༄༅།། འགྱིག་ཤོག་ལས་བྱུང་བའི་སྟབས་བདེ་དང་གནོད་འཚེ།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 09-05


        མི་རིང་བའི་གོང་། པར་ཙིར་གྱི་སང་ཐན་ཏེ་དངུལ་ཁང་གིས་དངུལ་ཁང་དེ་ཉིད་2020ལོར་པར་ཙིར་གྱི་འགྱིག་ཤོག་གི་ཁུག་མ་མེད་པའི་དངུལ་ཁང་དང་པོ་དེར་བསྒྱུར་རྩིས་ཡོད་པའི་ཁྱབ་བསྒྲགས་བྱས་ཤིང་།  “འགྱིག་ཤོག་གི་ཁུག་མ་མེད་པའི་དངུལ་ཁང་གི་འཆར་གཞི”དེས་ཐོག་མར་སྤྱོད་གཅིག་མའི་འགྱིག་ཤོག་ཐོན་རྫས་དཔེར་ན། འགྱིག་ཕོར་དང་འགྱིག་དམ་སོགས་མི་ཉོ་བ་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་ནས་འགྱིག་ཤོག་མེད་པའི་ཁོར་ཡུག་ཅིག་རིམ་བཞིན་གཏོད་རྒྱུ་དེ་རེད། པར་ཙིར་ཙམ་མ་ཟད། གོ་ལ་ཧྲིལ་པོའི་ས་ཁུལ་ཁག་ཏུ་མིའི་རིགས་དང་འགྱིག་ཤོག་དབར་གྱི“དམག་འཐབ”ཉིན་རེ་ལས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད།
        མིའི་རིགས་ཀྱིས་སྤྱོད་གཅིག་མའི་འགྱིག་ཤོག་ཐོན་རྫས་ཚད་མེད་གཡུག་པ་དེས་སའི་གོ་ལར་འགྱིག་ཤོག་གི་གནོད་འཚེ་ཚབས་ཆེན་བཟོས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྙན་ཞུའི་ནང་བསྟན་དོན། འཛམ་གླིང་ཡོངས་ཀྱིས་ཁྱོན་བསྡོམས་འགྱིག་ཤོག་ཐོན་རྫས་ཏུན་དུང་ཕྱུར་90ཐོན་སྐྱེད་བྱས་པའི་ནང་། ཡང་སྐོར་བསྐྱར་སྐོར་གྱིས་སྤྱོད་ཚད་9%ལས་ཟིན་གྱི་མེད་པ་རེད།
        འགྱིག་ཤོག་ལ་ལོ་100ལྷག་ཙམ་གྱི་ལོ་རྒྱུས་ལས་མེད་ཅིང་།  གང་དེ་ཐོག་མར་ཐོན་སྐབས་སྐྲག་སྣང་སྐྱེ་དགོས་པ་ཞིག་གཏན་ནས་མེད། དེ་ལས་ལྡོག་ཏེ་དེས་སྟོངས་ལ་ཉེ་བའི་སྲོག་ཆགས་སྐྱོབ་མྱོང་ཡོད་པ་མ་ཟད། ད་དུང་སྒྲོམ་སྟེགས་སྤོ་ལོ་སོགས་སྐུ་དྲག་གི་ལུས་རྩལ་དག་ཕལ་པའི་ཁྱིམ་དུ་གདན་དྲངས་ཡོད། དེའང་ཐོག་མའི་སྒྲོམ་སྟེགས་སྤོ་ལོ་ནི་གླང་ཆེན་གྱི་བ་སོས་བཟོས་པ་ཞིག་རེད། གླང་ཆེན་གྱི་བ་སོ་གཅིག་གིས་སྒྲོམ་སྟེགས་སྤོ་ལོ་5ལས་བཟོ་ཐུབ་ཀྱི་མེད་སྟབས། སྒྲོམ་སྟེགས་སྤོ་ལོའི་ལུས་རྩལ་དེ་ཡོ་རོབ་ནུབ་མར་ཁྱབ་པ་དང་བསྟུན་ནས། སྐབས་ཤིག་རིང་གླང་ཆེན་སྟོངས་ལ་ཉེ་བའི་གནས་སུ་གྱར། ཡིན་ནའང་། 1869ལོར་ཨ་རིའི་གསར་གཏོད་པ་ཧའེ་ཨེ་ཐེས“སད་ལུ་ཀ”ཞེས་བྱ་བའི་འགྱིག་ཅིག་གསར་དུ་བཏོད་པས།  འགྱིག་གི་སྒྲོམ་སྟེགས་སྤོ་ལོས་བ་སོའི་སྒྲོམ་སྟེགས་སྤོ་ལོའི་ཚབ་བྱས་ཐུབ་ཡོད། 
        ད་དུང་། “སད་ལུ་ཀ”ཐོན་པ་དང་བཟོ་ལས་ཀྱི་ཤེས་དཔལ་དར་བ་ཏག་ཏག་འཁེལ་བས། མ་གནས་དམའ་བའི“སད་ལུ་ཀ”ལས་རེས་སྐོར་གསར་པའི“རྒྱུ་ཆའི་གསར་བརྗེ”ཞིག་ལངས་ཤིང་། འགྱིག་ཤོག་གིས་བཟོ་སྐྲུན་གྱི་མ་གནས་མཐོ་བའི་དངོས་པོ་མང་པོའི་ཚབ་བྱས་ཐུབ་ཡོད་ལ།   དངོས་པོ་དག་ཀྱང་མང་ཚོགས་ཀྱི་འཚོ་བའི་ནང་དར་ཐུབ་པ་བྱུང་ཡོད།
        འགྱིག་ཤོག་སྤྱོད་རྗེས་བསྐྱུར་ན་ཆོག་པས།  དེས་མི་རྣམས་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད།  འོན་ཀྱང་དུས་ཡུན་རིང་པོ་སོང་བ་དང་སྦྲགས། འགྱིག་ཤོག་ཚད་མེད་སྤྱད་པའི་དབང་གིས་སྦགས་བཙོག་ཚབས་ཆེན་བཟོས་པས། མིའི་རིགས་ཀྱིས་འགྱིག་ཤོག་ལ་འཛིན་པའི་རྣམ་འགྱུར་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 2002ལོར་དབྱིན་ཇིའི《སྲུང་སྐྱོབ་ཚགས་པར》གྱིས་འགྱིག་ཤོག་དེ“མིའི་རིགས་ཀྱི་ཆེས་སྡུག་ཤོས་ཀྱི་གསར་གཏོད”ཅིག་ཡིན་པའི་ངོས་འཛིན་པ་དང་། རྒྱལ་ཁབ་དང་ཁེ་ལས་མང་པོ་ཞིག་གིས་སྤྱོད་གཅིག་མའི་འགྱིག་ཤོག་ཐོན་རྫས་བཀག་འགོག་བྱེད་འགོ་བཙུགས་ཡོད། 
        འགྱིག་ཤོག་ལས་ཁོར་ཡུག་ལ་གནོད་འཚེ་བཟོས་པའི་གནད་དོན་ཐག་གཅོད་བྱ་ཆེད། མི་རྣམས་ཀྱིས་འགྱིག་ཤོག་མི་སྤྱོད་པའི་འཚོ་བ་སྐྱེལ་སྟངས་ཤིག་ཚོད་ལྟ་དང་འཚོལ་ཞིབ་བྱས་དང་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་མང་པོ་ཞིག་གིས“འགྱིག་ཤོག་ཚོད་འཛིན”བྱེད་པ་ནས“འགྱིག་ཤོག་བཀག་འགོག”བྱེད་པའི་བར་སྐྱོད་འགོ་ཚུགས་ཡོད། ཉེ་ཆར། ཡོ་རོབ་གྲོས་ཚོགས་ཀྱིས་རྣམ་གནོན་རང་བཞིན་གྱི་གྲངས་མང་ཐོག་ནས་ཁྲིམས་དོན་གྲོས་གཞི་ཞིག་ལ་གྲོས་འཆམ་བྱས་པ་དང་། དེ་ཡང་། 2021ལོ་ནས་བཟུང་། ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱིས་སྤྱོད་གཅིག་མའི་འགྱིག་ཤོག་ཐོན་རྫས་ཕྱོགས་ཡོངས་ནས་བཀག་འགོག་བྱེད་རྒྱུའི་གཏན་འབེབས་བྱས་པའི་ནང་འགྱིག་ཤོག་གི་ལྟོ་སྣོད་དང་། ལྒང་ཕུག ཞོག་ལྷེབ་བླུགས་སྣོད། དེ་བཞིན་བྱི་རིལ་པགས་པ་སོགས་ཚུད་ཡོད། ད་དུང་དགའ་བར་འོས་པ་ཞིག་ལ། འགྱིག་ཤོག་གི་3Dའཁོར་རྒྱུག་པར་འཁོར་དང་། རུལ་ཐུབ་པའི་འགྱིག་ཤོག་ཐོན་པས། མི་རྣམས་ཀྱིས་འགྱིག་ཤོག་གི་སྦགས་བཙོག་དམག་འཐབ་ལ་རྒྱལ་ཁབ་ཐོབ་པའི་འོད་སྣང་མཐོང་ཐུབ་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1