གཙོ་ངོས།>> ཞིབ་འཇུག>>སྐད་ཡིག

འཇམ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༠༥ཉིན།

༄༅།། དུས་རབས་གསར་པའི་མི་རིགས་སྐད་ཡིག་གི་ལོ་ཙཱའི་སྐོར་གླེང་བ།

 འཇམ་དཔལ་གྱིས་བསྒྱུར།
[ནང་དོན་གནད་བཤུས] རང་རྒྱལ་གྱི་དུས་སྐབས་གསར་པའི་མི་རིགས་སྐད་ཡིག་གི་ལོ་ཙཱར་“ཚུལ་གསུམ་”གྱི་ཁྱད་ཆོས་མངོན་པར་ལྡན་པ་སྟེ། གལ་ཆེའི་རང་བཞིན་དང་། དུས་ཡུན་རང་བཞིན། སྣ་མང་རང་བཞིན་བཅས་སོ། ། ཁྱད་ཆོས་གསར་པ་གཙོ་བོ་ནི། སྐད་ཡིག་ལོ་ཙཱ་དང་སྤྱི་ཚོགས་འཆམ་མཐུན་གྱི་འབྲེལ་བ་སྔར་བས་ཟབ་ཅིང་། སྐད་ཡིག་ལོ་ཙཱའི་ལས་དོན་གྱི་བླང་བྱ་སྔར་བས་མཐོ་བ། སྲོལ་རྒྱུན་རིག་གནས་ཀྱི་ཤུལ་དངོས་འབོར་ཆེན་ཁྲོད་དུ་ཡི་གེ་དང་ངག་རྒྱུན་ལོ་རྒྱུས་དངོས་དང་འབྲེལ་བ་ལྡན་པའི་ལོ་ཙཱ་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུག་གི་ལས་ཤིག་ཏུ་གྱུར་ཡོད། མི་རིགས་ཀྱི་སྐད་ཡིག་ལོ་ཙཱ་ཡག་པོ་བསྒྲུབ་དགོས་ན། ངེས་པར་དུ་དུས་སྐབས་གསར་པའི་སྐད་ཡིག་ལོ་ཙཱ་དག་ཚན་རིག་དང་མཐུན་པའི་སྒོ་ནས་ངོ་བོ་དང་གནས་བབ་གཏན་འཁེལ་བྱས་ཏེ། སྐད་ཡིག་ལོ་ཙཱ་དང་སྤྱི་ཚོགས་འཆམ་མཐུན། སྐད་ཡིག་འཆམ་མཐུན་བཅས་ཀྱི་འབྲེལ་བར་གྲོས་བསྡུར་གཏིང་ཟབ་བྱེད་པ་དང་། སློབ་གྲྭའི་སྐད་གཉིས་སློབ་ཁྲིད་ཁྲོད་ཀྱི་སྐད་ཡིག་ལོ་ཙཱའི་ལས་དོན་ལ་ཤུགས་བརྒྱབ་ནས་སྐད་ཡིག་ལོ་ཙཱ་བྱེད་མཁན་རྣམས་ལ་ངེས་པར་དུ་བླང་བྱ་གསར་པ་གདོན་དགོས། ལོ་ཙཱ་རིག་པ་ནི་སྐད་བརྡ་རིག་པར་གཏོགས་པའི་ཁེར་ཚུགས་ཀྱི་རིག་ཚན་ཞིག་ཡིན་པས། དེའི་རང་ངོས་ཀྱི་རིག་ཚན་ཆོས་ཉིད་དེ་ངེས་པར་དུ་མགྱོགས་མྱུར་གྱི་སྒོ་ནས་རང་རྒྱལ་གྱི་གནས་ཚུལ་དང་མཐུན་སྡེབ་ཡོང་བ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལོ་ཙཱའི་གཞུང་ལུགས་ཤིག་འཛུགས་པར་བྱེད་དགོས།
[ཐ་སྙད་གཙོ་བོ] དུས་སྐབས་གསར་པ། མི་རིགས་སྐད་ཡིག ལོ་ཙཱ། འཆམ་མཐུན།
[དཔེ་དེབ་དབྱེ་རྟགས] H205.9 
[ཡིག་ཚང་མཚོན་བྱང] A
[རྩོམ་གྱི་སྒྲིག་ཨང]1002-9117(2019)02-053-13
        གླེང་གཞི།
        སྤྱི་ཚོགས་ནི་མི་རིགས་མི་འདྲ་བ་ལས་གྲུབ་པ་དང་། མི་རིགས་མི་འདྲ་བས་སྐད་ཡིག་མི་འདྲ་བ་མང་པོ་བེད་སྤྱོད་གཏོང་གིན་ཡོད། དེ་བས་སྐད་ཡིག་ནི་མིའི་རིགས་ཀྱི་ཆེས་གལ་ཆེ་བའི་བསམ་བློ་བརྗེ་རེས་དང་། ཆ་འཕྲིན་བརྒྱུད་སྤྲོད་བྱེད་པའི་ཡོ་བྱད་ཡིན། དེར་བརྟེན་སྐད་ཡིག་མི་འདྲ་བའི་མི་རིགས་ཕན་ཚུན་བར་འབྲེལ་འདྲིས་བྱེད་ཐུབ་པ་དང་སྤྱི་ཚོགས་གཅིག་གི་ནང་མཉམ་གནས་ཡོང་བ་བྱེད་དགོས་ན། སྐད་ཡིག་གཉིས་པར་བརྟེན་པའི་མིས་མི་རིགས་མི་འདྲ་བའི་བར་དུ་འབྲེལ་འདྲིས་གཏོང་བ་ལས་གཞན། ད་དུང་སྐད་ཡིག་ལོ་ཙཱར་བརྟེན་ནས་མི་རིགས་དབར་གྱི་འབྲེལ་འདྲིས་ལེགས་འགྲུབ་ཡོང་བར་བྱེད་དགོས། དེའང་གསལ་པོར་བཤད་ན། སྐད་ཡིག་ལོ་ཙཱས་སྤྱི་ཚོགས་གནས་པ་དང་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ལྡན་ཡོད། ཡིན་ནའང་སྐད་ཡིག་ལོ་ཙཱས་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་ཐུབ་མིན་ནི་དེ་འདྲའི་ལས་སླ་བའི་བྱ་བ་ཞིག་མ་ཡིན་ཞིང་། དེའི་ནང་རིགས་པའི་གཞུང་ལུགས་ཀྱི་གནད་དོན་དང་དངོས་ཡོད་ལག་ལེན་ཐད་ཀྱི་གནད་དོན་ཁག་གཅིག་གནས་ཡོད། [1] 
        རྩོམ་འདིར་གཙོ་བོར་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྒྱ་ཡིག་གི་ལམ་དུ་ལོ་ཙཱ་བྱེད་ཚུལ་ལ་ཁ་གཏད་དེ། རང་རྒྱལ་གྱི་དུས་སྐབས་གསར་པའི་ངོ་བོ་དང་། ཁྱད་ཆོས་ཁྲོད་དུ་གནས་པའི་སྐད་ཡིག་གི་ལོ་ཙཱར་སྐད་ཡིག་ལོ་ཙཱ་དང་སྤྱི་ཚོགས་འཆམ་མཐུན། སྐད་ཡིག་ཞི་མཐུན་བཅས་ཀྱི་འབྲེལ་བར་རྣམ་བཤད་སྤེལ་བ་དང་སྦྲགས། དུས་སྐབས་གསར་བའི་སྐད་ཡིག་ལོ་ཙཱ་ཡག་པོ་ཞིག་ཇི་ལྟར་བསྒྲུབ་དགོས་པའི་ཐད་དུ་གྲོས་གཞི་འགའ་བཏོན་ཡོད།
        དང་པོ། དུས་སྐབས་གསར་པའི་རང་རྒྱལ་གྱི་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་གྱི“ཚུལ་གསུམ”།
        རང་རྒྱལ་གྱི་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་གྱི་ངོ་བོ་དང་གནས་བབ་ཇི་ལྟར་ཐག་གཅོད་དགོས་པ་ཡིན་ནམ། ལྷག་པར་དུ་རང་རྒྱལ་འདི་ཉིད་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པར་སླེབས་སྐབས། ལོ་ཙཱའི་ལས་དོན་གྱི་གནས་བབ་དང་ནུས་པར་ལྟ་སྟངས་གང་འདྲ་ཞིག་འཛིན་དགོས་རྒྱུ་དེ་ནི་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་ངོས་འཛིན་ཐད་ཀྱི་གནད་དོན་གལ་ཆེན་ཞིག་རེད། ངས་བལྟས་ན་དུས་སྐབས་གསར་པའི་ནང་རང་རྒྱལ་གྱི་མི་རིགས་སྐད་ཡིག་གི་ལོ་ཙཱའི་ལས་དོན་ལ་“ཚུལ་གསུམ་”གྱི་ཁྱད་ཆོས་མངོན་པར་ལྡན་པ་སྟེ། གལ་ཆེའི་རང་བཞིན་དང་། དུས་ཡུན་རང་བཞིན། སྣ་མང་རང་བཞིན་བཅས་སོ། །
        གཅིག རང་རྒྱལ་གྱི་སྐད་ཡིག་སྣ་མང་དང་ཡིག་རིགས་སྣ་མང་གི་གནས་ཚུལ་གྱི་དབང་གིས་སྐད་ཡིག་ལོ་ཙཱའི་ལས་དོན་གྱི་གལ་ཆེན་རང་བཞིན་ཐག་གཅོད་གནང་ཡོད།
        རང་རྒྱལ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། སྐད་ཡིག་སྣ་མང་དང་ཡིག་རིགས་སྣ་མང་ལྡན་པའི་རྒྱལ་ཁབ་ཅིག་ཀྱང་ཡིན། རྒྱལ་ཡོངས་སུ་མི་རིགས་56ཡོད་པ་དང་། སྐད་ཡིག་80ཡན་བེད་སྤྱོད་བྱེད་ཅིང་། ཡིག་རིགས་30ལྷག་ཙམ་སྤྱོད་བཞིན་ཡོད། དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་ནི་གྲངས་ཉུང་མི་རིགས་ཀྱི་འཚོ་བའི་ནང་མེད་དུ་མི་རུང་བའི་བསམ་བློ་བརྗེ་རེས་བྱེད་པའི་ཡོ་བྱད་ཅིག་ཡིན་ལ་མི་རིགས་ཀྱི་བློ་གྲོས་ཁུར་དུ་བཞེས་པ་དང་ལོ་རྒྱུས་དང་རིག་གནས་ཀྱི་ཆ་འཕྲིན་ཉར་ཚགས་བྱེད་པའི་ཡོ་བྱད་ཅིག་ཀྱང་རེད། གྲངས་ཉུང་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཀྱང་རང་ཉིད་ཀྱི་སྐད་ཡིག་ལ་འབྲལ་ཐབས་གཏན་ནས་མེད། ལོ་རྒྱུས་ཐོག་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གིས་གྲངས་ཉུང་མི་རིགས་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར། རིག་གནས་ལ་སོགས་པའི་བྱ་གཞག་ཁག་གོང་དུ་སྤེལ་བར་ནུས་པ་གལ་ཆེན་བཏོན་ཞིང་། དེ་ནི་མི་རྣམས་ཀྱིས་སྤྱི་ཁྱབ་ཏུ་ཁས་ལེན་པའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་རེད།
        དུས་རབས་གསར་པར་བསྐྱོད་སྐབས། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་གནས་ཚུལ་དང་། བྱེད་ལས་ཀྱི་ཐོབ་ཐང་གི་ཁྱད་ཆོས་གཙོ་བོ་དག་ལ་ད་དུང་སྔར་བཞིན་འགྱུར་བ་བྱུང་མེད། དེའང་གསལ་པོར་བཤད་ན། གྲངས་ཉུང་མི་རིགས་ཀྱི་གྲུབ་ཆ་གཙོ་བོ་སྔར་བཞིན་མི་རིགས་རང་གི་སྐད་དང་ཡི་གེ་བཀོལ་ནས་འབྲེལ་འདྲིས་བྱེད་པ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གིས་མི་རིགས་ས་ཁུལ་དུ་སྔར་བཞིན་དེའི་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད། མི་འབོར་ཅུང་མང་བའི་མི་རིགས་ཁ་ཤས་ཏེ།དཔེར་ན་སོག་པོ་དང་། བོད། ཡུ་གུར། ཧ་སག ཁྲའོ་ཞན། དབྱིས་རིགས། ཀྲོང་རིགས། མེའོ་རིགས་ལ་སོགས་པའི་མི་རིགས་ནི་དེ་བཞིན་ཡིན་ཞིང་། མི་འབོར་ཅུང་ཉུང་བའི་མི་རིགས་མང་ཆེ་བ་ཞིག་ཀྱང་དེ་བཞིན་ཡིན། ང་ཚོས་དངོས་སུ་བརྟག་དཔྱད་བྱས་པའི་ཇི་ནུའོ་རིགས་ལ་ཆ་མཚོན་ན། 2006ལོའི་བརྟག་དཔྱད་ཞིབ་འཇུག་གི་ཡིག་ཆ་ལས་གསལ་བོར་མངོན་གསལ་ལྟར། ཇི་ནུའོ་ཧྲན་དུ་ཇི་ནུའོ་སྐད་ད་དུང་ཡོངས་ཁྱབ་ཏུ་སྤྱད་དེ་སྔར་བཞིན་སྐྱེ་སྟོབས་ཧ་ཅང་ཆེན་པོ་ལྡན་ཡོད། ལྷོ་ནུབ་མཐའ་མཚམས་སུ་ཁྱབ་པའི་ཇི་ནུའོ་རིགས་ནི་རང་རྒྱལ་གྱི་མི་འབོར་ཅུང་ཉུང་ཤོས་ཀྱི་མི་རིགས་གྲས་ཤིག་ཡིན་པ་དང་། ཁྱོན་བསྡོམས་མི20899(2000ལོར་བསྡོམས་རྩིས་བྱས་པའི་གྲངས་ཀ)ཡོད། དེ་དག་གཙོ་བོ་ཡུན་ནན་ཞིང་ཆེན་ཤིས་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཀྲོའུ་ཅིན་ཧུང་གྲོང་ཁྱེར་ཇི་ནུའོ་ཧྲན་དུ་ཁྱབ་ཡོད་པ་དང་། མི་གྲངས་ཉུང་ནའང་ཁྱབ་ཁོངས་འདུས་སྡོད་བྱས་ཡོད། ཞང་དེའི་ཇི་ནུའོ་རིགས་98%ཡན་གྱི་མི་ཚང་མས་ཇི་ནུའོ་སྐད་ཁོང་དུ་ཆུད་པ་དང་། ཇི་ནུའོ་སྐད་ནི་འབྲེལ་འདྲིས་བྱེད་པའི་ལག་ཆ་གཙོ་བོར་གྱུར་ཡོད་ཅིང་། ཁྱིམ་ཚང་ནང་ཁུལ་གྱི་ནམ་རྒྱུན་གྱི་འཚོ་བར་དགོས་མཁོ་ངེས་ཅན་ལྡན་ཡོད་པ་མ་ཟད། ད་དུང་ཐོན་སྐྱེད་ངལ་རྩོལ་དང་སྤྱི་ཚོགས་ཀྱི་བྱེད་སྒོར་ཡང་དགོས་མཁོ་ཆེ། གྲོང་སྡེ་མི་འདྲ་བ་དང་ལོ་ཚོད་མི་འདྲ་བར་བརྟེན་ནས། ཇི་ནུའོ་སྐད་ཀྱི་བཀོལ་སྤྱོད་བྱེད་ནུས་ལའང་ཁྱད་པར་ངེས་ཅན་ཞིག་གནས་ཡོད། འོན་ཀྱང་སྤྱིའི་ཆ་ནས་བལྟས་ན། ཇི་ནུའོ་སྐད་དེ་ཉིད་གྲོང་སྡེ་ཁག་ཏུ་སྔར་བཞིན་སྲུང་སྐྱོང་ཡག་པོ་བྱེད་ཐུབ་ཡོད་པ་སྨོས་མ་དགོས་པ་རེད། [2]
        མི་རིགས་ཁག་གི་ཕ་སྐད་གནས་ཡོད་པའི་དབང་གིས་སྐད་ཡིག་ལོ་ཙཱའི་ལས་དོན་གནས་པའི་དགོས་ངེས་རང་བཞིན་ཐག་གཅོད་བྱས་ཡོད། གང་ལགས་ཤེ་ན། གྲངས་ཉུང་མི་རིགས་ཀྱིས་རང་ཉིད་ཀྱི་སྐད་ཡིག་སྤྱད་ནས་རང་ཉིད་ཀྱི་ཕ་སྐད་འཚོ་གནས་ཐུབ་པ་དང་འཕེལ་རྒྱས་བཀོལ་སྤྱོད་བྱེད་པ་ཕུད། ད་དུང་མི་རིགས་གཞན་དང་འབྲེལ་གཏུག་དང་བསམ་བློ་བརྗེ་རེས་བྱེད་དུ་འཇུག་དགོས་ཤིང་། ལྷག་པར་དུ་རང་རྒྱལ་མི་རིགས་ཀྱི་གྲུབ་ཆ་གཙོ་བོ་རྒྱ་རིགས་དང་རིག་གནས་འབྲེལ་འདྲིས་བྱས་ནས་རྒྱ་རིགས་ཀྱི་སྔོན་ཐོན་གྱི་ཤེས་བྱ་དང་ཉམས་མྱོང་ལ་སློབ་སྦྱོང་བྱེད་དགོས། དམིགས་ཡུལ་འདི་འགྲུབ་པར་བྱེད་དགོས་ན། རང་རིགས་ཀྱིས་རྒྱ་སྐད་ཁོང་དུ་ཆུད་དགོས་པའི་ཁར། ད་དུང་སྐད་ཡིག་ལོ་ཙཱར་བརྟེན་ནས་མངོན་འགྱུར་ཡོང་བ་བྱེད་དགོས། ལྷག་པར་དུ་དུས་རབས་གསར་པར་སླེབས་རྗེས། དཔལ་འབྱོར་དང་རིག་གནས། ཚན་རིག་ཤེས་བྱ་བཅས་ཆེས་ཆེར་འཕེལ་རྒྱས་སོང་སྟབས། མི་རྣམས་ཀྱིས་སྐད་ཡིག་ལོ་ཙཱར་བརྟེན་ནས་མི་རིགས་མི་འདྲ་བའི་བར་གྱི་འབྲེལ་འདྲིས་དང་ཞི་མཐུན་སྔར་བས་མངོན་འགྱུར་ཡོང་བ་བྱེད་དགོས། མདོར་ན། གྲངས་ཉུང་མི་རིགས་ཀྱི་ཕ་སྐད་གནས་ཡོད་པའི་དབང་གིས་མི་རིགས་སྐད་ཡིག་ལོ་ཙཱའི་དགོས་ངེས་རང་བཞིན་གཏན་འཁེལ་བྱས་ཡོད།
        གཉིས། སྐད་ཡིག་གི་བརྟན་གནས་རང་བཞིན་གྱིས་ལོ་ཙཱའི་ལས་དོན་གྱི་དུས་ཡུན་རིང་བའི་རང་བཞིན་གཏན་འཁེལ་བྱས་ཡོད།
        སྐད་ཡིག་ནི་འཕེལ་རྒྱས་དང་འགྱུར་ལྡོག་འགྲོ་བ་ཞིག་ཡིན། དེའི་འགྱུར་ལྡོག་ནང་དུ་སྐད་ཡིག་སྒྲིག་གཞིའི་ཁྱད་ཆོས་ཀྱི་འགྱུར་ལྡོག་དང་སྐད་ཡིག་བེད་སྤྱོད་བྱེད་ནུས་ཁྱད་ཆོས་ཀྱི་འགྱུར་ལྡོག་གཉིས་འདུས་ཡོད། སྐད་ཡིག་བྱེད་ནུས་ཀྱི་འགྱུར་ལྡོག་ངོས་ཐད་ནས་བརྗོད་ན། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་ནའང་འགྱུར་ལྡོག་གི་མྱུར་ཚད་ལ་དལ་མགྱོགས་ཀྱི་ཁྱད་པར་ཡོད་མོད། འོན་ཀྱང་སྤྱིའི་ཆ་ནས་བརྗོད་ན། ད་དུང་ཧ་ཅང་དལ་བ་དང་། བརྟན་འཇགས་རང་བཞིན་ལྡན་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ང་ཚོས་མཐོང་ཐུབ་པ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་རིང་ལ། སྔོན་ཆད་མི་རིགས་སྐད་ཡིག་བེད་སྤྱོད་གཏོང་བའི་ས་ཁུལ་དུ་མིག་སྔར་ད་དུང་མང་ཆེ་བས་གཞི་རྩའི་ཁྱད་ཆོས་ལ་འགྱུར་བ་མི་གཏོང་བ་རྒྱུན་འཁྱོངས་བྱས་ཡོད་ཅིང་། ཚང་མས་མི་རིགས་རང་ཉིད་ཀྱི་སྐད་ཡིག་ནི་འབྲེལ་འདྲིས་བྱེད་པའི་ཡོ་བྱད་དུ་སྤྱོད་ཀྱིན་ཡོད། འདིར་ཡུན་ནན་ཞིང་ཆེན་ལུང་ཁྲོན་རྫོང་ཧུའུ་ས་ཞང་ཨ་ཁྲང་རིགས་ཀྱིས་སྐད་ཡིག་བེད་སྤྱོད་གཏོང་བའི་གནས་ཚུལ་དཔེར་བླངས་ན། ང་ཚོས་ཡུལ་དངོས་སུ་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བ་ནི། ཞང་དེར་ཨ་ཁྲང་རིགས་མི11955ཡོད་པ་དང་། ཞང་སྲིད་གཞུང་གི་ཉེ་འདབས་སུ་གཞིས་སྡོད་བྱས་ཡོད་པའི་ལས་བྱེད་པའི་བུ་ཕྲུག་ཁ་ཤས་ལ་ཨ་ཁྲང་སྐད་ཀྱི་ཆུ་ཚད་མཐོན་པོ་མེད་པ་ཕུད། འདུས་སྡོད་བྱས་པའི་གྲོང་ཚོ་དང་། ད་དུང་ཨ་ཁྲང་རིགས་དང་མི་རིགས་གཞན་འདྲེས་སྡོད་བྱས་པའི་གྲོང་ཚོ་ཡིན་ནའང་། ཕོ་མོ་དང་། ལོ་ཚོད། ལས་རིགས་བཅས་ཀྱི་དབྱེ་བ་མེད་པར་མང་ཆེ་བས་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པ་རྒྱུན་འཁྱོངས་བྱས་ཡོད། ཁོ་ཚོ་དང་རང་མི་རིགས་མཉམ་དུ་སྡོད་སྐབས། ཚང་མས་ཨ་ཁྲང་སྐད་ཀྱི་འབྲེལ་འདྲིས་བྱེད་པ་དང་། ཨ་ཁྲང་སྐད་སྤྱད་ནས་བསམ་བློ་བརྗེ་རེས་བྱེད་པ་ནི་རང་བྱུང་དང་། ལུགས་སྲོལ་ཞིག་ཏུ་ཆགས་ཡོད་ལ་སྐད་ཡིག་གཞན་བཤད་རྒྱུར་ངོ་གནོང་བའི་གནས་སུ་གྱུར་ཡོད། ཨ་ཁྲང་སྐད་ཀྱིས་ཨ་ཁྲང་མི་རིགས་ཀྱི་ཁྱིམ་ཚང་གི་འཚོ་བ་དང་། སྤྱི་ཚོགས་ཀྱི་འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ལ། མི་རིགས་ཀྱི་བརྩེ་དུང་སྐྱོང་བའི་འབྲེལ་ཐག་གལ་ཆེན་ཞིག་ཏུའང་གྱུར་ཡོད། ཐ་ན་རྒྱུན་པར་ཕྱི་ན་ཞོར་ལས་དང་སློབ་སྦྱོང་། ལས་དོན་གཉེར་བ་བཅས་ལ་བྲེལ་བའི་ཨ་ཁྲང་རིགས་ཁ་ཤས་ཀྱིས་ཀྱང་ཨ་ཁྲང་སྐད་བེད་སྤྱོད་རྒྱུན་འཁྱོངས་བྱེད་ཅིང་། འདི་ལས་ཨ་ཁྲང་སྐད་དུས་ཡུན་རིང་བོར་བཀོལ་སྤྱོད་བྱེད་པའི་གསོན་ཤུགས་མཐོང་ཐུབ་པ་ཡིན།
        ཕ་སྐད་ཀྱི་བརྟན་འཇགས་རང་བཞིན་ནི་ཕ་སྐད་ཀྱི་མི་རིགས་ཀྱི་བརྩེ་དུང་དང་རང་མི་རིགས་ཀྱི་རིག་གནས་ཀྱི་ནང་དོན་ཐེག་ནུས་དང་། དེ་བཞིན་བེད་སྤྱོད་བྱེད་མཁན་གྱིས་རང་མི་རིགས་ཀྱི་སྐད་ཡིག་ལ་བཟུང་བའི་རྣམ་འགྱུར་ལ་སོགས་པའི་རྒྱུ་རྐྱེན་སྣ་ཚོགས་ཐག་གཅོད་བྱེད་བཞིན་ཡོད། སྤྱིར་བཤད་ན་ཕ་སྐད་ཀྱི་བརྟན་གནས་རང་བཞིན་ནི་ལས་སླ་མོའི་སྒོ་ནས་འགྱུར་བ་ཆེན་པོ་ཞིག་འབྱུང་མི་ཐུབ་པ་ཡིན། ལྷག་པར་དུ་རང་རྒྱལ་དུ་མི་རིགས་འདྲ་མཉམ་དང་སྐད་ཡིག་འདྲ་མཉམ་ལ་སོགས་པའི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱས་པའི་དབང་གིས། ཕྱི་རོལ་ཡུལ་གྱི་ཐོག་ནས་གྲངས་ཉུང་མི་རིགས་སྐད་ཡིག་གི་ཕ་སྐད་བརྟན་ཆགས་སུ་བཀོལ་སྤྱོད་བྱེད་པར་འགན་ལེན་བྱས་ནས་གྲངས་ཉུང་མི་རིགས་ཀྱིས་རང་ཉིད་ཀྱི་ཕ་སྐད་བེད་སྤྱོད་གཏོང་སྐབས། ཚང་མར་སེམས་གཏིང་ནས་འདྲ་མཉམ་ཀྱི་འདུ་ཤེས་དང་སྤོབས་སེམས་ཤིག་སྦྱིན་ཡོད། དངོས་ཡོད་ཀྱི་དགོས་མཁོ་ཡིན་ན། ཁོ་ཚོས་རང་དབང་མེད་པར་མི་རིགས་རང་གི་སྐད་ཡིག་བེད་སྤྱོད་བྱས་ནས་འབྲེལ་འདྲིས་བྱེད་ངེས་ཡིན། [3] 
        ཕ་སྐད་དུས་ཡུན་རིང་བོར་བེད་སྤྱོད་བྱེད་པ་ལས་ཕ་སྐད་དང་ཕ་སྐད་མ་ཡིན་པའི་སྐད་རིགས་བར་ཕན་ཚུན་ལོ་ཙཱ་བྱེད་པའི་དགོས་ངེས་རང་བཞིན་ཐག་གཅོད་བྱས་ཡོད་པ་དང་། ལོ་ཙཱའི་ལས་དོན་གྱི་དུས་ཡུན་རིང་བོའི་རང་བཞིན་ཡང་ཐག་བཅད་ཡོད་པ་རེད།
        ས་ཁུལ་མི་ཉུང་བ་ཞིག་ཏུ་ཡུལ་མི་གནས་སྤོ་དང་། རུས་རྒྱུད་གཉེན་སྒྲིག གླ་རྒྱག་ཞིང་པ་གྲོང་ཁྱེར་དུ་སླེབས་པ་སོགས་པའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་པའང་ཡོད་པ་སྨོས་མ་དགོས་ཤིང་། མི་རིགས་འདུས་སྡོད་ཀྱི་ཁྱད་ཆོས་ལ་འགྱུར་ལྡོག་བྱུང་བ་དང་། དེ་ནས་ཕ་སྐད་ཀྱི་བེད་སྤྱོད་བྱེད་ནུས་ཚད་མི་འདྲ་བའི་སྒོ་ནས་ཉམས་ཞན་དུ་འགྲོ་བ་དང་། མི་ཁ་ཤས་ཀྱི་ཕ་སྐད་ཀྱི་ནུས་པ་ཇེ་ཞན་དུ་འགྲོ་བ་དང་། ཐ་ན་སྐད་ཡིག་བརྗེ་ནས་སྤྱོད་པའི་སྣང་ཚུལ་ཡང་བྱུང་ཡོད། ཡིན་ནའང་འདི་ལྟ་བུའི་སྣང་ཚུལ་ནི་གཙོ་རྒྱུགས་གཏན་ནས་མིན་པ་དང་། གཙོ་རྒྱུགས་ཆེ་ཤོས་ནི་ཕ་སྐད་དུས་ཡུན་རིང་པོར་བཀོལ་སྤྱོད་བྱ་རྒྱུ་དེ་ཡིན་ཞིང་། མ་མཐར་ཡང་སླད་ཕྱིན་གྱི་མི་རབས་འགའི་ནང་ད་དུང་མུ་མཐུད་དུ་བཀོལ་སྤྱོད་བྱེད་དགོས་པ་རེད།
        གསུམ། རང་རྒྱལ་གྱི་མི་རིགས་སྐད་ཡིག་དང་ཡིག་རིགས་སྣ་མང་རང་བཞིན་གྱིས་སྐད་ཡིག་ལོ་ཙཱའི་ལས་དོན་གྱི་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ཐག་གཅོད་བྱས་ཡོད།
        རང་རྒྱལ་དུ་མི་རིགས་ཀྱི་སྐད་ཡིག་དང་ཡི་གེའི་གྲངས་ཀ་མང་བ་མ་ཟད། ད་དུང་རྣམ་པ་མང་ཞིང་ཁྱད་ཆོས་རྙོག་འཛིང་ལྡན་པ་ཡིན། དེའི་རིགས་ནི་ཟུར་ཚད་མི་འདྲ་བའི་ཆ་ནས་རིགས་མི་འདྲ་བར་དབྱེ་ཆོག་ཅིང་། གཙོ་བོ་སྟེ།
        སྐད་ཡིག་གི་ཁོངས་གཏོགས་ཆ་ནས་དབྱེ་ན། རང་རྒྱལ་གྱི་སྐད་ཡིག་དེ་ཉིད་རྒྱ་བོད་སྐད་ཁོངས་དང་། ཨར་ཐེ། ཨེ་ཤ་ཡ་ལྷོ་མ། ལྷོའི་གླིང་ཕྲན། ཧིན་རྡུ་དང་ཡོ་རོབ་སོགས་པའི་སྐད་ཁོངས་ལྔར་གཏོགས། རང་རྒྱལ་གྱི་སྐད་ཡིག་ཁོངས་གཏོགས་ཡིན་པའི་རིགས་འབྱེད་དེ་ནི་མིག་སྔར་ད་དུང་བཤད་ཚུལ་མི་འདྲ་བར་གནས་ཡོད་ཅིང་། དཔེར་ན། ཀྲོང་རིགས་དང་ཏུང་རིགས་ཀྱི་སྐད། མེའོ་རིགས་དང་ཡའོ་རིགས་ཀྱི་སྐད་བཅས་ནི་ཡང་སྙིང་རྒྱ་བོད་སྐད་ཁོངས་སུ་གཏོགས་མིན་ད་ལྟའང་མདུང་རྩེ་ཁ་སྤྲོད་ཀྱི་ལྟ་ཚུལ་རིགས་གཉིས་བྱུང་ཡོད། གཞན་ཡང་སྐད་ཡིག་ཁ་ཤས་ཏེ། དཔེར་ན་ཁྲའོ་ཞན་གྱི་སྐད་དང་། པེ་ཅིན་གྱི་སྐད་སོགས་ལྟ་བུ་འགའ་ཞིག་ནི་ད་ལྟའི་བར་དུ་རྒྱུད་ཁོངས་གང་ཡིན་གཏན་འཁེལ་བྱེད་ཐུབ་མེད་པ་ཡིན། དེའི་ཐོག་ནས་རང་རྒྱལ་གྱི་རྒྱུད་ཁོངས་རིགས་དབྱེ་ནི་རྙོག་འཛིང་རང་བཞིན་ལྡན་པ་མངོན་ཡོད།
        སྐད་ཡིག་གི་གྲུབ་ཚུལ་སྟེང་ནས་དབྱེ་ན། དབྱེ་ཞིབ་བྱེད་པའི་སྐད་ལུགས་དང་། མིང་མཐས་བརྡ་མཚོན་པའི་སྐད་ལུགས།ཟུར་སྣོན་གྱི་སྐད་ལུགས་སོགས་རིགས་མི་འདྲ་བར་ཕྱེ་ཡོད། རིགས་དབྱེ་མི་འདྲ་བའི་དབང་གིས། ལོ་ཙཱའི་ཐད་ནས་རིགས་དང་རྣམ་པ་མི་འདྲ་བ་ཐོན་ཡོད་ཅིང་། གལ་ཏེ་དབྱེ་ཞིབ་ཅན་དུ་གཏོགས་པའི་རྒྱ་ཡིག་དེ་ཉིད་མིང་མཐས་བརྡ་མཚོན་པའི་སྐད་ལུགས་ཀྱི་ཡུ་གུར་སྐད་དུ་བསྒྱུར་ཚེ། འདི་ནི་སྐད་ཡིག་མི་འདྲ་བའི་སྒྲིག་གཞིའི་རིགས་ཀྱི་ལོ་ཙཱར་གཏོགས་པ་ཡིན། སྐད་ཡིག་རིགས་གཅིག་ཡིན་པའི་དབང་དུ་བཏང་ན་ཡང་། ལོ་ཙཱའི་ཁྲོད་དུ་ཁྱད་ཆོས་མི་འདྲ་བར་བརྟེན་ནས་རང་ཉིད་ལ་དམིགས་བསལ་གྱི་དཀའ་གནད་དང་འཕྲད་སྲིད། དཔེར་ན། རྒྱ་སྐད་དང་དབྱིས་རིགས་ཀྱི་སྐད་ནི་དབྱེ་ཞིབ་ཅན་གྱི་སྐད་ཡིག་ཏུ་གཏོགས་མོད། འོན་ཀྱང་དེ་གཉིས་དབྱེ་ཞིབ་ཀྱི་གནས་ཚད་སྟེང་ཁྱད་པར་ཡོད་པ་དང་། ལོ་ཙཱ་བྱེད་དུས་ཀྱང་དཀའ་གནད་མི་ཉུང་བ་ཞིག་གནས་ཡོད།
        མི་རིགས་ཀྱི་མི་འབོར་ཐད་ནས་དབྱེ་ན། མི་རིགས་ལ་ལར་མི་འབོར་མང་བ་སྟེ། དཔེར་ན། ཀྲོང་རིགས་ལ་མི་ཁྲི་1617.88ཡོད་པ་དང་། (2000ལོའི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་ལྟར་ན)དེ་ནི་རྒྱལ་ཡོངས་ནས་མི་འབོར་མང་ཤོས་ཀྱི་གྲངས་ཉུང་མི་རིགས་ཤིག་རེད། མི་ཁྲི་མན་གྱི་མི་རིགས6 ཡོད་པ་སྟེ། དཔེར་ན། ཏུའུ་ལུང་རིགས་དང་། ཧོ་ཀྲི་རིགས། མོན་པ་རིགས་ལ་སོགས་པའི་མི་རིགས་ལྟ་བུ། དེར་བརྟེན་སྐད་ཡིག་ལོ་ཙཱར་སྐད་རིགས་ཆེ་བ་དང་སྐད་རིགས་ཆུང་བའི་རིགས་མི་འདྲ་བ་གཉིས་ཡོད་པར་གྱུར་པ་རེད།
        ཡི་གེ་ཡོད་མེད་ཀྱི་ཆ་ནས་དབྱེ་ན། མི་རིགས་ཁ་ཤས་ལ་ཡི་གེ་ཡོད་པ་སྟེ། དཔེར་ན་སོག་པོ་དང་། བོད། ཡུ་གུར། ཧ་སག་ལ་སོགས་པའི་མི་རིགས་དང་། མི་རིགས་ཁ་ཤས་ལ་ཡི་གེ་མེད་པ་སྟེ། དཔེར་ན། ཨ་ཁྲང་རིགས་དང་། ཇི་ནུའོ་རིགས། པུའུ་ལང་རིགས། མུའུ་ལའོ་རིགས་ལ་སོགས་པའི་མི་རིགས་ལྟ་བུ། དེ་བས་ལོ་ཙཱའི་ཐད་ནས་རིགས་གཉིས་ལ་དབྱེ་ཆོག་པ་སྟེ། གཅིག་ནི་ཡི་གེའི་ལོ་ཙཱ་ཡིན་པ་དང་། ཅིག་ཤོས་ནི་ངག་ཐོག་ལོ་ཙཱ་ཡིན། མི་རིགས་ལ་ལར་ཡི་གེའི་ལོ་ཙཱ་ཡོད་ལ་ངག་ཐོག་གི་ལོ་ཙཱ་ཡང་ཡོད།དཔེར་ན་བྱང་ཕྱོགས་སུ་ཁྱབ་ཅིང་ཡི་གེ་ཡོད་པའི་གྲངས་ཉུང་མི་རིགས་ཁ་ཤས་དེའི་ཁོངས་སུ་གཏོགས་མོད། འོན་ཀྱང་ལྷོ་ཕྱོགས་ཀྱི་མི་རིགས་མང་པོར་ཡི་གེ་མེད་པའི་དབང་གིས་ངག་ཐོག་ལོ་ཙཱ་ཁོ་ནའི་འགན་འཁུར་ལས་མེད་པ་ཡིན། ལོ་ཙཱའི་ལས་རིགས་ཁྲོད་བརྗོད་བཞིན་པའི་སྐད་ཡིག་ལོ་ཙཱ་ཞེས་པ་ནི་གཙོ་བོ་ཡི་གེའི་ལོ་ཙཱར་བརྗོད་མོད། འོན་ཀྱང་དོན་དམ་དུ་ངག་ཐོག་ལོ་ཙཱ་དེ་ཉིད་མི་རིགས་ཁག་ལ་ཁྱབ་པ་དང་དེས་ལས་འགན་གལ་ཆེན་ཁུར་དུ་བཞེས་ཡོད།
        ལོ་ཙཱའི་ནང་དོན་ཐད་ནས་དབྱེ་ན། དངོས་ཡོད་དགོས་མཁོའི་ནང་དོན་སྣ་ཚོགས་ཏེ། དཔེར་ན། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚན་རིག ལག་རྩལ་ལ་སོགས་པའི་ནང་དོན་ཐད་ཀྱི་ལོ་ཙཱ་ཕུད། ད་དུང་སྲོལ་རྒྱུན་རིག་གནས་ཤུལ་བཞག་གི་ལོ་ཙཱ་སྟེ། དཔེར་ན། འཇང་རིགས་ཀྱི་སྟོན་པའི་ཆོས་དཔེའི་ལོ་ཙཱ་དང་། དབྱིས་རིགས་ཀྱི་“པི་མོ་”རིག་གནས་ཤུལ་བཞག་གི་ལོ་ཙཱ་སོགས་ཡོད།
        ལོ་ཙཱའི་ཁ་གཏད་ཡུལ་གྱི་ཆ་ནས་དབྱེ་ན། དམིགས་འབེན་སྐད་ཡིག་གཙོ་གཞིར་གྱུར་པའི་མི་རིགས་སྐད་ཡིག་གི་ལོ་ཙཱ་ལྟ་བུ་སྟེ། དཔེར་ན། རྒྱ་ཡིག་དེ་ཉིད་སོག་ཡིག་དང་བོད་ཡིག་ཏུ་བསྒྱུར་བ་ལྟ་བུ་ཡིན་ལ། དམིགས་འབེན་སྐད་ཡིག་གཙོ་གཞི་མ་ཡིན་པའི་མི་རིགས་སྐད་ཡིག་གི་ལོ་ཙཱ་ཡིན་པ་སྟེ། དཔེར་ན། བོད་ཡིག་དང་ཡུ་གུར་གྱི་ཡི་གེ་གཉིས་རྒྱ་ཡིག་ཏུ་བསྒྱུར་བ་ལྟ་བུ་སོགས་དང་། རང་རྒྱལ་དུ་རྒྱ་ཡིག་དམིགས་འབེན་སྐད་ཡིག་བྱེད་པའི་ལོ་ཙཱས་གནས་བབ་གཙོ་བོ་བཟུང་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། རང་རྒྱལ་གྱིས་ཀྲུང་དབྱང་ནས་ས་གནས་བར་དུ་མི་རིགས་དཔེ་སྐྲུན་ཁང་མང་པོ་བཙུགས་པ་དང་། དཔེ་སྐྲུན་ཁང་གི་ལས་འགན་དུ་བྱ་ཡུལ་རིགས་དེ་གཉིས་ཀ་གཏོགས་མོད། འོན་ཀྱང་རྒྱ་ཡིག་དེ་ཉིད་གྲངས་ཉུང་མི་རིགས་ཀྱི་ཡི་གེར་བསྒྱུར་བ་གཙོ་བོ་རེད། གཞན་ཡང་ད་དུང་ཕྱི་ཡིག་དེ་ཉིད་རང་རྒྱལ་གྱི་མི་རིགས་ཁག་གི་ཡི་གེར་བསྒྱུར་བ་ཡང་ཡོད་པ་རེད།ལོ་ཙཱའི་རིགས་མི་འདྲ་བར་བརྟེན་ནས་ལོ་ཙཱའི་ནང་དོན་དང་བྱེད་ཐབས་མི་འདྲ་བ་ཐག་གཅོད་བྱས་ཡོད། ལོ་ཙཱའི་ལས་དོན་ལེགས་པར་བསྒྲུབ་དགོས་ན། ངེས་པར་དུ་ལོ་ཙཱའི་རིགས་ཀྱི་ཁྱད་ཆོས་ལ་གཞིགས་ནས། ལོ་ཙཱའི་བྱ་ཡུལ་དང་འཚམ་པའི་བྱ་ལས་ཀྱི་ཞིབ་ཕྲའི་བྱེད་ཐབས་ཐག་གཅོད་བྱེད་དགོས།
        གཉིས་པ། དུས་སྐབས་གསར་པའི་རང་རྒྱལ་གྱི་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་གྱི་ཁྱད་ཆོས་གསར་པ།
        དུས་རབས་གསར་པར་སླེབས་རྗེས། རང་རྒྱལ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། མི་དམངས་ཀྱི་དངོས་པོའི་འཚོ་བར་ལེགས་བཅོས་ཧ་ཅང་ཆེན་པོ་བྱུང་ཞིང་། བསམ་པའི་ཉམས་འགྱུར་ལ་ཡང་འགྱུར་ལྡོག་ཤིན་ཏུ་ཆེ་བ་བྱུང་ཡོད། གྲངས་ཉུང་མི་རིགས་དེང་རབས་ཅན་དུ་སྐྱོད་པའི་འཕེལ་རིམ་ཁྲོད་དུ་དམ་པོར་འབྲངས་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཅིག་ཡིན་ཕྱིན། དེའི་བེད་སྤྱོད་བྱེད་ཚུལ་དང་བྱེ་བྲག་གི་ཁྱད་ཆོས་ཀྱང་ངེས་པར་དུ་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་འགྱུར་ལྡོག་དང་བསྟུན་ནས་འགྱུར་ལྡོག་འབྱུང་ངེས་ཡིན། མི་རིགས་སྐད་ཡིག་གི་ལས་ཀའི་ཆ་ཤས་སུ་གྱུར་པའི་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་ལའང་འགྱུར་ལྡོག་གསར་པ་འབྱུང་ངེས་ཤིང་། ཁྱད་ཆོས་གསར་པ་ཐོན་ངེས་པ་ཡིན། འོ་ན་དུས་སྐབས་གསར་པའི་རང་རྒྱལ་གྱི་མི་རིགས་སྐད་ཡིག་ལོ་ཙཱར་ཁྱད་ཆོས་གང་དག་ཡོད་དམ།
        གཅིག སྐད་ཡིག་ལོ་ཙཱ་དང་སྤྱི་ཚོགས་འཆམ་མཐུན་གྱི་འབྲེལ་བ་སྔར་བས་དམ་ཟབ་ཏུ་འགྲོ་རྒྱུ།
        འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུ་ནི་རང་རྒྱལ་གྱི་མི་རིགས་ཁག་དུས་རབས་གསར་པའི་ནང་དེང་རབས་ཅན་དུ་སྐྱོད་པའི་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པའི་སློབ་སྟོན་གྱི་བསམ་བློ་གལ་ཆེན་ཞིག་ཀྱང་ཡིན། རྒྱུ་མཚན་ནི་འཆམ་མཐུན་གྱི་སྤྱི་ཚོགས་ཡོད་ན། ད་གཟོད་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་ཐུབ་པ་ཡིན། དེར་མ་ཟད་མི་རིགས་ཕན་ཚུན་དབར་འབྲེལ་འདྲིས་དང་། ཆ་འཕྲིན་གསར་པ་དྲིལ་སྒྲོག་ལས་འགན་སྒྲུབ་པའི་སྐད་ཡིག་ལོ་ཙཱ་དང་དུ་བླངས་ནས། སྤྱི་ཚོགས་འཆམ་མཐུན་སྲ་བརྟན་དང་། འཕེལ་རྒྱས་གཏོང་བར་ཚབ་བྱེད་མི་ཐུབ་པའི་ནུས་པ་གལ་ཆེན་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཕུལ་བའི《ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ཞེས་པའི་སྙན་ཞུའི་ནང་། “སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ”ཞེས་པའི་ལས་འགན་གསར་པ་གསལ་པོར་བཏོན་ཡོད་པ་དང་། “གང་ནུས་དེ་སྒྲུབ་དང་། རང་འབབ་རང་ཐོབ། འཆམ་མཐུན་མཉམ་གནས་”བཅས་ཀྱི་སྤྱི་ཚོགས་འབྲེལ་བ་འཛུགས་པའི་བླང་བྱ་བཏོན་ཡོད། སྐད་ཡིག་ལོ་ཙཱར་མཚོན་ན། ཚད་ངེས་ཅན་ཞིག་གི་ཐོག་ནས་ཕ་སྐད་འཆད་མཁན་གྱིས་སྐད་ཡིག་གཉིས་པའི(དམིགས་ཚད་སྐད)མི་འདང་སར་ཁ་གསབ་བྱེད་ཐུབ་པ་དང་། སྐད་ཡིག་མི་གཅིག་པས་དམིགས་གཏད་ཀྱི་ཆ་རྐྱེན་འོག་“གང་ནུས་དེ་སྒྲུབ་དང་། རང་འབབ་རང་འཐོབ་”བྱེད་པ་དང་། སྐད་ཡིག་གི་འབྲེལ་བ་མཐུན་སྦྱོར་ཡག་པོ་བགྱིས་ཏེ། སྐད་ཡིག་མི་འདྲ་བས་གཅིག་གྱུར་གྱི་སྤྱི་ཚོགས་ནང་འཆམ་མཐུན་མཉམ་གནས་ཡོང་བར་བྱས་ཡོད། གལ་ཏེ་སྐད་ཡིག་ལོ་ཙཱ་མེད་པ་ཡིན་ན། མི་རིགས་མི་འདྲ་བའི་སྐད་རྐྱང་རྗོད་མཁན་གྱིས་ཕན་ཚུན་ལ་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བྱེད་མི་ཐུབ་ཅིང་། གཅིག་གྱུར་གྱི་སྤྱི་ཚོགས་ནང་དུ་འཆམ་མཐུན་མཉམ་གནས་ཤིག་ཀྱང་ཡོང་མི་ཐུབ་པ་ཡིན། གལ་ཏེ་ལོ་ཙཱའི་ལས་དོན་ལེགས་པོ་བསྒྲུབ་མི་ཐུབ་ན། གནད་ལ་འཁེལ་བའི་སྒོ་ནས་ཆ་འཕྲིན་བརྒྱུད་སྤྲོད་ལ་གེགས་ཐེབས་ཏེ་གོ་ནོར་གནས་ཚུལ་ཐོན་པ་དང་། སྤྱི་ཚོགས་འཆམ་མཐུན་ཡོང་བར་གནོད་པ་ཐེབས་ངེས་རེད། ལོ་རྒྱུས་ཐོག་ལོ་ཙཱར་གོ་ནོར་བྱུང་ནས་མི་རིགས་བར་རྩོད་གཞི་བྱུང་བ་དང་། རྒྱལ་ཁབ་བར་གདོང་ཐུག་རྒྱབ་པའི་དཔེ་མཚོན་རྟག་ཏུ་འབྱུང་གིན་ཡོད། དུས་རབས་གོང་མའི་ལོ་རབས70ནང་དུ་རང་རྒྱལ་གྱི་མི་རིགས་ཁ་ཤས་ཀྱི་ལོ་ཙཱའི་ལས་དོན་ཁྲོད། རེ་ཞིག་ལ“ཀྲུང་གོ”དང“གུང་ཁྲན་ཏང་”ལ་སོགས་པའི་ཆེད་སྤྱོད་ཐ་སྙད་དང་ཐ་སྙད་གསར་པའི་བརྡ་ཆད་སྒྱུར་སྟངས་ཐད་ནས་ལྟ་ཚུལ་མི་འདྲ་བ་བྱུང་བ་མ་ཟད་རྩོད་གླེང་དྲག་པོ་བྱུང་ཡོད་པ་དང་། སྐབས་དེར་ལོ་ཙཱའི་ལས་རིགས་ཐོག་ནས་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལོ་ཙཱར་རིགས་མི་འདྲ་བའི་ངོས་འཛིན་ཚུར་སྣང་བྱུང་ཡོད། ལོ་ཙཱ་ནི“མི་རིགས་དབར་འབྲེལ་འདྲིས་བྱེད་པའི་ཟམ་པ་”དང་“མི་རིགས་འཆམ་མཐུན་གྱི་ཟམ་པ་”ལྟ་བུ་རེད། འདས་ཟིན་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱིར་དྲན་བྱས་ན། ང་ཚོས་གསལ་པོར་མཐོང་དགོས་པ་ཞིག་ནི། ཚན་རིག་གི་ལོ་ཙཱའི་རྩ་དོན་གྱིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ལ་རོགས་སྐྱོར་བྱེད་ཐུབ་ཅིང་དེ་ལས་ལྡོག་ནའང་དེ་བཞིན་ལྡོག་པའི་ལམ་དུ་འགྲོ་བ་ཡིན་ནོ། །
        གཉིས། སྐད་ཡིག་ལོ་ཙཱའི་ལས་དོན་ལ་སྔར་ལས་མཐོ་བའི་བླང་བྱ་བཏོན་ཡོད།
        དུས་རབས་གསར་པར་བསྐྱོད་པ་ན། ཚན་རིག་ལག་རྩལ་ཡར་ཐོན་སོང་བ་ནི་དེ་སྔའི་དུས་སྐབས་གང་ཞིག་ལས་ཀྱང་མགྱོགས་པ་དང་། ཆ་འཕྲིན་གསར་པ་དང་མཚན་ཉིད་གསར་པ་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད་ལ། སྐད་ཡིག་ལ་ཡང་དེ་དང་བསྟུན་ནས་འགྱུར་ལྡོག་གསར་པ་འབྱུང་གིན་ཡོད། འགྱུར་ལྡོག་དེ་ནི་གཙོ་བོ་ཐ་སྙད་ནང་དུ་བརྡ་ཆད་གསར་པ་མང་པོ་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་ཡོད་པ་སྟེ། དེའི་ནང་ཁ་ཤས་ཤིག་ལ་བརྟན་ཆགས་ཀྱི་རྣམ་པ་གྲུབ་ཟིན་ཅིང་། ད་དུང་མི་ཉུང་བ་ཞིག་སྔར་བས་འཐུས་ཚང་དུ་ཆགས་པའི་གནས་སུ་མཆིས་ཤིང་། ཁ་ཤས་ཤིག་གི་གོ་དོན་ལ་ངོས་འཛིན་བྱེད་སླ་ན་ཡང་། ཁ་ཤས་ཤིག་གནས་སྐབས་སུ་ད་དུང་གོ་བ་གཏིང་ཟབ་མི་ལོན་པའི་ཚད་དུ་བདོག འོན་ཀྱང་བརྡ་ཆད་གསར་པ་རྣམས་གལ་ཏེ་སྤྱི་ཚོགས་ཀྱི་སྨྱན་སྦྱོར་ཁྲོད་དུ་ཐོན་མ་ཐག་ལོ་ཙཱའི་ལས་དོན་གྱིས་མགྱོགས་མྱུར་དང་ཡང་དག་པའི་སྒོ་ནས་དེ་དག་མི་རིགས་ཁག་གི་སྐད་ཡིག་ཏུ་བསྒྱུར་བའི་འོས་འགན་ཕྲག་ཏུ་བཞེས་ཏེ། མི་རིགས་ཁག་ལ་ཕན་པ་ཐོབ་པར་བྱས་ཡོད། དཔེར་ན། 2007ལོར་སློབ་གསོ་པུའུ་དང་། རྒྱལ་ཁབ་སྐད་ཡིག་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི《ལོ་འཁོར་གྱི་སྐད་ཆའི་འཚོ་བའི་གནས་ཚུལ་སྙན་ཞུའི》ཁྲོད་བརྡ་ཆད་གསར་པ171ཡོངས་བསྒྲགས་བྱས་ཤིང་། དེའི་ནང་དུ་“གཟི་བརྗིད་བརྒྱད་དང་ཞེ་ཁྲེལ་བརྒྱད” “འཁོར་གཙིགས་” “པོ་ཝུན” “གྲོང་ཁྱེར་གྱི་བརྟེན་ནད”“གྲོང་བདག་ཁང་པ་” “དམངས་དཀྱུས་དྲ་མི་” “ཕོགས་ཁ་སྤོ་མཁན” “འདྲ་བའི་བསྡུར་ཚད་ཐེབས་རྩ་”སོགས་བརྡ་ཆད་གསར་པ་བྱུང་ཡོད་པ་དང་། སྐབས་དེར་མི་མང་པོ་ཞིག་ལ་མཚོན་ན་བརྡ་ཆད་གསར་པ་འདི་དག་ལ་ད་དུང་རྒྱུས་མངའ་མེད་པས་ལོ་ཙཱ་བྱེད་དུས་གོ་བ་ལེན་ཚུལ་མི་འདྲ་བར་འཕྲད་སྲིད་ཅིང་། གདམ་ག་མི་འདྲ་བ་དང་། ཐ་ན་དང་ལེན་ཅི་ཐུབ་བྱེད་དཀའ་བའི་གནས་སུ་གྱུར་ཡོད། དེ་བས། རང་རྒྱལ་དེང་རབས་ཅན་གྱི་འཛུགས་སྐྲུན་གོ་རིམ་ཁྲོད། ལོ་ཙཱའི་ལས་དོན་གྱིས་ཐོག་མཐའ་བར་གསུམ་དུ་འགལ་བ་འདི་འདྲ་ཞིག་གནས་སྲིད་པ་སྟེ།
        ཐ་སྙད་གསར་པ་འབོར་ཆེན་ཞིག་མགྱོགས་མྱུར་ངང་ཐོན་པ་དང་། ལོ་ཙཱའི་ལས་ཀ་བྱེད་མཁན་གྱིས་དུས་ཚོད་ཐུང་ངུའི་ནང་དུ་བརྡར་ཤ་འཕྱུགས་མེད་གཅོད་པར་དུས་ཚོད་ངེས་ཅན་ཞིག་བརྒྱུད་དགོས། ལོ་ཙཱ་ཁ་ཤས་ཤིག་ཡང་དག་ཡིན་ཀྱང་ལོ་ཙཱ་ཁ་ཤས་ཤིག་ཡང་དག་མིན་པ་རེད། འགལ་བ་དེ་རིགས་གནས་པ་ནི་བསྒྱུར་ནོར་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན། ལོ་ཙཱ་ལེགས་པའི་བརྩམས་ཆོས་ཤིག་ཡིན་ན་སྔར་གྱི་ཆ་འཕྲིན་གྱི་སྐྱོན་ཆ་ཉུང་དུ་གཏོང་གང་ཐུབ་བྱ་དགོས་ཤིང་། སྤོ་བསྒྱུར་ཁྲོད་དུ་མ་ཡིག་གི་དོན་སྙིང་དང་ཁྱད་ཆོས་སྲུང་འཛིན་བྱེད་ཐུབ་པ་ཞིག་ཡིན་འོས།
        གསུམ། སྲོལ་རྒྱུན་རིག་གནས་ཀྱི་ཤུལ་བཞག་འབོར་ཆེན་ལོ་ཙཱ་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་ཤིག་ཏུ་གྱུར་ཡོད།
        འཛམ་གླིང་ཡོངས་ཚན་རྩལ་ཅན་དང་ཆ་འཕྲིན་ཅན་དུ་ཕྱོགས་པའི་ད་ལྟའི་དུས་འདིར། སྲོལ་རྒྱུན་རིག་གནས་ཤུལ་བཞག་སོར་འཇོག་དང་ལེགས་སྒྲིག་བྱེད་པ་དེ་ཡང་ཉིན་རེའི་ལས་རིམ་ཞིག་ཏུ་སྤར་ཡོད། ཡིན་ནའང་སྲོལ་རྒྱུན་ཤུལ་བཞག་རིག་གནས་སོར་འཇོག་དང་ལེགས་སྒྲིག་བྱེད་པའི་གོ་རིམ་ཁྲོད་དུ། ནང་དོན་ཧ་ཅང་གལ་ཆེ་བ་ཞིག་ནི་མི་རིགས་ཁག་གི་རིག་གནས་ཤུལ་བཞག་རྣམས་རང་རྒྱལ་གྱི་མི་རིགས་ཁག་གིས་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་སྟེ། རྒྱ་སྐད་དུ་བསྒྱུར་ནས་མི་རིགས་ཁག་གིས་མཉམ་སྤྱོད་བྱེད་ཆེད་སྟབས་བདེ་བཟོ་དགོས།
        ཚན་རིག་ལག་རྩལ་འཕེལ་རྒྱས་ཆེན་པོ་སོང་བ་དེས་ནམ་ཡང་སྲོལ་རྒྱུན་རིག་གནས་ཀྱི་ཉར་ཚགས་དང་འཕེལ་རྒྱས་ལ་རྡེག་གནོན་ཐེབས་ནས་ལས་སླ་མོའི་ངང་སྲོལ་རྒྱུན་རིག་གནས་ཉམས་རྒུད་དང་མེད་བརླག་ཏུ་གཏོང་སྲིད་པ་རེད། མི་རིགས་ཤིག་གི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། མི་རིགས་མི་འདྲ་བའི་མཉམ་འདྲེས་ལ་རྒྱ་བསྐྱེད་གསར་པ་ཐོན་པའི་སྐབས་སུ།མི་རིགས་ཀྱི་རང་གཤིས་དང་ཁྱད་ཆོས་ཉམས་ཞན་དུ་འགྲོ་སྲིད་པ་དང་། སྲོལ་རྒྱུན་རིག་གནས་ཀྱི་ཤུལ་བཞག་ཉར་ཚགས་དང་རྒྱུན་འཛིན་སྣང་མེད་དུ་འཇོག་སྲིད་པ་དེ་ནི་ཕལ་ཆེར་རྒྱལ་ཁབ་ཁག་གི་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་སྤྱི་འགྲོས་རྩ་སྲོལ་ཞིག་ཏུ་གྱུར་ཡོད་པ་དང་། རང་རྒྱལ་ཡང་དེ་ལས་མ་འདས། དུས་རབས་གསར་པར་སླེབས་རྗེས། དཔལ་འབྱོར་རིག་གནས་དང་ཚན་རིག་ལག་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། འགྲིམ་འགྲུལ་ཇེ་ལེགས་སུ་ཕྱིན་པ་དང་མི་འབོར་འགྲོ་རྒྱུག་མང་དུ་འཕར་བ། རང་རྒྱལ་གྱི་མི་རིགས་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་ཁྱད་པར་རིམ་གྱིས་ཉུང་དུ་ཕྱིན་པ་དང་། མི་རིགས་ཁག་ལ་དམིགས་སུ་ཡོད་པའི་སྲོལ་རྒྱུན་རིག་གནས་ཀྱི་ཤུལ་དངོས་རེ་ཞིག་སྣང་མེད་དུ་གྱུར་ཡོད། དེར་བརྟེན་ཤེས་ལྡན་པ་ཀུན་གྱིས་སྲོལ་རྒྱུན་རིག་གནས་ཀྱི་ཤུལ་དངོས་མྱུར་སྐྱོབ་དང་སྲུང་སྐྱོབ་ལ་མཐོང་ཆེན་བྱ་དགོས་པའི་འབོད་སྐད་ཆེན་པོ་བཏང་བ་རེད། 2002ལོར་རིག་གནས་པུའུ་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག《གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》(རིག་ཁང་པར་འགྲེལ〔2000〕ཨང8 པ།)ལོ་རྒྱུས་ཡིག་ཚང་དུ་བཀོད་པ་དང་ངག་རྒྱུན་དུ་དར་ཁྱབ་ཆེ་བའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཤུལ་དངོས་འཚོལ་སྡུད་དང་། ལེགས་སྒྲིག མྱུར་སྐྱོབ་བཅས་བྱེད་དགོས་པ་ནན་གྱིས་བསྟན་ཡོད།
        དུས་ཡུན་རིང་པོའི་ཚུན་ལ། རང་རྒྱལ་གྱི་མི་རིགས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་རིག་གནས་བསྐྲུན་ཏེ།ཀྲུང་ཧྭ་མི་རིགས་ཀྱི་གཅེས་ནོར་གྲུབ་ཡོད་པ་དང་། དེ་ནི་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་བསམ་པའི་རྒྱགས་ཕྱེ་ཞིག་ཡིན།མི་རིགས་ཁག་གི་ཕུལ་བྱུང་རིག་གནས་ཤུལ་བཞག་ཁྲོད། མང་པོ་ཞིག་ནི་རང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་དང་། ཡི་གེར་བརྟེན་ནས་མཚོན་པ་དང་ཉར་ཚགས་བྱས་པ་ཞིག་ཡིན། དཔེར་ན། ངག་ཐོག་གམ་ཡིག་ཐོག་གི་རྣམ་པའི་ཐོག་ནས་མཚོན་པའི་རྩོམ་རིག་བརྩམས་ཆོས(ལོ་རྒྱུས་སྙན་ངག་དང་། ངག་རྒྱུན། གཏམ་རྒྱུད། བྱིས་སྒྲུང་། གཏམ་དཔེ། ལྷ་སྒྲུང་སོགས)དང་། ལོ་རྒྱུས་ཡིག་ཚགས(ལོ་སྒྲིག་ལོ་རྒྱུས། ཐོ་འགོད། རྡོ་རིང་ཡི་གེ། ཚན་རྩལ་གྱི་གྲུབ་འབྲས)སོགས་ཡོད། མི་རིགས་ཁག་དང་སྐད་ཡིག་ལ་འབྲེལ་བ་ཡོད་པའི་སྲོལ་རྒྱུན་རིག་གནས་ཡིན་ན། གཅིག་ནས་སྲུང་སྐྱོང་བྱེད་དགོས་པ་དང་། གཉིས་ནས་ལོ་ཙཱ་བྱེད་དགོས། ལོ་ཙཱ་བརྒྱུད་ན་ད་གཟོད་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དེ་ཉིད་མི་རིགས་གཞན་པའི་ཁྲོད་དུ་དྲིལ་བསྒྲགས་བྱེད་ཐུབ་པ་དང་། ཕན་ཚུན་ལ་འབྲེལ་འདྲིས་དང་། ཕན་ཚུན་གྱི་ཡོད་མེད་རྟོགས་པའི་དམིགས་ཡུལ་དུ་བསླེབ་ཐུབ།
        རང་རྒྱལ་མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་ཤུལ་དངོས་ཀྱི་གྲངས་འབོར་ཆེན་པོ་ཡོད་པ་དང་། ནང་དོན་ཧ་ཅང་མང་བས། སྐད་ཡིག་གི་འབྲེལ་ཡོད་ལོ་ཙཱའི་ལས་དོན་ལེགས་པར་བསྒྲུབ་དགོས་ན། ངེས་པར་དུ་མཐོང་ཆེན་ནན་མོ་བྱས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་གང་ཅིའི་ཐད་ཀྱི་ཧུར་རྩོན་རང་བཞིན་ལ་སྐུལ་སློང་བྱས་ཏེ་ཁག་བགོས་དུས་བགོས་ཀྱིས་སྤེལ་ཐབས་བྱེད་དགོས།
        གསུམ་པ། མི་རིགས་སྐད་ཡིག་གི་ལོ་ཙཱའི་རིག་ཚན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་གཞི་འགའ།
        གོང་དུ་བརྗོད་པ་ནང་བཞིན་དུས་སྐབས་གསར་བའི་སྐད་ཡིག་ལོ་ཙཱས་རང་རྒྱལ་གྱི་དེང་རབས་ཅན་གྱི་འཛུགས་སྐྲུན་དང་ལྷག་པར་དུ་སྤྱི་ཚོགས་འཆམ་མཐུན་དང་སྐད་ཡིག་འཆམ་མཐུན་ཡོང་བར་ནུས་པ་གལ་ཆེན་ལྡན་ཡོད། དེར་བརྟེན་དུས་སྐབས་གསར་པའི་ཁྱད་ཆོས་དང་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ཇི་ལྟར་གཞིར་བཟུང་སྟེ་ལོ་ཙཱའི་ལས་དོན་ལེགས་པར་བསྒྲུབ་རྒྱུ་ནི་ལོ་ཙཱའི་ཁྱབ་ཁོངས་ནས་ངེས་པར་དུ་བསམ་བློ་ནན་ཏན་གཏོང་དགོས་པའི་གནད་དོན་ཞིག་རེད། གཤམ་དུ་ངས་འབྲེལ་ཡོད་སྡེ་ཁག་དང་ལས་སྒྲུབ་མི་སྣར་དཔྱད་གཞིའི་ཚུལ་དུ་བསམ་འཆར་འགའ་གདོན་རྒྱུ་ཡིན།
        གཅིག དུས་སྐབས་གསར་པའི་སྐད་ཡིག་ལོ་ཙཱར་ཚན་རིག་དང་མཐུན་པའི་སྒོ་ནས་ངེས་པར་དུ་ངོ་བོ་གཏན་འཁེལ་དང་གནས་བབ་ངེས་གཏན་བྱེད་དགོས།
        དུས་སྐབས་གསར་པ་ནི་རང་རྒྱལ་སྤྱི་ཚོགས་འདི་ཉིད་ལོ་རྒྱུས་ཀྱི་དུས་མཚམས་གསར་རྐྱང་ཞིག་ཏུ་སླེབས་པའི་སྐབས་ཤིག་ཡིན་པས། སྐད་ཡིག་ལོ་ཙཱའི་ཐད་དུ་ནང་དོན་གསར་པ་དང་བླང་བྱ་གསར་པ་ངེས་པར་འདོན་སྲིད་པ་ཡིན། ལོ་ཙཱའི་ལས་ཀ་ཡག་པོ་བསྒྲུབ་དགོས་ན། ཚན་རིག་དང་མཐུན་པའི་སྒོ་ནས་དུས་སྐབས་གསར་པའི་སྐད་ཡིག་ལོ་ཙཱའི་ཁྱད་ཆོས་གསར་པ་དང་ཆོས་ཉིད་གསར་པར་ངོས་འཛིན་བྱེད་དགོས་པ་ལས་འདས་ཟིན་པའི་“རྙིང་པ་ཆ་ཚང་ཇི་མ་ཇི་བཞིན་འདྲ་སྤོ་བྱེད་མི་རུང་། ”གནད་དོན་མང་པོ་ཞིག་ལ་ད་དུང་ཞིབ་འཇུག་ནན་ཏན་བྱེད་དགོས་ཤིང་། རིགས་པའི་གཞུང་ལུགས་ཐོག་ཚན་རིག་དང་མཐུན་པའི་ལན་འདེབས་དགོས། དཔེར་ན། སྐད་ཡིག་ལོ་ཙཱའི་དུས་སྐབས་གསར་པའི་གནས་བབ་ནི་ཅི་ཞིག་ཡིན། ཚན་རིག་ལག་རྩལ་ཟམ་མི་ཆད་པར་འཕེལ་རྒྱས་སོང་བ་དང་བསྟུན་ནས། སྐད་གཉིས་མི་གྲངས་རྒྱུན་མི་ཆད་པར་ཇེ་མང་དུ་འགྲོ་བ་དང་། སྐད་ཡིག་ལོ་ཙཱའི་ཤུགས་སྣོན་རྒྱག་ཤུགས་ཆེ་རུ་གཏོང་དགོས་སམ་ཡང་ན་ད་དུང་སྐུམ་འཐེན་བྱེད་དགོས་སམ། དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དུ། སྐད་ཡིག་ལོ་ཙཱའི་ལས་དོན་གྱི་སྲོག་ཤིང་གི་ཁྱབ་ཁོངས་ཅི་ཡིན། སྐད་ཡིག་མང་བའི་སྤྱི་ཚོགས་ཁྲོད་དུ་སྐད་ཡིག་ལོ་ཙཱའི་ནུས་པར་ཇི་ལྟར་ཚོད་དཔག་བྱེད་དགོས།
        གཉིས། སྐད་ཡིག་ལོ་ཙཱ་དང་སྤྱི་ཚོགས་འཆམ་མཐུན། སྐད་ཡིག་འཆམ་མཐུན་བར་གྱི་འབྲེལ་བར་སྔར་བས་ལྷག་པའི་སྒོ་ནས་ཞིབ་བསྡུར་བྱེད་དགོས།
        སྤྱི་ཚོགས་འཆམ་མཐུན་ལ་ཕྱོགས་གང་ཅིའི་ཐད་ཀྱི་ནང་དོན་ཚུད་ཡོད་པ་སྟེ། མི་རིགས་མི་འདྲ་བའི་འཆམ་མཐུན་དང་། མི་ཚོགས་མི་འདྲ་བའི་འཆམ་མཐུན། རིག་གནས་མི་འདྲ་བའི་འཆམ་མཐུན། སྐད་ཡིག་མི་འདྲ་བའི་འཆམ་མཐུན་ལ་སོགས་པ་ལྟ་བུ་ཡིན་ལ། སྐད་བརྡ་འཆམ་མཐུན་ཡོང་རྒྱུ་ནི་སྤྱི་ཚོགས་འཆམ་མཐུན་ཀྱི་ཆ་ཤས་ཤིག་ཡིན། སྐད་ཡིག་འཆམ་མཐུན་ཡིན་མིན་ནི་ཐད་ཀར་སྤྱི་ཚོགས་འཆམ་མཐུན་ཡོང་ཐུབ་པར་འབྲེལ་བ་ཡོད། སྐད་ཡིག་འཆམ་མཐུན་ཡོང་ཐུབ་ཚེ་མི་རིགས་ཀྱང་གཞི་ནས་ཡར་རྒྱས་ཡོང་ཐུབ་པ་དང་། སྐད་ཡིག་འཆམ་མཐུན་མ་ཡོང་ཚེ་སྤྱི་ཚོགས་ཀྱི་འགལ་བ་འབྱུང་སྲིད་པ་དང་། ཐ་ན་སྤྱི་ཚོགས་ཀྱི་གདོང་གཏུག་ཀྱང་འབྱུང་སྲིད། ཡིན་ནའང་སྐད་ཡིག་འཆམ་མཐུན་ནང་ཡང་སྙིང་ནང་དོན་གང་དང་གང་ཚུད་ཡོད་པ་དང་། སྐད་ཡིག་ལོ་ཙཱས་ཕན་འབྲས་ལྡན་པའི་ལས་ཀ་གང་དག་སྒྲུབ་ཐུབ་ཅིང་། སྐད་ཡིག་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་གྱི་འབྲེལ་བ་ཅི་ཞིག་ཡིན་ནམ། གནད་དོན་འདི་དག་ཚང་མར་ད་དུང་ཞིབ་འཇུག་བྱེད་དགོས་པའི་གནས་སུ་གྱུར་ཡོད།
        གསུམ། ངེས་པར་དུ་སློབ་གྲྭའི་སྐད་གཉིས་སློབ་ཁྲིད་ཁྲོད་ཀྱི་སྐད་ཡིག་ལོ་ཙཱའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། 
        རང་རྒྱལ་གྱི་མི་རིགས་ས་ཁུལ་གྱི་སློབ་གྲྭའི་སྐད་གཉིས་སློབ་ཁྲིད་དང་། ནང་སྒོས་སུ་སློབ་ཆུང་ལོ་རིམ་དམའ་བའི་དུས་མཚམས་ཀྱི་སྐད་གཉིས་སློབ་ཁྲིད་ཁྲོད་དུ། དགེ་རྒན་གྱིས་རྒྱ་ཁྱབ་ངང་སྐད་ཡིག་ལོ་ཙཱ་སྤྱད་ནས་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་གཏོང་གིན་ཡོད། ཡིན་ནའང་འདས་ཟིན་པའི་དུས་སུ། སྐད་གཉིས་སློབ་ཁྲིད་ཁྲོད་ཀྱི་སྐད་ཡིག་ལོ་ཙཱའི་ཐད་དུ“རང་བྱུང” གི་རྣམ་པ་མང་པོ་མངོན་ཏེ། ཚད་གཞི་དང་ངེས་གཏན་གྱི་ལམ་ལུགས་གང་ཡང་མེད་པར། ལོ་ཙཱ་ག་ཚོད་བྱ་འདོད་ན་དེ་འདྲ་བྱེད་པ་དང་། ཅི་ཞིག་ལོ་ཙཱ་བྱེད་འདོད་ན་གང་དེ་ལོ་ཙཱ་བྱེད་ཀིན་ཡོད། དོན་དམ་དུ་སྐད་གཉིས་སློབ་ཁྲིད་ཁྲོད་ཀྱི་སྐད་ཡིག་ལོ་ཙཱར་ཆོས་ཉིད་བསྲུང་རྒྱུ་ཡོད་མོད། འོན་ཀྱང་གནས་ཚུལ་མི་གཅིག་པར་བརྟེན་ནས་རེ་བ་ཡང་མི་འདྲ་བ་རེ་ཡོད། ལོ་རིམ་དང་སློབ་ཚན་མི་འདྲ་བ་དང་། རེ་བ་མི་འདྲ་བར་བརྟེན་ནས་གཙོ་གནད་འབབ་སའང་མི་འདྲ་བ་ཡིན། མི་རིགས་མི་འདྲ་བ་དང་ས་ཁུལ་མི་འདྲ་བ། ཡི་གེ་ཡོད་པ་དང་ཡི་གེ་མེད་པའི་རིགས་ཡང་ཤིན་ཏུ་མི་འདྲ་བ་ཡིན། སློབ་གྲྭའི་ནང་དུ་སློབ་ཁྲིད་སྐབས་སྤྱོད་པའི་སྐད་ཡིག་ལོ་ཙཱ་དག་ནི་སྔར་ཡིན་ན་དེ་ཉིད་ཆེད་སྦྱོང་གི་བསླབ་གཞི་ལྟར་དུ་ཞིབ་འཇུག་བྱས་མེད་པས། སླད་ཕྱིན་ངེས་པར་དུ་ཤུགས་སྣོན་རྒྱག་དགོས་པར་འདུག
        བཞི། ངེས་པར་དུ་སྔར་ལས་ལྷག་པའི་སྒོ་ནས་དུས་སྐབས་གསར་པའི་སྐད་ཡིག་ལོ་ཙཱའི་ལས་དོན་པའི་བླང་བྱ་ཁ་གསལ་བཟོ་དགོས།
        སྐད་ཡིག་ལོ་ཙཱའི་ཆུ་ཚད་གང་འདྲ་ཡིན་མིན་ནི་རྒྱུ་རྐྱེན་མང་པོ་ཞིག་ལ་རག་ལས་ཡོད་དེ། མི་སྒེར་གྱི་རྒྱུ་རྐྱེན་དང་། སྤྱི་ཚོགས་ཀྱི་རྒྱུ་རྐྱེན། རིག་ཚན་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་ལ་སོགས་པ་ལྟ་བུ་ཡིན། འོན་ཀྱང་གནད་གཙོ་བོ་ནི་ལོ་ཙཱ་བྱེད་མཁན་གྱི་ཆུ་ཚད་ཇི་འདྲ་ཡིན་མིན་ལ་རག་ལས་ཡོད་ཅིང་། དུས་སྐབས་གསར་པའི་ལོ་ཙཱའི་ལས་དོན་པ་ཞིག་ལ་ཆ་མཚོན་ན། གཞི་རྩའི་བྱང་ཚད་གང་དག་འཛོམས་དགོས་རྒྱུ་ནི་དཔྱད་བསྡུར་སྤེལ་དགོས་པའི་གནད་དོན་གསར་པ་ཞིག་རེད།
        ལོ་ཙཱ་ནི་ཕྱོགས་བསྡུས་རང་བཞིན་གྱི་རིག་ཚན་ཞིག་རེད། ལོ་ཙཱའི་ཆུ་ཚད་ཀྱི་ནང་དུ་སྐད་ཡིག་གཉིས་ཀྱི་གོ་རྟོགས་དང་། མཚོན་སྟངས། བརྗེ་སྤོར་ལ་སོགས་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། སྤྱི་ཁོག་གི་ཆ་ནས་ཁོང་དུ་ཆུད་པར་བྱེད་པ་དང་བྱེ་བྲག་གི་ཐད་ནས་ཐག་གཅོད་བྱེད་པ་བཅས་ཀྱི་ནུས་པ་དང་། རིག་ཚན་སྣ་མང་གི་ཤེས་བྱ་བཅས་འདུས་ཡོད། གཞན་ཡང་ད་དུང་སྤྱི་ཚོགས་འཕོ་འགྱུར་གྱི་ཚོར་སྐྱེན་ནུས་པར་རིགས་མི་འདྲ་བའི་སྐད་ཡིག་གི་ཁོར་ཡུག་ཁྲོད་དུ་སྐད་ཡིག་བཀོལ་སྤྱོད་བྱེད་པའི་སྟབས་བསྟུན་བྱེད་ནུས་སོགས་ཚུད་ཡོད།
        ངས་འདི་ནས་ནན་བཤད་བྱེད་དགོས་པ་ཞིག་ནི། སྐད་ཡིག་ལོ་ཙཱར་སྐད་བརྡ་རིག་པའི་གཞུང་ལུགས་ཀྱི་བྱང་ཚད་དང་སྐད་བརྡ་རིག་པའི་ཤེས་བྱ་ངེས་ཅན་ཞིག་ལྡན་དགོས་པ་དང་། སྐད་བརྡ་རིག་པའི་གཞུང་ལུགས་ཀྱིས་སྐད་ཡིག་ལོ་ཙཱའི་ཆུ་ཚད་གོང་མཐོར་གཏོང་བར་ནུས་པ་གལ་ཆེན་ལྡན་ཡོད་པ་ཤེས་དགོས། སྐད་ཡིག་ལོ་ཙཱ་ནི་སྐད་ཡིག་རིགས་གཉིས་བརྗེ་འགྱུར་བྱེད་པ་ཡིན་པའི་སྟབས་ཀྱིས། སྐད་ཡིག་གི་གྲུབ་ཚུལ་དང་། འགྱུར་ལྡོག དེ་བཞིན་སྐད་ཡིག་གི་འབྲེལ་བར(དེའི་ནང་སྐད་ཡིག་གི་ཤུགས་རྐྱེན་དང་། སྐད་ཡིག་གི་འབྲེལ་འདྲིས། སྐད་ཡིག་ཉིས་སྤྱོད། སྐད་ཡིག་བརྒྱུད་སྤྱོད་སོགས་ཚུད་ཡོད།)ཤེས་རྟོགས་ངེས་ཅན་ཞིག་ཡོད་དགོས། སྐད་ཡིག་གི་ཁྱད་ཆོས་ལ་གསང་བའི་རང་བཞིན་དང་མངོན་གསལ་གྱི་རང་བཞིན། ཐུན་མོང་རང་བཞིན་དང་བྱེ་བྲག་གི་རང་བཞིན། ཕྱི་ཚུལ་དང་གཏིང་རིམ་བཅས་སུ་ཕྱེ་ཡོད་པས། ལོ་ཙཱའི་ཁྲོད་འབྲེལ་བ་དེ་དག་ཐག་གཅོད་ཡག་པོ་ཇི་ལྟར་བྱ་རྒྱུའི་སྐོར་ནས། ལོ་ཙཱ་བས་རིགས་པའི་གཞུང་ལུགས་ཐོག་ནས་བསམ་གཞིགས་བྱེད་དགོས་པ་དང་། གཞུང་ལུགས་སྤྱད་ནས་ལག་ལེན་ལ་མཛུབ་སྟོན་བྱེད་དགོས། ངས་བལྟས་ན། རང་རྒྱལ་གྱི་ལོ་ཙཱ་བའི་དཔུང་ཁག་གི་སྐད་བརྡ་རིག་པའི་གཞུང་ལུགས་སྤྱི་དང་ལྷག་པར་དུ་དེང་རབས་སྐད་བརྡ་རིག་པའི་རིགས་པའི་གཞུང་ལུགས་ཐད་ཀྱི་ངོས་འཛིན་ཧ་ཅང་ཞན་པར་བརྟེན། ལོ་ཙཱ་བའི་ཤེས་བྱའི་མཛོད་དུ་གལ་ཆེའི་ཡིག་ཚགས་རིམ་པ་གཅིག་ཆད་འདུག་པའི་ཕྱིར་ན། དེ་ནི་སླད་ཕྱིན་ངེས་པར་དུ་ཁ་གསབ་བྱེད་དགོས་པའི་གནས་སུ་འདུག་ལ། ཕྱི་རྒྱལ་གྱི་ལོ་ཙཱའི་གཞུང་ལུགས་ལའང་ང་ཚོར་ད་དུང་རྒྱུས་མངའ་ཆེན་པོ་མེད་པ་དང་། སྤྱོད་གོ་ཆོད་པའི་རྒྱུ་ཆ་རྣམས་བསྡུ་ལེན་བྱས་ནས་རང་ཉིད་ཕུན་ཚོགས་སུ་གཏོང་དགོས་པར་མངོན།
        ལྔ། མི་རིགས་ལོ་ཙཱའི་ལོ་རྒྱུས་དང་མི་རིགས་ལོ་ཙཱའི་གཞུང་ལུགས་ཞིབ་འཇུག་བྱེད་པར་ཤུགས་རྒྱག་དགོས།
        རང་རྒྱལ་གྱི་མི་རིགས་ལོ་ཙཱར་ལོ་རྒྱུས་ཡུན་རིང་ལྡན་པ་དང་འོད་སྟོང་འབར་བའི་ནང་དོན་ལྡན་པ་དེ་ནི་ལོ་ཙཱ་རིག་པའི་གྲུབ་ཆ་ཞིག་ཡིན། རང་རྒྱལ་གྱི་ཕུན་སུམ་ཚོགས་པའི་སྐད་ཡིག་གི་ས་གཤིན་གྱིས་ལོ་ཙཱ་བ་ཁག་ཅིག་སྐྱེད་སྲིང་བྱས་ཡོད། “《ལི་ཡུལ་གྱི་ལོ་ཙཱའི་ལོ་རྒྱུས》ཞེས་པར་གཞིགས་ན། ལོ་ཉིས་སྟོང་ལྷག་ཙམ་ཡར་སྔོན་གྱི་ཧན་རྒྱལ་རབས་སྐབས་སུ། ལི་ཡུལ་གྱི་རྒྱལ་ཁབ་སོ་དྲུག་གི་ཁྲོད་དུ་རྒྱལ་ཁབ་ཉི་ཤུར་ལོ་ཙཱའི་མཁན་པོ་ཞེས་པའི་ལས་ཐོབ་ཅིག་བཙུགས་ཡོད་པ་དང་། དེའི་ཐོག་ནས་སྐབས་དེར་གཞི་ཁྱོན་ཆེ་བའི་ལོ་ཙཱའི་དཔུང་ཁག་ཡོད་པ་ཤེས་ལ། དེ་ཡང་ཏུང་ཧན་རྒྱལ་རབས་གསུམ་གྱི་དུས་སྐབས་སུ་རང་རྒྱལ་གྱི་མིང་དུ་གྲགས་པའི་ཆོས་གཞུང་ལོ་ཙཱ་བ་ཆེན་མོ་ཀྲི་གསུམ་ཞེས་པ་ནུབ་རྒྱུད་ཡུའེ་ཧྲི་མ( སྐབས་དེར་ཏུན་ཧོང་དང་། ཐུའུ་ལུའུ་ཧྥན། ཡན་ཆི་བཅས་ཀྱི་རྒྱུད།)ཀྲི་ཁྲེན་དང་། ཀྲི་ལང་། ཀྲི་ཆན་བཅས་བྱུང་མྱོང་། ནན་པའེ་རྒྱལ་རབས་ཀྱི་ཆིན་དུས་སྐབས་རྗེས་མའི་ལི་ཡུལ་ཁྱིག་ཚི(དེང་གི་ཁུའུ་ཁྲེ)ནས་ཡིན་པའི་ལོ་ཙཱ་བ་ཆེན་པོ་ཀུ་མ་ར་ཛ་ནི་རང་རྒྱལ་གནའ་རབས་ཀྱི་ལོ་ཙཱ་བ་རྩེ་གྲ་ཡིན་ཞིང་། ཞོན་ཙང་དང་། སྟོང་མིན་རྡོ་རྗེ། དོན་དམ་བདེན་པ(པོ་ལོ་མའོ་ཐུའོ)བཅས་ལ་རང་རྒྱལ་གནའ་རབས་ཀྱི་ཆོས་དཔེ་སྒྱུར་མཁན་གྱི་ལོ་ཙཱ་བ་ཆེན་པོ་བཞི་རུ་འབོད་པ་དང་། མཚན་སྙན་གྲགས་ནི་ཞོན་ཙང་དང་མཉམ་པར” [4] གྲགས་ལ། མི་རིགས་ས་ཁུལ་གཞན་དག་ལའང་ཕུལ་དུ་བྱུང་བའི་ལོ་ཙཱ་བ་ཁག་ཅིག་བྱུང་མྱོང་ཡོད།
        མི་རིགས་ལོ་ཙཱའི་ལོ་རྒྱུས་ལ་ཞིབ་འཇུག་བྱས་ན། ང་ཚོས་ལོ་རྒྱུས་ཐོག་གི་མི་རིགས་ལོ་ཙཱའི་ལོ་རྒྱུས་འཕེལ་རིམ་དང་། ཁྱད་ཆོས་དང་ཆོས་ཉིད་བཅས་ལ་ཤེས་རྟོགས་བྱེད་ཐུབ་པའི་ཁར། སླད་ཕྱིན་མི་རིགས་སྐད་ཡིག་ལོ་ཙཱ་གོང་དུ་སྤེལ་བའི་འཕེལ་ཕྱོགས་ལ་སྔོན་དཔག་བྱེད་པའི་ཕན་ཐོགས་ཡོད་ལ། མི་རིགས་ལོ་ཙཱའི་ཁྲོད་གཞུང་ལུགས་ཀྱི་གནད་དོན་འབོར་ཆེན་འདུས་ཡོད་པས་ང་ཚོས་སྔོག་འདོན་བྱེད་འོས་པ་ཞིག་ཡིན། འོན་ཀྱང་འདས་ཟིན་པའི་མི་རིགས་སྐད་ཡིག་ལོ་ཙཱའི་ཁྲོད། ད་དུང་འདི་འདྲའི་རིན་ཐང་ལྡན་པའི་ཞིབ་འཇུག་གི་གྲུབ་འབྲས་ཤིག་མཐོང་མ་བྱུང་། རེ་བ་ཡིན་ན་སླད་ཕྱིན་འདིའི་ཕྱོགས་ཀྱི་ལས་ཀར་ཤུགས་སྣོན་རྒྱག་དགོས་ཤིང་། དཔུང་ཁག་ཅིག་རྩ་འཛུགས་བྱས་ནས་རང་རྒྱལ་གྱི་ལོ་ཙཱའི་ཆུ་ཚད་མངོན་ཐུབ་པའི་ཁར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་སྐད་ཡིག་ལོ་ཙཱའི་ལོ་རྒྱུས་དང་མི་རིགས་ལོ་ཙཱའི་གཞུང་ལུགས་ལྡན་པའི་ཆེད་རྩོམ་འགའ་བརྩམ་དགོས།
        སྐད་ཡིག་ལོ་ཙཱར་རང་ཉིད་ཀྱི་རིག་ཚན་ཁྱད་ཆོས་དང་ཆོས་ཉིད་ལྡན་ཡོད། དེས་ཇི་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བྱེད་པ་དང་གནད་ལ་འཁེལ་བའི་སྒོ་ནས་སྐད་ཡིག་གཅིག་སྐད་ཡིག་གཞན་ཞིག་ཏུ་བསྒྱུར་བར་ཞིབ་འཇུག་བྱེད་པ་ཡིན་ལ།དེའི་ཞིབ་འཇུག་བྱེད་ཐབས་ནི་རིག་ཚན་མང་པོའི་ཤེས་བྱ་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱེད་བཞིན་ཡོད། དེར་བརྟེན་ལོ་ཙཱ་རིག་པ་ནི་སྒེར་ཚུགས་ཅན་གྱི་རིག་ཚན་ཞིག་ཡིན་པ་དང་།སྐད་བརྡ་རིག་པའི་ཁོངས་སུ་གཏོགས་སོ། །
མཆན་འགྲེལ།
[1] “སྐད་བརྡའི་ལོ་ཙཱ”ཡང་ན“སྐད་ཡིག་ལོ་ཙཱ་”ཟེར། རྩོམ་འདིར་གཅིག་གྱུར་གྱིས“སྐད་ཡིག་ལོ་ཙཱ”ཞེས་སྤྱད་ཡོད་པ་དང་། དེའི་ནང་ཡི་གེའི་ལོ་ཙཱའང་ཚུད་ཡོད།
[2]ཏའེ་ཆིང་ཞས་བརྩམས་པའི་ཇི་ནུའོ་རིགས་ཀྱི་སྐད་ཡིག་བེད་སྤྱོད་བྱས་པའི་ད་ལྟའི་གནས་ཚུལ་དང་དེའི་འཕོ་འགྱུར་ཞེས་པར་གཟིགས།[M]པེ་ཅིང། ཚོང་དོན་དཔར་འདེབས་ཁང་། 2007ལོ།
[3]ཏའེ་ཆིང་ཞས་བརྩམས་པའི་ཨ་ཁྲང་རིགས་ཀྱི་སྐད་ཡིག་བེད་སྤྱོད་བྱས་པའི་ད་ལྟའི་གནས་ཚུལ་དང་དེའི་འཕོ་འགྱུར་ཞེས་པར་གཟིགས།[M]པེ་ཅིང་། ཚོང་དོན་དཔར་འདེབས་ཁང་། 2008 ལོ།
[4]ཁྲུན་ཧྲུའུ་ཀའེ་ཡིས་བརྩམས་པའི་དུས་བསྟུན་ཡར་རྒྱས་དང་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་ལྗོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་ཆུ་ཚད་མཐོར་འདེགས་གཏོང་བར་ཧུར་བརྩོན་བྱེད་དགོས། [ J ] སྐད་ཡིག་དང་ལོ་ཙཱ། 2006 ལོ།(4)
ཟུར་ལྟའི་དཔྱད་གཞི།
1. ཅིན་ཞིན་ཧྭས་བརྩམས་པའི་ཀྲུང་གོའི་མི་རིགས་སྐད་ཡིག་ལས་དོན།[M]པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2005 ལོ།
2. ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཉེར་སྤྱོད་ཞིབ་འཇུག[M]ཁུན་མིང་། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། 2000ལོ།གསལ་བཤད། རྩོམ་འདི་ནི 2008ལོའི《མི་རིགས་ཡིག་སྒྱུར》དེབ་དང་པོ་ལས་འདེམས་ཏེ་བསྒྱུར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1