགས་པ་སྟེ། དབུས་གཙང་གི་ཆོས་རྗེ་རྣམ་གསུམ་དུ་གྲགས་པ་སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་སྟོན་པའི་བྱ་བ་ཚུལ་བཞིན་དུ་མཛད་པས། ས་གསུམ་ན་སྙན་པའི་གྲགས་པས་ཁྱབ་པ་”③ཞེས་ལོ་ཆེན་སྐྱབས་མཆོག་དཔལ་བཟང་གི་འཁྲུངས་ཡུལ་གཡས་རུ་སྟག་ཚང་ནས་ཡིན་པ་དང་། 《མཁན་རིན་པོ་ཆེ་སེང་གེ་རྒྱལ་མཚན་གྱི་རྣམ་ཐར་》དུ། “རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐྱེད་ཚལ་ཆེན་པོ་གྲོམ་པ་དཔལ་ལྡན་ས་སྐྱ་ནས་ཤར་ཕྱོགས་སུ་དཔག་ཚད་དྲུག་ཙམ་བགྲོད་པའི་ཡུལ་ལྗོངས། ཆུ་བོ་ཆེན་པོ་སྤག་ཤུར་གྲགས་པ་དལ་གྱིས་འབབ་པའི་འགྲམ། རང་བྱོན་འཕགས་པ་འཁྲུངས་ལ། གཙང་གཡས་རུ་བྱང་གི་སྨད་དུ་གཏོགས་པ། ལང་འགྲོ་སྟག་ཚང་ལུང་པ་ཞེས་བྱ་བ། ཆོས་དང་ཟང་ཟིང་གི་དཔལ་འབྱོར་ཕུལ་དུ་བྱུང་བ་དང་ལྡན་པའི་ཡུལ་ལྗོངས་ཀྱི་ཁྱད་པར། ཆོས་རྗེ་ལོ་ཆེན་ ( ལོ་ཆེན་སྐྱབས་མཆོག་དཔལ་བཟང་)འཁྲུངས་པའི་ལྗོན་ཞེས་བྱ་བའི་ལུང་ལག་གི་མདའ། སྟག་སྣ་ཞེས་བྱ་བར། རིགས་རུས་ཕུན་སུམ་ཚོགས་པ། མཁོན་གྱི་གདུང་རྒྱུད་ཀྱི་དྲུང་སྐོར་དྲག་གཏོགས་སུ་སླེབས་པ། དཔོན་ལྔ་དར་ཞེས་བྱ་བ་དང་། ཡུམ། ཆོས་རྗེ་ལོ་ཆེན་གྱི་ལྕམ་མོ་དཔོན་མོ་པད་མ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་བསམས་བཞིན་དུ་སྐྱེ་བ་གཟུང་སྟེ་”④ཞེས་སྟག་ཚང་རྫོང་ཁའི་གནས་ཡུལ་ནི་ས་སྐྱ་དགོན་གྱི་ཤར་ཕྱོགས་སུ་དཔག་ཚད་དྲུག་ཙམ་དང་གཡས་རུའི་བྱང་སྨད་དུ་ཡོད་པའི་ལང་འགྲོ་སྟག་ཚང་ཡིན་པ་གསལ་པོར་འཁོད་ཡོད་པས། གཙང་གཡས་རུ་ནི་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་》རུ།“གཡས་རུ་སྟེ་གཙང་ཁུལ་ཡར་ཆབ་བྱང་ཕྱོགས་ཀྱི་རུ་མཚམས་ནི། ཤར་པྲགས་ཀྱི་གླང་མ་གུར་ཕུབ། ལྷོ་གཉའ་ནང་གཡག་པོའི་སྣ། ནུབ་བྱེ་མ་ལ་དགུ། བྱང་རྨྱི་ཏི་ཆུ་ནག དབུས་ཚད་ཤངས་ཀྱི་ཞོང་པ་ཚལ་ལ་བྱས་པ་གཡས་རུ།” ⑤ཞེས་དང་། “ལང་འགྲོ་ཞེས་པ་ནི། རྒྱལ་པོ་བཀའ་ཐང་ནང་།གཡས་རུའི་ཀླུངས་ལ་ཡུལ་སྡེ་བཅུ་དྲུག་ཡོད་༔ བྱང་ཕུགས་ཏྲེ་ཤོད་ཟང་ཟང་སྟག་སྡེ་དང་༔ སྟག་རིས་མུས་ལྡོག་འཇད་དང་རྟ་ནག་དང་༔ ཞན་ཐག་ཤངས་དང་མོན་མཁར་གེ་རེ་དང་༔ ལང་འགྲོ་སྤ་གོར་ཚུར་ཞོ་སྙེ་མོ་བཅས་༔ དེ་རྣམས་གཡས་རུའི་ཡུལ་སྡེ་བཅུ་དྲུག་ཡིན་༔” ⑥ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་གཡས་རུའི་ཡུལ་སྡེ་བཅུ་དྲུག་གི་ནང་ཚན་ཡུལ་སྡེ་བཅུ་གསུམ་པ་དེ་ཡིན་པར་གསུངས་ལ། གནས་འདིར་རྗེ་འབངས་ཉེར་ལྔའི་ཁྲོད་ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་འཁྲུངས་ཡུལ་ཡིན་ཞིང་། ལོ་རྒྱུས་ཡིག་ཚངས་ཁག་ཏུ་ལང་འགྲོ་དང་ལང་གྲོ ལན་འགྲོ་ཞེས་འབྲི་སྲོལ་ཡོད། གཡས་རུའི་དབུས་དེང་དུས་རྣམ་གླིང་རྫོང་ཁོངས་སུ་ཆགས་པའི་ཤངས་པ་བཀའ་བརྒྱུད་ཀྱི་མ་དགོན་གནས་ཡུལ་གཞོང་གཞོང་གྲོང་ཚོ་ལྟེ་བར་བྱས་ན། ལང་འགྲོ་སྟག་ཚང་ཞེས་པ་དེང་དུས་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་གི་ནུབ་ངོས་ཀྱི་ལུང་པ་ཕུ་ཐག་རིང་པོ་དེར་གོ་དགོས། དེ་བཞིན་ལོ་ཆེན་སྐྱབས་མཆོག་དཔལ་བཟང་གི་འཁྲུངས་ཡུལ་ལྗོན་ཞེས་པ་དེའང་དེང་དུས་ས་མིང་འགྱུར་བ་མེད་པར་ཐོབ་རྒྱལ་ཤང་སྟག་ཚང་གྲོང་ཚོའི་ཤར་ཕྱོགས་སུ་ཡོད་ལ། མཁན་རིན་པོ་ཆེ་སེང་གེ་རྒྱལ་མཚན་གྱི་འཁྲུངས་ཡུལ་ཡང་གྲོང་ཚོ་དེའི་གཤམ་གྱི་སྟག་སྣ་གདོང་ཞེས་པའི་ས་ཆ་ད་ལྟ་མིག་ལམ་དུ་མཐོང་རྒྱུ་ཡོད། 《མྱང་ཆོས་འབྱུང་》དུ། “ལན་འགྲོའི་སྟག་ཚང་”⑦ཞེས་དང་། ཕག་གྲུའི་སྐབས་ཐོབ་རྒྱལ་གཞིས་ཀས་ཐོབ་རྒྱལ་གྱི་ལོ་རྒྱུས་རྡོ་ངོས་སུ་བརྐོས་པའི་ནང་། “ཡུལ་གྱི་མཆོག་གྱུར་ཐོབ་རྒྱལ་ཞེས་པ་འདིར། ཕུ་རུ་ལང་འགྲོ་དཀོན་མཆོག་འབྱུང་ལྡན་དང་། བར་དུ་སྟག་ལོ་ལ་སོགས་ལོ་པཎ་དུ་མ་འཁྲུངས། མདའ་རུ་ཆོས་གྲྭ་ཆེན་པོ་རབ་རྒྱས་གླིང་། དེ་ངོས་ཐོབ་རྒྱལ་གཞིས་ཀ་” ⑧ ཞེས་པས་སྔ་དུས་ཐོབ་རྒྱལ་གྱི་ཡུལ་མིང་ལ་ལང་འགྲོ་ཟེར་ཞིང་། ཡུལ་དེའི་ཕུར་ལང་འགྲོ་དཀོན་མཆོག་འབྱུང་ལྡན་དང་། བར་དུ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་འཁྲུངས་པ། མདའ་རུ་དགའ་ལྡན་རབ་རྒྱས་དགོན་ཡོད་པ་བཅས་གསལ་པོར་འཁོད་ཅིང་། སྟག་ཚང་དཔལ་འབྱོར་བཟང་པོའི་འཁྲུངས་ཡུལ་ཡང་གནས་འདིར་ཡིན། ལོ་ཆེན་སྐྱབས་མཆོག་དཔལ་བཟང་དང་མཁན་རིན་པོ་ཆེ་སེང་གེ་རྒྱལ་མཚན་རྣམ་གཉིས་ལ་སྟག་ཚང་དཔོན་སློབ་ཞེས་དེབ་ཐེར་ནང་མང་དུ་ཐོན་པས་ལང་འགྲོ་སྟག་ཚང་ནི་དེང་དུས་ཐོབ་རྒྱལ་ཁུལ་དུ་ཡིན་པ་གསལ་པོར་ཤེས་ནུས། 《རྗེ་རིན་པོ་ཆེའི་གསང་རྣམ་》དུ། “དེ་ནས་སྟག་ཚང་རྫོང་ཁར་བྱོན་”⑨ཞེས་པའི་སྟག་ཚང་རྫོང་ཁའང་ས་ཆ་དེ་ལས་གཞན་མ་ཡིན་ཏེ། ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་《བཀའ་ཆེམས་མཐོང་བ་དོན་ལྡན་》ལས། “དེ་དགོང་ཐོན་ལུག་ར་ཁར་ཉི་མ་དགོང་ཇ་ཁ་ལ་སླེབ། དེ་ནས་ཐོན་མདར་དྲོ་བྱས་རྣམ་རྒྱལ་དུ་ཞག་བྱས། དེ་ནས་སྒྲོ་ཡེར་དྲོ་བྱས།སྣུབས་སུ་ཞག་བྱས། དེ་ནས་འབྲས་ཡུལ་དང་སྣུབས་མདར་ཞག་རེ་བྱས། སྣུབས་ནས་ནམ་ཞག་སྦྲགས་ནས་ཕྱིན་པས། སྟག་ཚང་དུ་ཚ་བ་དང་དྲོ་བྱས། དེ་ནས་གྱེར་སྤེལ་ཁར་ཞག་བྱས།”⑩ཞེས་ཁོང་བྱང་ལམ་བརྒྱུད་ནས་ས་སྐྱར་ཕེབས་སྐབས་ཀྱི་ས་ཚིགས་ཁག་ལས་གསལ་བར། སྣུབས་ཆོས་ལུང་ནས་མཚན་འགྲུལ་བྱས་ཏེ་བསྐྱོད་ན་ཐོབ་རྒྱལ་དུ་ཉིན་ཕྱི་མའི་ཞོགས་པར་སླེབས་ཐུབ་ཅིང་། དེ་ནས་ཉིན་གཅིག་བསྐྱོད་ན་སྔ་པོར་གྱེར་སྤེལ་ཁར་འབྱོར་ཐུབ་པས། གྱེར་སྤེལ་ཁ་ཞེས་པའང་དེང་དུས་རྣམ་གླིང་རྫོང་ཚར་ཤང་མི་དམངས་སྲིད་གཞུང་གནས་སའི་གྲོང་ཚོ་དེ་ཡིན་ཞིང་། ལམ་ཚད་ཐད་ནོར་འཁྲུལ་སྤུ་ཙམ་ཡང་མེད། དེར་བརྟེན་སྣུབས་ཆོས་ལུང་ནས་སྐྱིད་གྲོང་རྫོང་ཁའི་བར་མཚན་ཞག་གཅིག་ལ་གཏན་ནས་སླེབས་ཐབས་མེད་པས། སྟག་ཚང་རྫོང་ཁའི་ཆགས་ཡུལ་སྐྱིད་གྲོང་ཁུལ་མིན་པ་གསལ་པོར་རྟོགས་ཐུབ།
              འོ་ན་འབྲེལ་ཡོད་དཔྱད་ཡིག་ཐོག་སྟག་ཚང་མ་གཏོགས་ཐོབ་རྒྱལ་ཞེས་མ་འཁོད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། བོད་སིལ་བུའི་དུས་ནས་དུས་རབས་བཅོ་ལྔ་པའི་བར་ཁུལ་དེར་སྟག་ཚང་ཟེར་བ་དང་། དུས་རབས་བཅོ་ལྔ་པ་ནས་བཟུང་ཁུལ་དེར་ཡོངས་ཁྱབ་ཏུ་ཐོབ་རྒྱལ་ཞེས་པའི་ས་མིང་སྤྱད་ཡོད་པས་སྐྱོན་མེད་དེ། 《གཙང་ཐོབ་རྒྱལ་ཡུལ་གྱི་དམངས་སྲོལ་རིག་གནས་》ཞེས་པར། “ཡུལ་གྱི་སྤྱི་མིང་ལ་ལང་འགྲོ་ཞེས་པར་གྲགས་ལ། དེང་དུས་ཐོབ་རྒྱལ་ཞེས་འབོད་པ་”⑾ཞེས་པས། ཐོབ་རྒྱལ་དུ་བོད་བཙན་པོའི་སྐབས་སུ་ལང་འགྲོ་དང་ས་སྐྱ་པའི་སྐབས་སུ་སྟག་ཚང་། ཕག་གྲུའི་སྐབས་སུ་ཐོབ་རྒྱལ་ཞེས་ས་མིང་འགྱུར་ལྡོག་བྱུང་ཡོད་པས།སྟག་ཚང་རྫོང་ཁ་ནི་སྔ་དུས་གཡས་རུའི་བྱང་སྨད་དང་དེང་དུས་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་གི་ནུབ་ངོས་ཀྱི་ལུང་པ་ཕུ་ཐག་ཤིན་ཏུ་རིང་བ་དེར་གོ་དགོས་སོ།། དེ་ལྟར་ཐོབ་རྒྱལ་ཁུལ་དུ་འཁྲུངས་པའི་རྒྱལ་བ་སྐུ་ཕྲེང་བརྒྱད་པ་དང་། པཎ་ཆེན་སྐུ་ཕྲེང་ལྔ་པ། པཎ་ཆེན་སྐུ་ཕྲེང་བརྒྱད་པ་སོགས་སྐྱེས་ཆེན་ཁག་གི་གསུང་རྣམ་དུའང་སྟག་ཚང་རྫོང་ཁ་ཐོབ་རྒྱལ་ཁུལ་དུ་ཡིན་པའི་སྒྲུབ་བྱེད་མང་པོ་ཡོད་ཀྱང་འདིར་དེ་ཙམ་གྱིས་ཆོག་པར་བྱས་སོ།།
              སྟག་ཚང་རྫོང་ཁ་ཞེས་པའི་མིང་ཐོགས་ཚུལ་ནི། བོད་ཀྱི་ཡུལ་ལུང་མང་པོའི་མིང་ཐོགས་ཚུལ་དང་འདྲ་བར་ས་མིང་རྫོང་ལ་ཐོགས་པ་ཡིན་ཏེ། སྟག་ཚང་རྫོང་ཁ་ཆགས་ཡུལ་གྱི་རི་བོའི་ནུབ་བྱང་གཉིས་སུ་ནགས་ཚལ་གྱིས་ཁེངས་ཤིང་།རྫོང་འདིའི་གཤམ་དུ་གཅན་གཟན་སྟག་གི་ཚང་ཡིན་ཞེས་པའི་བྲག་ཕུག་འགའ་ཡོད་པ་དེང་དུས་མིག་ལམ་དུ་འཆར་ཐུབ་ཅིང་། སྔ་དུས་མི་རྣམས་ཀྱིས་རི་འདིར་སྟག་ཚང་རི་བོ་དང་། རི་འདིའི་ཐོག་རྫོང་བཞེངས་པ་ལས་རི་མིང་རྫོང་མིང་དུ་ཐོགས་པ་ཤེས་ཐུབ། སྟག་ཚང་རྫོང་ཁ་བཞེངས་རྗེས་དེའི་སྙན་གྲགས་ཀྱིས་སྐབས་ཤིག་རིང་ཁུལ་དེ་ཡོངས་སུ་སྟག་ཚང་ཞེས་འབོད་པའང་དོན་ལ་གནས་པའི་གཏམ་ཡིན་ཞེས་ཁ་ཚོན་གཅོད་ཐུབ། དེ་ཡང་འདབ་ཆགས་རི་དྭགས་གཅན་གཟན་སོགས་ཀྱི་གནས་ཡུལ་ཡུལ་མིང་དུ་ཐོགས་པ་མང་པོ་ཡོད་དེ། ཐོབ་རྒྱལ་ཁུལ་གྱི་རྐྱེན་པོ་གྲོང་ཚོའི་ནུབ་བྱང་ངོས་སུ་ཡོད་པའི་རི་ཁྲོད་དེར་འུག་ཚང་རི་ཁྲོད་ཅེས་འུག་པའི་ཚང་མང་པོ་ཡོད་པ་འདྲ་འབྲེལ་དུ་བཟུང་ནས་རི་མིང་དེ་ལྟར་ཐོགས་པ་ལྟ་བུའོ།།
གཉིས་པ། སྟག་ཚང་རྫོང་ཁའི་འབྱུང་འཕེལ་འཇིག་གསུམ་སྐོར།
              གཅིག ཐོག་མར་སྟག་ཚང་རྫོང་ཁ་ཇི་ལྟར་བཞེངས་ཚུལ། 《སྟག་ཚང་ལོ་ཙཱ་བའི་གསུང་འབུམ་》ནང་། “མི་རབས་འགའ་ན་ས་སྐྱ་པ་དང་སྟོད་ཧོར་འཐབ་པའི་ཚེ་དཔའ་བོ་བྱས་པ། ནག་པོ་བདུད་འདུལ་སྐད་པ་ཞིག་ལ། དཔའ་རྟགས་སུ་གཙང་གི་བོད་འབྲོག་གང་བཟང་བ་རེ་འདོམས་ཤིག ཅེས་གནང་བ་ན་ལུང་ཕྲན་ཁ་ལྷོར་སྟན་པ་ལ་ལང་འགྲོ་དང་། བྱང་སྟན་ལ་ལྷན་བཟང་ཟེར་བ་བྱུང་ནས་བརྟག་པས། ལང་འགྲོ་བཟང་བར་མཐོང་ཞིང་། འབྲོག་སྦྲ་བོར་ཁྱུང་གསུམ་དུ་གྲགས་པ་ལས་བོ་རེ་འདོམས་ཏེ། ས་མཁར་མི་སྡེ་བསྐུལ་ནས་བརྩིགས་ཏེ་གནང་བ་ལ། ཤིན་ཏུ་བརྩོན་པས་ཧོར་དམག་གིས་སྟག་ཚང་དང་འཁྲུགས་ནས་ཕབ་པའོ།། མི་རྒན་བོད་འབྲོག་ལ་དབྱར་ས་དགུན་ས་བྱེད་པ་སོགས་ཀྱི་ཆབ་སྲིད་འཚམས་ཤིང་འབྱོར་པས་བརྒྱན་པའི་མི་བརྒྱུད་དྲུག་བདུན་གྱི་བར་དུ་དཔལ་ལྡན་ས་སྐྱ་པས་ལེགས་པར་བསྐྱངས་པའོ།།” ⑿ཞེས་གསུངས་པ་ལྟར། ཐོག་མར་སྟག་ཚང་རྫོང་ཁ་ནི་ས་སྐྱ་པས་སྟག་ཚང་ལོ་ཙཱ་བའི་མེས་པོ་ནག་པོ་བདུད་འདུལ་ལ་ཧོར་དང་འཐབ་པའི་དཔའ་རྟགས་སུ་གནང་བ་མ་ཟད། སྔ་ཕྱི་བར་གསུམ་དུ་ས་སྐྱ་པས་བདག་སྐྱོང་དང་མངའ་འོག་ཏུ་གཏོགས་པའི་རྫོང་ཞིག་ཡིན། རྫོང་འདི་ཐོག་མར་བཞེངས་པའི་དུས་ཚོད་ནི་སྟག་ཚང་ལོ་ཙཱ་བ་ནས་བརྩིས་པའི་མི་རབས་དྲུག་བདུན་གྱི་གོང་དུ་དང་། མངའ་ཁོངས་སུ་གཏོགས་པའི་མི་སྡེ་ཡང་དེང་དུས་ས་ཁོངས་ཀྱི་དབང་དུ་བྱས་ན་ཐོབ་རྒྱལ་ཁུལ་གྱི་ཞིང་འབྲོག་ཐམས་ཅད་ཡིན་ནོ།།
              གཉིས། བར་དུ་དམག་དཔོན་སང་གྷས་སྟག་ཚང་རྫོང་ཁ་ཇི་ལྟར་ཆམ་ལ་ཕབ་ཚུལ། 《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་》དུ། “ཀུན་དགའ་བཟང་པོ་ལ།བླ་མ་མཉེས་ནས། སེ་ཆེན་གྱི་ལུང་གིས་སང་གྷ་ཆིང་སང་གིས་འགོ་བྱས། རྩ་བའི་ཧོར་དམག་འབུམ་ཕྲག་གཅིག་བཏང་ནས། དམག་ལམ་སྟག་ཚང་ལུང་པ་ལ་ཞུགས། ཁང་དམར་གྱི་ས་མཁར་ལ་མཚོན་བླངས། དེ་རྟིང་བྱ་རོག་ཚང་ལ་སྐོར་རྒྱག་བྱས་ནས། ལྕགས་ཕོ་འབྲུག་(སྤྱི་ལོ་1280)ལོ་ལ་དཔོན་ཆེན་ཁྲིམས་ལ་བསྒྲལ།” ⒀ཞེས་སྟག་ཚང་ལོ་ཙཱ་བའི་གྲོང་མིང་ལ་ཁང་དམར་དང་། སྟག་ཚང་རྫོང་ཁ་ནི་ཁང་དམར་གྱིས་བདག་ཏུ་བཟུང་བའི་རྫོང་ཞིག་ཡིན་ཞིང་། སྤྱི་ལོ་1280ལོར་སང་གྷས་དམག་དྲངས་ནས་གཏོར་བཤིག་ཏུ་བཏང་། དེ་ལྟར་སྟག་ཚང་རྫོང་ཁར་དམག་དྲངས་པའི་སྐོར་ལ། 《རྒྱ་བོད་ཡིག་ཚང་》དུ། “སང་གྷ། སོན་ཇིང་དབེན་དུ་བསྐོས་ཡོད་པའི་སྐབས་སུ། བླ་མ་ས་སྐྱར་བྱོན། དཔོན་ཆེན་ཀུན་དགའ་བཟང་པོས། དམ་ཉམས་བྱས་པའི་རྒྱུ་རྐྱེན་གྱིས།གོང་དུ་ཞུ་བ་བཏང་བས། ས་སྐྱ་པ་དང་སྒོས་སུ་འབྲེལ་ཆེ་བས། ཞབས་ཏོག་གྲུབ་པར་དགོངས་ནས། མི་ཆེན་སང་གྷས་མགོ་བྱས། ཁྲིམས་དམག་སྟོབས་ཆེ་བ་འགྲིམ་གསུངས་པའི་ལུང་བྱུང་བས། སང་གྷས། བོད་དབུས་གཙང་ས་རོང་དོགས། དམག་པོ་ཆེ་ཤོང་ས་མེད། རྩ་བའི་ཧོར་དམག་ཁྲི་ཚོགས་བདུན་གྱི་སྟེང་དུ། མདོ་སྟོད་སྨད་དང་བཅས་པས།དམག་འབུམ་ཕྲག་གཅིག་ལྷག་ཡོང་། དེས་འཆུན་པས། དེ་བཞིན་གྱིས། བཀའ་གནང་དགོས་ཞུས་པས། དེ་ལྟར་ཡིན་ཆུག་གསུངས་པ་བྱུང་ནས། ཁྲིམས་དམག་སྟེགས། འོ་ཡུག་མེ་ཏོག་ལུང་ ( དེང་དུས་རྣམ་གླིང་རྫོང་མང་ར་ཤང་མེ་ཏོག་ལྷས་)དུ་སླེབ་པ་དང་། ས་ཁད་ཡངས་པས། ལྷ་ཤངས་ ( འུ་ཡུག་ར་གོང་ལ་ཚུན་ཆོད་ཀྱི་རྣམ་གླིང་རྫོང་ལྷ་བུ་ཁུལ་དང་ཤངས་ཁུལ་གྱི་ས་འཁོད་ཡངས་པའི་ལུང་པར་གོ་དགོས།)ནང་ལ་དམག་ལམ་བྱེད་རྩིས་ཡོད་པ། ཆབས་མི་གྲོང་ ( དེང་དུས་རྣམ་གླིང་རྫོང་མཁར་རྩེ་ཤང་ཆབ་ལི་གྲོང་)ན། བླ་མའི་འཕགས་པའི་གསོལ་ཇ་བ་མི་ཆེན་སང་གྷ་དང་གྲོགས་མཆེད། སློབ་དཔོན་བློ་གྲོས་བཟང་པོ་བྱ་བ་ཡོད་པ་དེས། དམག་སྒར་དུ་ཇ་ཞལ་ལ་བྱོན། མཇལ་བའི་ཞུ་འབུལ་བྱས་པས། དམག་ལམ་ལང་འགྲོ་ནང་ལ་སྐྱོག་ཐུབ། ཧོར་དམག་གི་ཁ་འབེབས།ཐུལ་འཇུག་ལ། སྔ་སོར། ལང་འགྲོ་ཁང་དམར་གྱི་ས་མཁར་ཕབས་བབས་བླངས། དེ་རྟིང་། དཔལ་རྣམས་བྱ་རོག་ཚང་(པ་སྣམ་རྫོང་དཔའ་རྩལ་ཤང་དུ་ཡོད་)གི་མཁར་ལ། གྱོགས་སྐོར་རྒྱག་དྲག་པོ་བྱས་ནས། ཀུན་དགའ་བཟང་པོ་ཁྲིམས་ལ་བསྒྲལ། དམག་པོ་ཆེའི་བྱ་བ་མཐར་ཕྱིན་པར་བྱས།” ⒁ཞེས་དང་། 《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་བཞིན་ནོར་བུའི་ཕྲེང་བ་》རུ། “མི་ཆེན་སང་གྷས་འགོ་བྱས་ཁྲི་དམག་སྟོབས་ཆེ་བ་འགྲིམ་གསུངས་པ་ལུང་བྱུང་གིས་སམ་གྷས་བོད་དབུས་གཙང་རོང་དོག དམག་པོ་ཆེ་ཤོང་ས་མེད། རྩ་བའི་ཧོར་དམག་ཁྲི་ཚོ་བདུན་གྱི་སྟེང་དུ། བོད་སྟོད་སྨད་དང་བཅས་པའི་དམག་འབུམ་ཕྲག་གཅིག་ལྷག་ཡོང་།དེས་འཆུན་པས་དེ་བཞིན་གྱི་བཀའ་གནང་དགོས་ཞུས་པ། དེ་ལྟར་ཡིན་འཆུག་གསུངས་ནས། ཁྲི་དམག་བཏེག། འུ་ཡུག་མེ་ཏོག་གླིང་དུ་སླེབས་པ་དང་། ས་ཁད་ཡངས་པས་ལྷ་ཤངས་ལ་དམག་ལམ་བྱེད་རྩིས་ཡོད་པ། ཆབ་ལི་གྲོང་པ་སློབ་དཔོན་བློ་གྲོས་བཟང་པོས། དམག་སྒར་དུ་ཇ་ཞལ་ལ་བྱོན་པས། དམག་ལམ་ལང་འགྲོ་ནང་ལ་སྐྱོག་ཐུབ། ཧོར་དམག་གི་ཁ་འབེབས་ཐུ་མ་འཇུག་ལ། སྔ་སོར་ལང་འགྲོ་ཁང་དམར་གྱི་མཁར་ཕབ། བབས་བླངས། དེ་རྟིང་དཔལ་རྣམས་བྱ་རོག་ཚང་གི་མཁར་ལ་སྒྱོགས་སྐོར་དྲག་པོ་བྱས་ནས། ཀུན་དགའ་བཟང་པོ་ཁྲིམས་ལ་བསྒྲལ།” ⒂ཞེས་སང་གྷའི་དམག་དཔུང་དེང་དུས་ཀྱི་རྣམ་གླིང་རྫོང་མང་ར་ཤང་མེ་ཏོག་ལྷས་སུ་སླེབས་པ་དང་། དམག་ལམ་འུ་ཡུག་ར་གོང་ལ་བརྒྱུད་ལྷ་བུ་ཁུལ་དང་དེ་རྗེས་རྣམ་གླིང་རྫོང་གནས་སའི་ས་འཁོད་ཡངས་པའི་ལུང་པར་བྱ་རྩིས་ཡོད་ཀྱང་། དེར་སྒར་རྒྱབ་ནས་སྡོད་སྐབས་འགྲོ་མགོན་འཕགས་པའི་གསོལ་དཔོན་དང་སང་གྷའི་གྲོགས་མཆེད་ཡིན་པ། ཆོས་རྗེ་འབའ་ར་བའི་སློབ་མ་ཆབ་ལི་གྲོང་པ་སློབ་དཔོན་བློ་གྲོས་བཟང་པོས་⒃“དམག་ལམ་སྟག་ཚང་ལུང་པར་བྱ་དགོས་པའི་ཞུ་བ་ཕུལ་བར་བརྟེན། མཐར་དམག་ལམ་ཐོབ་རྒྱལ་སྒོ་ལའི་ལ་རྒྱབ་ནས་སྟག་ཚང་རྫོང་ཁ་ཆགས་སའི་ལང་འགྲོ་ཕུ་གྲོང་ཚོར་སླེབས་ཤིང་། རྫོང་ཁ་ཆམ་ལ་ཕབ། དེ་རྗེས་ཐོབ་རྒྱལ་མདའ་བརྒྱུད་པ་སྣམ་རྫོང་ཁོངས་སུ་ཡོད་པའི་བྱ་རོག་རྫོང་ལ་དམག་དྲངས། ཁ་ཅིག་གིས་བྱ་རོག་རྫོང་ཞེས་པ་རྒྱལ་རྩེའི་ཁུལ་དང་རྣམ་གླིང་པད་མ་ཐང་ཁོངས་སུ་ཡོད་པར་འདོད་ཀྱང་། རབ་བྱུང་དང་པོའི་ལྕགས་སྦྲུལ་(སྤྱི་ལོ་1280)ལོ་ལ་སེ་ཆེན་གྱི་ལུང་གིས་ཧོར་དམག་བོད་དུ་སླེབས་ཏེ་ཉང་སྨད་བྱ་རོག་རྫོང་ཕབ་ནས་དཔོན་ཆེན་ཀུན་དགའ་བཟང་པོ་བསད།” ⒄ཅེས་དང་། 《རྒྱ་བོད་ཡིག་ཚང་》དུ་“དཔལ་རྣམས་བྱ་རོག་ཚང་” ཞེས་གསུངས་པ་ལྟར་ན། བྱ་རོག་རྫོང་ནི་དེང་དུས་པ་སྣམ་རྫོང་དཔའ་རྩལ་ཤང་ཁོངས་སུ་ཡོད་པའི་རྫོང་ཤུལ་དེར་གོ་དགོས།
              དེ་ལྟར་སྟག་ཚང་རྫོང་ཁར་དམག་དྲངས་དགོས་པའི་རྒྱུ་མཚན་ནི། སྟག་ཚང་རྫོང་ཁ་ཆགས་ཡུལ་ནི་ཕུ་ན་རྫ་རི་ནགས་རིས་ཁེངས་ཤིང་། མདའ་ན་ཡར་ཀླུང་གཙང་པོས་ཕྲེད་དུ་བཅད་པ། མཐའ་བཞི་རི་བོས་ཡོངས་སུ་བཏུམས་ཤིང་། དེང་དུས་ཀྱང་འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་མོད། རྫོང་ཁའི་རྩ་བདག་དཔོན་ཆེན་ཀུན་དགའ་བཟང་པོ་⒅ཞེས་སྟག་ཚང་རྫོང་ཁ་ནི་སྔར་ནས་ས་སྐྱ་བས་བདག་ཏུ་བཟུང་བ་མ་ཟད། དཔོན་ཆེན་ཀུན་དགའ་བཟང་པོའི་སྐབས་སུ་ཁོང་གིས་རྫོང་འདིར་དོ་དམ་དང་ལྟ་རྟོག་གཞན་ལས་ལྷག་པ་བྱེད་ཀྱི་ཡོད་པས། སློབ་དཔོན་བློ་གྲོས་བཟང་པོས་སང་གྷར་དམག་ལམ་འགྱུར་དགོས་པའི་ཞུ་བ་འབུལ་དོན་ཡང་། གཙོ་བོར་དཔོན་ཆེན་ཀུན་དགའ་བཟང་པོ་རྫོང་གཞིས་དང་བཅས་པ་རྩ་མེད་དུ་གཏོང་ཆེད་ཡིན་ནོ།།གསུམ། སྟག་ཚང་རྫོང་ཁ་བསྐྱར་བཞེངས་བྱས་རྗེས་དགོན་རྫོང་དུ་གྱུར་ཚུལ། 《རྒྱ་བོད་ཡིག་ཚང་ཆེན་མོ་》རུ། “བླ་མ་ཆེན་པོ་བསོད་ནམས་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ནི། ཡབ་(དབང་ཀུན་དགའ་ལེགས་པའི་འབྱུང་གནས་)དགུང་ལོ་ཉེར་ལྔ་པའི་དུས། ཆུ་ཕོ་སྤྲེའུའི་(སྤྱི་ལོ་1332)ལོ་ལ་སྐུ་འཁྲུངས་ཏེ། ཡབ་མེས་ཀྱི་ཆོས་ལུགས་དང་ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་ཞིང་། དགུང་ལོ་ཉེར་གསུམ་པའི་དུས། ཁོང་རང་གི་དཔོན་སྐྱ་སློབ་དཔོན་རིན་བཟང་གི་དོ་དམ་བྱས། རྫོང་ཁའི་རྩ་བདག་དཔོན་ཆེན་ཀུན་དགའ་བཟང་པོའི་ནུ་བོ། དཔོན་གཞོན་ནུ་དཔལ་གྱི་ཚ་བོ། དཔོན་དོན་གྲུབ་དཔལ་བྱ་བ་ལ་རྫོང་རི་ཉོས་ནས། སྟག་ཚང་རྫོང་ཁའི་འགྲམ། ཤིང་ཕོ་རྟ་ལོ་(སྤྱི་ལོ་1354)ཟླ་བ་གསུམ་པའི་ཚེས་ལྔ་ནས་བཏིངས། དགོན་རྫོང་། བླ་ཆེན་པ་སྐུ་མཆེད་ལ་ཕུལ་བ་ཡིན།”⒆ཞེས་སང་གྷས་སྟག་ཚང་རྫོང་ཁ་ཆམ་ལ་ཕབ་རྗེས། ལོ་བདུན་ཅུ་ཙམ་རིང་དཔོན་ཆེན་ཀུན་དགའ་བཟང་པོའི་གཅུང་པོ་དཔོན་གཞོན་ནུ་དཔལ་མི་རྒྱུད་རིམ་པས་བདག་ཏུ་བཟུང་ནས་དོ་དམ་དང་གཉེར་སྐྱོང་བྱས། དེའི་རིང་སྟག་ཚང་རྫོང་ཁའི་མངའ་འོག་འབངས་མི་སེར་ཀུན་གྱིས་བཀུར་བའི་དཔོན་པོ་ཙམ་ལས། དབུས་གཙང་སྤྱི་ལ་ཤུགས་རྐྱེན་ཐེབས་པའི་དཔོན་པོ་གཅིག་ཀྱང་བྱུང་མེད། སྤྱི་ལོ་1354ལོར་སློབ་དཔོན་རིན་བཟང་གིས་སྟག་ཚང་དགོན་རྫོང་བསྐྱར་བཞེངས་བྱས་ནས་བླ་མ་ཆེན་པོ་བསོད་ནམས་བློ་གྲོས་རྒྱལ་མཚན་དཔལ་བཟང་པོར་སྟག་ཚང་དགོན་རྫོང་ཕུལ་བ་དང་། 《གདུང་རབས་རིན་ཆེན་བང་མཛོད་》ལྟར་ན་བླ་མ་ཆེན་པོ་བསོད་ནམས་བློ་གྲོས་རྒྱལ་མཚན་དང་པའེ་ལེན་དབང་གྲགས་པ་རྒྱལ་མཚན་སྐུ་མཆེད་ཀྱི་འཁྲུངས་སའང་སྟག་ཚང་རྫོང་ཁ་ཉིད་དུ་ཡིན་པར་གསུངས། 《རྒྱ་བོད་ཡིག་ཚང་》ལས། “སུམ་ཅུ་བཞེས་པའི་གླང་ལོ་(སྤྱི་ལོ་1361)ལ། ཐོ་གོན་ཐེ་མུར་རྒྱལ་པོས། གསེར་ཡིག་པ། དྷརྨ་ཀིརྟི་དང་། ཨའི་བུ་དབེན་ཤྲི་སྔ་རྟིང་དུ་མངགས། ཏི་ཤྲིའི་མཚན། བོད་ནས་གསོལ་ཅིང་། གཅུང་པོ་ལ། སའི་ལེན་དབང་གི་ལས་ཁ་དང་། སྟག་ཚང་རྫོང་ཁར། ཆུ་མིག་ཁྲི་འོག་གང་ཡིན་གྱི་འདའ་སྒོ་སླེབ་དུ་ཆུག་གསུངས་པའི། ལུང་བཟང་པོ་དང་བཅས་པ་གནང་། བླ་ཆེན་པ། གོང་དུ་གདན་དྲངས། རྒྱལ་པོའི་བླ་མ་མཛད། དགུང་ལོ་སོ་གཅིག་པ། ཆུ་ཕོ་སྟག་(སྤྱི་ལོ་1362)ལོ་ཟླ་བ་བཅུ་པ་ལ། མེ་ཏོག་ར་བར་བདེ་བར་གཤེགས་སོ།”⒇ ཞེས་བླ་མ་ཆེན་པོ་བསོད་ནམས་བློ་གྲོས་རྒྱལ་མཚན་དཔལ་བཟང་པོར་ཏི་ཤྲིའི་མཚན་གནས་ཐོབ་རྗེས་ལོ་གཅིག་ནས་དགོངས་པ་རྫོགས་པ་དང་། སྟག་ཚང་དགོན་རྫོང་ཁོང་གི་གཅུང་པོ་སློབ་དཔོན་ཆེན་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་བསྐྱངས། ཡིག་ཚང་འདི་ཉིད་ལས། “གཅུང་ཆུང་བ་སློབ་དཔོན་ཆེན་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ནི། མེ་ཕོ་བྱི་བའི་ལོ་(སྤྱི་ལོ་1336)ལ། ཡབ་སྐུ་གཤེགས་ནས། ཟླ་བ་དྲུག་སོང་བ་དང་། སྐུ་འཁྲུངས། གོང་མ་ཐོ་གོན་ཐེ་མུར་གྱིས། སའི་ལེན་དབང་གི་མཚན། ཐོང་ཛི་གཡས་གཡོན་གྱི་ཁྲིམས་ར། ཉི་མ་ནུབ་ཕྱོགས་ཤེས་སུ་བཅུག་པའི། ལུང་བཟང་པོ་དང་བཅས་པ་གནང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྲགས་ཤིང་། ཁྲིམས་གཉིས་ཀྱི་མཛད་འཕྲིན་རྒྱ་ཆེན་པོ་མཛད། དགུང་ལོ་ཞེ་གཅིག་པ། མེ་ཕོ་འབྲུག་(སྤྱི་ལོ་1376)གི་ལོ་ཟླ་བ་དང་པོའི་ཉེར་གཉིས་ལ། ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ། སྟག་ཚང་རྫོང་ཁའི་གཟིམ་ཁང་རྙིང་མར་བདེ་བར་གཤེགས་སོ། །འདི་པ་སྐུ་མཆེད་པས་དུས་མཆོད་བླ་བྲང་འཛིན་སྐྱོང་མཛད་དོ།།” ཞེས་པའི་ལེན་དབང་གྲགས་པ་རྒྱལ་མཚན་གྱིས་སྤྱི་ལོ་1361ནས་སྤྱི་ལོ་1376བར་སྟག་ཚང་དགོན་རྫོང་བསྐྱངས། ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ལས་ཁོང་དགུང་ལོ་ཞེ་གཉིས་བཞུགས་པར་གྲགས་ཀྱང་། དེ་གཉིས་བར་ལོ་གཅིག་གི་ཁྱད་པར་བྱུང་བས་དཔྱད་པར་འཚལ།
              སྤྱི་ལོ་1354ལོར་སྟག་ཚང་རྫོང་ཁ་བསྐྱངས་བཞེངས་བྱས་པ་དེ་ཡང་ཞིབ་ཏུ་བརྩད་ན། སྤྱི་ལོ་1354ལོ་ནི་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱར་དམག་དྲངས་ཏེ་ས་སྐྱའི་སྲིད་དབང་འཕྲོགས་པ་དང་། དེ་ནས་ལོ་མང་པོའི་རིང་ས་སྐྱའི་ལྷ་ཁང་ཆེན་མོ་ཕག་གྲུས་བཟུང་བས། དུས་མཆོད་བླ་བྲང་གི་རྗེས་འཛིན་པ་རྣམས་ཀྱང་སྟག་ཚང་རྫོང་ཁ་བསྐྱར་བཞེངས་མི་བྱེད་ཀ་མེད་དུ་གྱུར། གོང་གི་སྐུ་མཆེད་འདི་གཉིས་ཀྱི་རིང་ལ་སྟག་ཚང་དགོན་རྫོང་ལེགས་པར་བསྐྱངས་ཤིང་། མིང་ལ་དགོན་རྫོང་ཟེར་ཡང་དོན་དུ་ཆབ་སྲིད་ཀྱི་དམིགས་ཡུལ་གཞན་ཡོད་པ་གསལ་པོ་ཡིན། 《བཀའ་ཆེམས་མཐོང་བ་དོན་ལྡན་》ལས། “རང་རེས་ཞུས་པ་ལ། འོ་ཅག་གིས་སྟག་ཚང་རྫོང་ཁར་རྫོང་བྱེད་པ་འདིའང་ནོར། ཆོས་དགོན་བྱེད་ན་རྫོང་ཁའི་མིང་འདི་སྤོ་མཛོད།” ﹙21﹚ཅེས་གསུངས་པ་ལྟར། ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་དབུས་གཙང་ཁུལ་དུ་དམག་དྲངས་སྐབས་སྟག་ཚང་རྫོང་ཁའི་སློབ་དཔོན་བསོད་བློ་བས་དངོས་ཤུགས་གང་རུང་ནས་ཕག་གྲུར་མ་རངས་པའི་སྐོར་བཀའ་ཆེམས་དེ་ཉིད་ལས་ཤེས་ཐུབ་པས།ཕྱིས་སུ་སྟག་ཚང་དགོན་རྫོང་ཉམས་གུད་དུ་གྱུར་པའི་རྒྱུ་རྐྱེན་གཙོ་བོའང་འདིར་ཐུག་ཡོད་། འོན་ཀྱང་སྐབས་སུ་མ་བབས་པས་འདིར་རྒྱས་གླེང་མི་བྱ། དེ་ལྟར་ཆོས་སྲིད་གཉིས་ཀྱིས་བསྐྱངས་བས་དུས་རབས་བཅོ་བཞི་པའི་དུས་སྨད་དུ་སྟག་ཚང་དགོན་རྫོང་འདི་ཉིད་དབུས་གཙང་ཁུལ་དུ་སྐད་གྲགས་ཡོད་པའི་ཆོས་གྲྭ་ཆེན་པོ་ཞིག་ཏུ་གྱུར། སྟག་ཚང་ལོ་ཙཱ་བས་མཛད་པའི་《མཁན་རིན་པོ་ཆེ་སེང་གེ་རྒྱལ་མཚན་གྱི་རྣམ་ཐར་》དུ། “དེ་ནས་དགུང་ལོ་སུམ་བཅུ་(སྤྱི་ལོ་1386)ཙམ་གྱི་དུས་སུ། ཆོས་ཀྱི་རྒྱལ་པོ་ལོ་ཆེན། སྟག་ཚང་རྫོང་ཁའི་འཆད་ཉན་དམར་བའི་སྒང་གྲྭ་ཚོགས་རྒྱས་པའི་སྐབས་སུ།སློབ་དཔོན་ལ་བསྐོས། རྫོང་ཁའི་དཔེ་དམར་དུ་བཞུགས།བདག་པོ་ཆེན་པོ་ཀུན་དགའ་བློ་གྲོས་བ་ལ་སོགས་པ་ཆེ་གཉན་བཙུན་གསུམ་གྱི་གྲྭ་པ་ཤེས་རབ་ཆེ་ལ། བརྩོན་པ་དང་ལྡན་པ་དུ་མ་བསྡུས་ཏེ། ཕར་ཚད་གཉིས་དང་དབུ་མ་རྩ་འཇུག་ལ་སོགས་པའི་འཆད་ཉན་ཤིན་ཏུ་འཕེལ་བར་མཛད།” ﹙22﹚ཅེས་དང་། 《སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར་》དུ། “སྟག་ཚང་རྫོང་ཁ་ན། ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང་ཞེས་བྱ་བ། བླ་མ་དེའི་ཡང་བླ་མའི་གཙོ་བོར་འཛིན་པ། མཁས་བཙུན་བཟང་གསུམ་གྱི་ཆ་ལ་གངས་ཅན་ན་འགྲན་ཟླ་དང་བྲལ་བ། ཕྱི་ནང་གི་གསུང་རབ་མཐའ་དག་ལ་བློ་གྲོས་དང་སྤོབས་པ་ཡོངས་སུ་རྫོགས་པ་ཞིག ཆོས་དཀའ་ཆེན་བཞི། རྩ་འཇུག་བསླབ་སྤྱོད་ལ་སོགས་པ་གསུང་། དེང་སང་གསང་ཕུ་ལས་ཀྱང་འཆད་ཉན་དམར་བར་མཛད་ཀྱིན་འདུག་པའི་དྲུང་དུ་ཕྱིན་ནས།” ﹙23﹚ཞེས་སྐབས་དེར་ལོ་ཆེན་སྐྱབས་མཆོག་དཔལ་བཟང་གིས་དབུ་མཛད་ནས་འབྲོམ་སྟོན་སེང་གེ་རྒྱལ་མཚན་སོགས་མཁས་གྲུབ་མང་པོས་སྟག་ཚང་རྫོང་ཁར་འཆད་ཉན་སྤེལ་བཞིན་ཡོད་པས། གཙང་ཁུལ་དུ་གསང་ཕུ་ལས་ཀྱང་འཆད་ཉན་དར་ལ། ཀུན་གྱིས་སློབ་གཉེར་གནང་བར་ཕེབས་སའི་བཤད་གྲྭ་གལ་ཆེན་ཞིག་ཡིན། རྗེ་ཙོང་ཁ་པ་ཆེན་པོ་དགུང་ལོ་སོ་བཞི་སྟེ་སྤྱི་ལོ་1390ལོར་ཁོང་དང་རྗེ་བཙུན་རེད་མདའ་བ། ལོ་ཆེན་སྐྱབས་མཆོག་དཔལ་བཟང་སོགས་ཞལ་འཛོམས་གནང་ནས་ཕན་ཚུན་ཆོས་འབྲེལ་གནང་སའང་སྟག་ཚང་དགོན་རྫོང་འདི་ཉིད་དུ་ཡིན་ཞིང་། སྐབས་དེའི་ཉེར་མཁོའི་ཁ་ཟས་དང་གནས་མལ་སོགས་ཀྱི་རྒྱུ་ཡོན་ཐམས་ཅད་ལོ་ཆེན་སྐྱབས་མཆོག་དཔལ་བཟང་ཉིད་ནས་མཛད་པར་གཞིགས་ན། དེ་དུས་སྟག་ཚང་དགོན་རྫོང་གི་ཕྱི་ནང་མཐུན་རྐྱེན་ཤིན་ཏུ་འཛོམས་པོ་ཡིན་པ་ཤེས་ཐུབ་བོ།།
              བཞི། མཐར་སྟག་ཚང་དགོན་རྫོང་ཉམས་གུད་དུ་གྱུར་ཚུལ། སྟག་ཚང་དགོན་རྫོང་འདི་ཉིད་ལོ་རྒྱུས་ཀྱི་གར་སྟེགས་ནས་འཇའ་ལྟར་ཡལ་དོན་སྐོར་ཁ་གསལ་གྱི་ཡིག་ཆ་ཞིག་མ་རྙེད་ཀྱང་། འབྲེལ་ཡོད་དཔྱད་གཞི་དུམ་བུ་གུང་སྒྲིག་བྱས་ན་རགས་ཙམ་ཤེས་ཐུབ། 《བཀའ་ཆེམས་མཐོང་བ་དོན་ལྡན་》དུ། “སློབ་དཔོན་ཆེན་པོ་བསོད་བློ་བ་ཡར་བྱོན་པ། དཔའ་ཤི་དཀོན་ཅོག་གིས་འགོ་བྱས། བསམ་འགྲུབ་རྩེ་ན་ཡོད་པ་རྣམས་ཀྱིས་ལམ་ཆོད་བྱས་འདུག་པས། སློབ་དཔོན་ཆེན་པོ་ཁོང་རང་འབྱོན་དུ་བཅུག རྔ་མོང་ཁལ་དང་། ཁལ་རྟ་སྦྲེལ་པོ་ཐོབ། མི་ཡང་འགའ་རེ་ཤི་རྨས་ཐུག་འདུག རྔ་མོང་ཁལ་ནས་ཡིག་རིགས་སྐྱོན་ཅན་དང་། མཐུ་གཏད་མནན་གསུམ་གྱི་ཕྱག་ཆ་མང་དུ་བྱུང་བས། རང་རེའི་བུ་རྟ་རྣམས་སྙིང་ན་ནས་རྫོང་ཁ་འབེབས་དགོས་པར་འདུག་ཟེར་བ་བྱུང་། ཡི་གེ་རྣམས་མཐོང་བས། རང་རེ་ཡང་ཚིག་པ་ཟ་ནས། རྫོང་ཁ་བསྐོར་དགོས་པ་ཡིན་ཟེར་བ་ཙམ་བྱས།སློབ་དཔོན་ཆེན་པོ་བ་སྐུ་མཆེད་བཞུགས་པའི་གནད་ཀས།རྫོང་ཕེབས་ན་དགའ་བ་ཡང་མ་བྱས། དེ་སྐབས་སུ་སྣར་ཐང་མཁན་ཆེན་པ་དང་། མཁན་ཆེན་བུ་སྟོན་པ། རང་རེའི་འདི་ནས་ཆེན་པོ་རིན་བཟང་པ་འབྱོན་དུ་བཅུག་ནས། འདུན་མ་ལ་བསྡུས་ནས་དམག་འགྱེས་ཤེས་བྱས། སློབ་དཔོན་ཆེན་པོ་བ་ཁོང་རང་། སྐུ་འཁོར་ཉུང་ཉུང་མཛད་ནས་ཆོས་མཐུན་མཛད་པ། རྫོང་ཁའི་ལྟག་ལེབ། དགྲ་བཟོ་བཙན་ཆས་རྣམས་བསྒྱེལ་ནས། ཆོས་སྡེ་འཛུགས་པ་ཇག་པ་གྱོད་མི་རྣམས་མི་བརྟེན་པ་བྱས་འདུག་ཅིང་། ཡང་རྔ་མོང་ན་བཟའི་སྐོར། རང་རེ་ལ་སྣངས་ཕུད་བྱུང་བ་རྣམས། ཁོང་རང་ལ་ཕྱིར་སློག” ﹙24﹚ཅེས་སྤྱི་ལོ་1361ལོར་སློབ་དཔོན་ཆེན་པོ་བསོད་བློ་བས་ཏཱ་སི་ཏུའི་དམག་ལ་ཁ་གཏད་བཅག་ཕྱིར་བྱང་ལམ་བརྒྱུད་བཞད་མཐོང་སྨོན་དང་དེ་རྗེས་ས་སྐྱ་དང་བསམ་གྲུབ་རྩེའི་ཕྱོགས་སུ་སླེབས། དེར་ཕན་ཚུན་འཐབ་འཁྲུག་བྱུང་བས་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་སྟག་ཚང་རྫོང་ཁ་ཕབ་དགོས་པའི་བཀའ་གནང་བ་དང་། དེ་རྗེས་དགོན་པ་ཙམ་ལས་དགྲ་ཟོན་དང་དམག་ལ་དམིགས་པའི་བཙན་ཆས་ཚང་མ་སྒྱེལ་ཞིང་། དེ་ནས་བཟུང་སྟག་ཚང་རྫོང་ཁ་དོན་དམ་པའི་དགོན་སྡེར་གྱུར་བ་ཡིན།
              དེ་རྗེས་མི་ལོ་བཞི་བཅུ་ཙམ་རིང་སྟག་ཚང་དགོན་རྫོང་ནི་གཙང་ཁུལ་གྱི་ཆ་ལག་ཚང་བའི་དགོན་སྡེ་ཞིག་ཏུ་གྱུར་བ་དང་། དུས་རབས་བཅུ་བཞི་པའི་དུས་མཇུག་ཏུ་ཕག་གྲུའི་ཕྱོགས་སུ་ལངས་པའི་ཐོབ་རྒྱལ་གཞིས་ཀའི་གནོད་པ་སོགས་ཕྱི་ནང་འགལ་རྐྱེན་མང་པོས་གཙང་ཆོས་འཁོར་སྒང་བཞེངས་ནས་དགོན་པ་གནས་སྤོ་མཛད་དགོས་བྱུང་ཞིང་། མཐར་སྤྱི་ལོ་1406ལོར་ཐོབ་རྒྱལ་གཞིས་ཀས་སྟག་ཚང་དགོན་རྫོང་རྩ་མེད་དུ་བཏང་། དེ་ཡང་། 《སྟག་ཚང་ལོ་ཙཱ་བའི་རང་རྣམ་》དུ། “འདི་ལྟར་ཕ་མ་རྣམས་དཔལ་ལྡན་ས་སྐྱ་པའི་མི་ཡིན་པ། སྡེ་ཆུས་ཀྱི་ཁྱི་མོ་(སྤྱི་ལོ་1406)དམག་ཆེན་དུ་གྲགས་པའི་དུས་སུ། ཕག་གྲུ་པའི་འོག་ཏུ་ཤོར་ནས་ཡུན་རིང་མ་ལོན་པ་ན། བ་དོ་དཔོན་བརྒྱུད་དཔོན་དྲུང་ཧོར་སོག་པ་ཞེས་བྱ་བས། རྫོང་གསར་བཀྲ་ཤིས་སྒང་བཟུང་།ཁོང་གི་གཡོག་པོ་དྲག་ཐོག་ཉི་ཤུ་སྐོར་གྱིས། ཁོ་བོའི་ཕ་མའི་ས་མཁར་བཙན་རབ་ཡོད་སར། ལུང་པའི་མཚམས་འཛིན་དང་། ནས་རྒྱ་སོགས་བྱས་ནས་སྡད་པ་རྣམས། དཔོན་ཞེན་དུ་བྱས་ནས། སྟག་ཚང་བ་དཔོན་སློབ་གསུམ་གའི་དམག་བོད་ནས་བཙོན་དུ་འཛིན་པ་སོགས་བྱས། དེ་རྗེས་ས་ཆ་བློས་མ་ཐོང་ནས་ཡུལ་དུ་འབབ་པའི་འཇིག་རྟེན་དུ། ཁོ་བོ་ལོ་བདུན་པ་(སྤྱི་ལོ་1411)གཅིག་གིས། དཔོན་དྲུང་ཧོར་སོག་པོ་ལ་ཕྱག་རྟེན་ཕུལ་ནས། ཕ་མ་བདེ་བར་བྱས།” ﹙25﹚ཞེས་གསུངས་པར་གཞིགས་ན། ཁྱི་མོ་དམག་ཆེན་ཞེས་པའང་དཔར་གཞི་འདིར་ཡི་གེ་མ་དག་པ་ཡིན་ཞིང་། དོན་དུ་ཁྱི་ལོ་དམག་ཆེན་ཡིན་ཞིང་། 《རྒྱ་བོད་ཡིག་ཚང་》དུའང་སྟག་སྣ་རྫོང་པའི་ལོ་རྒྱུས་གླེང་སྐབས། “བདག་པོ་གྲགས་པ་རྒྱལ་མཚན་པས། ཕག་མོ་གྲུ་པ་སྲིད་ལ་གཏོགས་པའི། དབུས་གཙང་གི་དམག་དཔུང་སྟོབས་ཆེ་བ་བསྡུས་ནས། མེ་ཕོ་ཁྱི་ལོ་སྟོན། སྟག་སྣ་རྫོང་ལ་བསྐོར་རྒྱག་ཡུན་རིང་བྱས།” ﹙26﹚ཞེས་དང་། “ཁྱད་པར་ཁྱི་ལོ་དམག་ཆེན་གྱི་དུས།” ﹙27﹚ཞེས་སོགས་བྱུང་བས། སྟག་སྣ་རྫོང་དང་སྟག་ཚང་རྫོང་ཁ་གཉིས་ལའི་རྒྱབ་མདུན་ཙམ་ལས་ཤིན་ཏུ་ཐག་ཉེ་བས་ན། སྟག་ཚང་དགོན་རྫོང་མཐར་བ་དོ་དཔོན་བརྒྱུད་དཔོན་དྲུང་ཧོར་སོག་པའི་དམག་གིས་སྤྱི་ལོ་1406ལོར་རྩ་གཏོར་དུ་བཏང་བ་དང་། དེ་ནས་བཟུང་མི་ལོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་སྟག་ཚང་རྫོང་ཁ་ཡང་ལོ་རྒྱུས་ཀྱི་གར་སྟེགས་ནས་འཇའ་ལྟར་ཡལ། བ་དོ་དཔོན་བརྒྱུད་དཔོན་དྲུང་ཧོར་སོག་པ་ཞེས་པ་ནི། ཐོབ་རྒྱལ་གཞིས་ཀ་མ་ཆགས་པའི་གོང་དུ་བ་དོ་དཔོན་ཟེར་བའི་ཡུལ་གཞིས་ཆུང་ཆུང་ཞིག་ཡིན་ཡང་། ཕག་གྲུའི་སྐབས་སྟག་ཚང་རྫོང་ཁའི་དབང་སྒྱུར་རྩ་མེད་དུ་བཏང་རྗེས་བ་དོ་དཔོན་རྒྱུད་ལ་ཕག་གྲུའི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ནས་ཕྱིས་ཀྱི་ཐོབ་རྒྱལ་གཞིས་ཀར་གྱུར་བ་ཡིན། ཐོབ་རྒྱལ་ཞེས་པའི་མིང་ཐོགས་ཚུལ་ལའང་ཆོས་ཕྱོགས་ནས་སྲུང་མ་ལི་བྱིན་ཧའི་སྐོར་གྱི་ཤོད་རྒྱུན་ཞིག་ཡོད་ནའང་། དོན་དུ་དེ་ནི་སྟག་ཚང་རྫོང་ཁའི་དཔོན་དམག་དང་འཐབ་ཅིང་རྒྱལ་ཁ་ཐོབ་པའམ་རྣམ་པར་རྒྱལ་བས་ན་ཐོབ་རྒྱལ་ཞེས་པའི་མིང་འདི་ཐོགས་པར་སེམས།
              དེའི་སྐོར་ས་ཆེན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་《གདུང་རབས་ངོ་མཚར་བང་མཛོད་ཀྱི་ཞལ་སྐོང་གི་བདག་ཆེན་ཀུན་དགའ་བསམ་གྲུབ་ཀྱི་ལོ་རྒྱུས་》ནང་། “ཁྱད་པར་ས་སྐྱ་བའི་དབང་གི་ཁྲིམས་ར་སྟག་ཚང་རྫོང་ཁ་དམག་གིས་བསྐོར་ནས་འཕྲོག་མི་རྣམས། ལོ་ཟླ་ཚེས་གྲངས་དུས་བཏབ་ནས་མྱུར་དུ་ཚར་གཅོད་པའི་ཁས་བླངས་གི་ཡི་གེ་ཆོས་སྐྱོང་ཆེན་པོ་ཉིད་ཀྱི་དམ་ཁ་འབྱར་བ་བདག་ཉིད་ཆེན་པོ་སྐུ་མཆེད་ཀྱི་ཕྱག་ཏུ་འབུལ་ཞུ་བ་བཞིན། དེ་ལྟར་ཕུལ་བ་ལྟར་དེ་དང་མཐུན་པར་ཡུན་རིང་མ་ལོན་པར་བསྟན་དགྲ་རྣམས་ལ་རྟགས་མཚན་མྱུར་དུ་བྱུང་བ་ཡིན་ནོ་ཞེས་ཐོས་ལ། དེ་ལྟར་སྟག་ཚང་རྫོང་ཁ་གཞན་ལག་ཏུ་འཆོར་བའི་རྒྱུ་ནི། སྔ་གོང་ཞིག རྩེ་གདོང་བདག་ཆེན་པས་སྡེ་པ་ཐོབ་རྒྱལ་བ་ལ་དཔུང་ཁྱེར་ཁྲིད་གནང་བ་ཚབས་སུ་མ་སོང་བ་ལ་བརྟེན་ནས། བདག་ཆེན་ཡང་བཙོན་དུ་ཕེབས་དགོས་ཤར་ཤིང་། དེ་མཐུན་སྟག་ཚང་རྫོང་དང་བཅས་པ་ཡང་མི་ལག་ཏུ་ཤོར་བ་ལ། རྩེ་གདོང་པ་རྣམས་ཀྱིས་ལན་ལོན་པ་ཞིག་མ་བྱུང་ཀྱང་། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་བཀའ་བཞིན་བསམ་ཡས་ཆོས་སྐྱོང་ཆེན་པོས། བདག་ཆེན་ཀུན་དགའ་བསམ་གྲུབ་ཉིད་ལ་ཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས་ཤིང་།དམ་བཅའ་ཕུལ་བ་འདི་ཡང་། གྲུབ་པའི་དབང་ཕྱུག་ཆེན་པོ་ཉིད་ལ་ཕྲིན་ལས་མགོན་པོ་སོགས་བསྟན་སྲུང་དམ་ཅན་རྒྱ་མཚོས་བཀའ་བཞིན་གྲུབ་པའི་མཚན་མ་ཡང་དག་པར་རྟོགས་ཤིང་། དེ་སྐབས་ཆོས་སྐྱོང་གི་སྤྲུལ་པས་དགྲ་བགེགས་ཚར་གཅོད་པའི་གཟིགས་སྣང་ངོ་མཚར་ཅན་བྱུང་བ་རྣམས་རི་མོར་མཛད་པ་ནི། ད་ལྟ་རྩེ་གདོང་སྲིད་གསུམ་རྣམ་རྒྱལ་གྱི་འདུ་ཁང་ཆེན་མོའི་སྒོ་ནང་ན་བཞུགས་པ་དེ་དག་ཡིན་པར་གྲགས།” ﹙28﹚ཞེས་གསུངས་པ་ལྟར་ན། དུས་མཆོད་བླ་བྲང་ཞེས་པའང་ཕྱིས་སུ་རྩེ་གདོང་བླ་བྲང་དུ་གྱུར་བས་སྟག་ཚང་རྫོང་ཁར་རྩེ་གདོང་བླ་བྲང་ནས་བདག་སྐྱོང་གནང་གི་ཡོད་པ་དང་། 《སྟག་ཚང་ལོ་ཙཱ་བའི་རང་རྣམ་》དུའང་རྩེ་གདོང་བླ་བྲང་འདི་རྩ་བའི་དཔོན་པོ་ཡིན་ཞེས་པ་སོགས་ཀྱིས་རྟོགས་ཐུབ། དེ་ལྟར་དུས་རབས་བཅུ་བཞི་པའི་དུས་དཀྱིལ་ནས་བཟུང་སྟག་ཚང་རྫོང་ཁའི་དོན་དུ་རྩེ་གདོང་བླ་བྲང་དང་ཐོབ་རྒྱལ་གཞིས་ཀ་གཉིས་མ་འཆམ་པའི་གནས་ཚུལ་མང་པོ་བྱུང་ཡོད།
              མདོར་ན་སྟག་ཚང་རྫོང་ཁ་ནི་ཐོག་མར་སྟག་ཚང་ལོ་ཙཱ་བའི་མེས་པོ་ནག་པོ་བདུད་འདུལ་ལ་དཔའ་རྟགས་སུ་བཞེངས་པ་ནས། རིམ་བཞིན་ས་སྐྱ་པས་བདག་ཏུ་བཟུང་ཞིང་། དཔོན་ཆེན་ཀུན་དགའ་བཟང་པོའི་ཕྱོགས་གཏོགས་ཀྱིས་ཡུན་རིང་བསྐྱངས་པ་དང་། དེ་ནས་དུས་མཆོད་བླ་བྲང་གི་སྲིད་ཀྱི་ས་མཁར་བཙན་པོ་ཞིག་ཏུ་གྱུར་བ། མཐའ་མར་བཤད་སྒྲུབ་གཉིས་ལྡན་གྱི་དགོན་སྡེ་ཞིག་ཏུ་གྱུར་རྗེས་དུས་རབས་བཅོ་ལྔ་པའི་དུས་སྟོད་དུ་ལོ་རྒྱུས་ཀྱི་གར་སྟེགས་ནས་ཡལ་བར་གྱུར་རོ།།
མཆན་འགྲེལ།
              ①陈庆英:《陈庆英藏学论文集》(上)[M],中国藏学出版社,2006年,第508页。载:达仓宗(stag tshang rdzong)的位置应该在今天吉隆县县城所在地宗嘎镇,是元朝后期萨迦派的都却拉章的人在宗嘎地方建立的一座城堡。
              ②ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་བསྒྲིགས། 《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990ལོ། ཤ113
              ③④སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། 《སྟག་ཚང་ལོ་ཙཱ་བའི་གསུང་འབུམ་པོད་གཉིས་པ་བཞུགས》[M] དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་པར་གཞི་དང་པོ། ཤ86 ཤ109ནས་110བར།
              ⑤ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》[M] (སྟོད་ཆ) བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་སྒྲིག་རྩོམ་བྱས།1989ལོ། ཤ105
              ⑥གཏེར་སྟོན་ཡར་རྗེ་ཨྱོན་གླིང་པ། 《བཀའ་ཐང་སྡེ་ལྔ》[M] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། སྤྱི་ལོ་2010ལོ། ཤ185
              ⑦ཇོ་ནང་ཏཱ་ར་ཎ་ཐ། 《མྱང་ཆོས་འབྱུང》 [M[ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་2002ལོའི་ཟླ་9པ། ཤ109
              ⑧རྡོ་བརྐོས་ཡི་གེ་འདི་ནི་སྤྱི་ལོ་2010ལོའི་དགུན་ཁར། ཐོབ་རྒྱལ་དགའ་ལྡན་རབ་རྒྱས་དགོན་གྱི་ཀྲུའུ་རིན་བསྟན་པ་དགེ་འདུན་ལགས་དང་ཁོ་བོས་ཐོབ་རྒྱལ་སྐོར་གྱི་ལོ་རྒྱུས་བརྩད་འཚོལ་བྱེད་སྐབས་དེ་སྔའི་ཐོབ་རྒྱལ་གཞིས་ཀ་ཆགས་ཡུལ་གྱི་མི་ཚང་ཞིག་ནས་རྙེད་སོན་བྱུང་། རྡོ་བརྐོས་ཡི་གེ་འདིའི་བཞེངས་ལོ་ཐག་གཅོད་བྱེད་དཀའ་ནའང་། ནང་དོན་དང་ཡིག་གཟུགས་ཀྱི་ཆ་ནས་པཎ་ཆེན་སྐུ་ཕྲེང་ལྔ་པའི་གོང་དུ་བཞེངས་པའི་རྐོ་བརྐོས་ཤིག་ཡིན་པའི་ཚོད་དཔག་བྱེད་ཐུབ། ཁུལ་དེར་བཤད་སྒྲོས་སུ་རྡོ་བརྐོས་དེ་འདྲ་བདུན་བརྒྱད་ཙམ་ཞིག་ཡོད་ཟེར་ནའང་ད་ལྟ་རྡོ་བརྐོས་ཡི་གེ་དེ་ལས་ལྷག་མེད། གང་ལྟར་ཡང་ཐོབ་རྒྱལ་གྱི་ལོ་རྒྱུས་གླེང་སྐབས་རྡོ་བརྐོས་ཡི་གེ་འདི་ནི་རིན་ཐང་ཤིན་ཏུ་ཆེ་བའི་དཔྱད་གཞིའི་ཡིག་ཆ་ཞིག་ཡིན།
              ⑨རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ། 《འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར》[M] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་2009ལོའི་ཟླ་8པར་པར་གཞི་དང་པོ་བསྒྲིགས། ཤ114
              ⑩ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས། 《རླངས་ཀྱི་པུ་ཏི་བསེ་རུ་རྒྱས་པ》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2013ལོའི་ཟླ་5པར་པར་གཞི་གཉིས་པ་བསྒྲིགས། ཤ192
              ⑾ལྷུན་གྲུབ་རྒྱལ་མཚན་དང་བསྟན་པ་དགེ་འདུན། 《གཙང་ཐོབ་རྒྱལ་ཡུལ་གྱི་དམངས་སྲོལ་རིག་གནས》[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་2012ལོའི་ཟླ་10 ཤ2ནས་3
              ⑿སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། 《སྟག་ཚང་ལོ་ཙཱ་བའི་གསུང་འབུམ་པོད་གཉིས་པ་བཞུགས》[M] དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་པར་གཞི་དང་པོ། ཤ12
              ⒀སྟག་ཚང་དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ》[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1985ལོ། ཤ359
              ⒁སྟག་ཚང་དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ》[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1985ལོ། ཤ290ནས་291བར།
              ⒂སྟག་ཚང་དཔལ་འབྱོར་བཟང་པོ། 《རྒྱལ་རབས་མང་པོའི་ལེགས་བཤད་རྣམ་གྲངས་ཡིད་བཞིན་ནོར་བུའི་ཕྲེང་བ》[M] དཔལ་བརྩེགས་ཡིག་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་2007ལོ། ཤ151
              ⒃ཁོང་ནི་ཆོས་རྗེ་འབར་ར་བ་རྒྱལ་མཚན་དཔལ་བཟང་གི་སློབ་མ་ཡིན་ཞེས་《གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་》ཞེས་པའི་ཤོག་གྲངས་400ནང་གསལ།
              ⒄རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ། 《རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ》[M] (པོད་གསུམ་པ) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1997ལོ། ཤ118
              ⒅⒆སྟག་ཚང་དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ》[M[ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1985ལོ། ཤ341 ཤ341ནས་342
              ⒇སྟག་ཚང་དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ》[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1985ལོ། ཤ342
              ﹙21﹚ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས། 《རླངས་ཀྱི་པུ་ཏི་བསེ་རུ་རྒྱས་པ》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2013ལོའི་ཟླ་5པར་པར་གཞི་གཉིས་པ་བསྒྲིགས། ཤ262
              ﹙22﹚སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། 《སྟག་ཚང་ལོ་ཙཱ་བའི་གསུང་འབུམ་པོད་གཉིས་པ་བཞུགས》[M] དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་པར་གཞི་དང་པོ། ཤ125
              ﹙23﹚སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། 《སྟག་ཚང་ལོ་ཙཱ་བའི་གསུང་འབུམ་པོད་གཉིས་པ་བཞུགས》[M] དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་པར་གཞི་དང་པོ། ཤ75ནས་76བར།
              ﹙24﹚ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་སོགས། 《རླངས་ཀྱི་པུ་ཏི་བསེ་རུ་རྒྱས་པ》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2013ལོའི་ཟླ་5པར་པར་གཞི་གཉིས་པ་བསྒྲིགས། ཤ339
              ﹙25﹚སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། 《སྟག་ཚང་ལོ་ཙཱ་བའི་གསུང་འབུམ་པོད་གཉིས་པ་བཞུགས》[M] དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་པར་གཞི་དང་པོ། ཤ5
              ﹙26﹚﹙27﹚སྟག་ཚང་དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ》[M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1985ལོ། ཤ415 ཤ416
              ﹙28﹚ས་ཆེན་ཀུན་དགའ་བློ་གྲོས། 《དཔལ་ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཞལ་སྐོང་》[M] (སྟོད་ཆ) དཔལ་ས་སྐྱའི་རིག་གཞུང་ཞིབ་འཇུག་ཚོགས་པས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012ལོའི་པར་གཞི་དང་པོ། ཤ12ནས་13བར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1