གཙོ་ངོས།>> དེང་རབས་མི་སྣ།>>སྒྱུ་རྩལ་པ།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༩ཚེས་༠༦ཉིན།

༄༅།། བློ་བཟང་ཚེ་རིང་།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        


འབའ་ཐང་གླུ་བ་བློ་བཟང་ཚེ་རིང་གི་གནས་ཚུལ་རགས་བཀོད།

    (སྤྱི་ལོ1979ལོའི་ཟླ་བ7པར། བློ་བཟང་ཚེ་རིང་འབའ་ཐང་རྫོང་བྱ་ཁྱུང་གྲོང་རྡལ་བར་ཤོག་གྲོང་སྡེ་གཉིས་པའི་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། 1995ལོར་འབའ་ཐང་མི་རིགས་དགེ་འོས་སློབ་གྲྭ(ད་ལྟ་ཁམས་ལྷོ་མི་རིགས་མཐོ་རིམ་སློབ་གྲྭ།)ལ་སློབ་སྦྱོང་བྱས་ཤིང་། རོལ་དབྱངས་དགེ་རྒན་བཀྲ་ཤིས་ལྷ་མཚོ་སོགས་ཀྱིས་ངང་རྒྱུད་རིང་པོའི་ཁྲིད་སྟོན་འོག་གླུ་གར་གྱི་སྐྱེས་སྟོབས་དང་བག་ཆགས་རིམ་གྱིས་བརྟས་པ་དང་། སློབ་མཐར་ཕྱིན་ཁར་སློབ་གྲྭ་ནང་གི་སྐད་གྲགས་ཡོད་པའི་གླུ་བ་དང་སློབ་གྲྭའི་ཞབས་བྲོ་རུ་ཁག་གི་རྐང་འཛིན་མི་སྣར་གྱུར་པ་རེད། 2013ལོའི་ཟླ་བ7པར། རྒྱལ་ཡོངས་མང་ཚོགས་རིག་རྩལ་འགྲན་ཚོགས་གལ་ཆེན་གྱི་ཡ་གྱལ་དུ་གྱུར་པའི་ཀྲུང་གོའི་ནུབ་རྒྱུད་དམངས་གླུ་འདུ་ཚོགས་སྐབས་བཅུ་གཅིག་པའི་ཁྲོད་དུ་ཞུགས་ནས་བྱ་དགའ་ཨང་གཉིས་པ་བླངས་པ་རེད།)

    སྐྱེས་སྟོབས་ཤེས་རབ་བརྟེན་ནས་སྒྱུ་རྩལ་ལམ་དུ་ཞུགས།

    1998ལོའི་ཟླ་བ7པར། བློ་བཟང་ཚེ་རིང་བོད་ལྗོངས་ཆབ་མདོ་ས་ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱིས་ནང་འདྲེན་བྱས་ཏེ་བོད་ལྗོངས་སྨར་ཁམས་རྫོང་གྲུ་བ་ལུང་ཡུལ་ཤོག་གི་སློབ་ཆུང་དུ་དགེ་རྒན་གྱི་བྱ་འགན་ཁུར། ཁོས་བོད་རྒྱ་སྐད་ཡིག་གི་སློབ་ཁྲིད་ལས་འགན་ཁུར་བར་མ་ཟད། ད་དུང་སློབ་གྲྭ་ཡོངས་ཀྱི་རོལ་དབྱངས་དགེ་རྒན་གྱི་འགན་ཡང་ཁུར་བ་རེད། སྐབས་དེ་དུས་ཆ་རྐྱེན་ཞན་ཞིང་རོལ་དབྱངས་ཀྱི་སློབ་ཆས་གང་ཡང་མེད་པས་འབྲི་ཆུའི་འགྲམ་ངོགས་ཀྱི་ལུས་རྩལ་ཐང་དུ་ཁ་ཐོག་ནས་གླུ་དབྱངས་མི་ཁྲིད་ཀ་མེད་ཡིན་པ་རེད། བློ་བཟང་ཚེ་རིང་གིས་ད་ལྟ་ང་རང་ལ་ཡོད་པའི་ངག་སྐད་ནི་སྐབས་དེ་དུས་འབྲི་ཆུར་ཁ་གཏད་ནས་སློབ་མ་ཚོར་གླུ་དབྱངས་ཁྲིད་པའི་མཇུག་འབྲས་ཡིན་ས་རེད་ཅེས་སྨྱུག་འཛིན་པར་རྩེ་དགའི་ཚུལ་དུ་དེ་ལྟར་བཤད།

    2000ལོའི་ཟླ་བ4པར། གཞུང་རྒྱུགས་སྤྲད་པར་བརྒྱུད་བློ་བཟང་ཚེ་རིང་ཆབ་མདོ་ས་ཁུལ་ཨུ་ལྷན་རྩ་འཛུགས་པུའུ་(ད་ལྟ་ཆབ་མདོ་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ)རུ་ལས་གནས་སྤོས། ཆབ་མདོར་བསླེབས་ནས་ཡུན་མི་རིང་བར་ཁོ་རང་ཆབ་མདོ་ས་ཁུལ་གྱི་ལོ་ཆུང་གླུ་བ་འགྲན་བསྡུར་ནང་ཞུགས་ནས་ཆང་གཞས་ཤིག་བླངས་པས་བྱ་དགའ་ཨང་གཉིས་པ་ཐོབ་པ་རེད། 2000ལོའི་ཟླ་བ7པར། ལོ་ལོན་མཐོ་རྒྱུགས་སྤྲད་པར་བརྒྱུད་ནས་ཁོང་ལ་ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་དུ་ཟབ་སྦྱོང་བྱེད་པའི་གོ་སྐབས་ཐོབ། རིག་གནས་དང་སྒྱུ་རྩལ་གྱི་ཁོར་ཡུག་བཟང་བའི་རྒྱལ་ས་པེ་ཅིང་དུ་བསླེབས་དུས། ཁོང་གིས་ཆེད་ལས་སློབ་ཚན་སྦྱོང་བ་དང་ཆབས་ཅིག པེ་ཅིང་གྲོང་ཁྱེར་ཁྲང་ཕིང་ཆུས་རིག་གནས་ཁང་གི་ཝང་ཅིན་ཡན་དགེ་རྒན་དུ་བསྟེན་ནས་སྐད་གདངས་རིག་པ་སྦྱངས་པ་རེད། དེའི་རྗེས་ཁོང་གིས་དུས་ཚོད་ཁོམ་སྐབས་ཡོད་ཚད་དམ་འཛིན་བྱས་ནས་རང་གི་སྒྱུ་རྩལ་གྱི་ཡོན་ཏན་ཇེ་ཆེར་བཏང་། ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱིས་ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོག་པར་བསུ་མ་ཞུ་བའི་སྙན་ངག་གྱེར་འདོན་འགྲན་བསྡུར་ཁྲོད་ཁོང་གིས་བྱ་དགའ་ཨང་དང་པོ་བླངས་པ་དང་། ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་མདོ་འཛིན་པའི་འགྲན་བསྡུར་ཆེན་པོ་ནང་དུ་མདོ་འཛིན་པ་ཆེས་བཟང་པོ་བཅུའི་མཚན་སྙན་ཐོབ་ཡོད། 2003ལོའི་ཟླ་བ11པར། ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་གྱི་སློབ་རའི་གླུ་བའི་འགྲན་བསྡུར་སྐབས་ལྔ་པའི་ཐོག་འབའ་ཐང་གི་ཆང་གཞས《ཆང་ལ་ཚེ་རིང་》ཞེས་པ་བླངས་ནས་བྱ་དགའ་ཨང་དང་པོ་བླངས་པ་རེད།

    པེ་ཅིང་ནས་ཕྱིར་ལོག་རྗེས། བློ་བཟང་ཚེ་རིང་གིས་མུ་མཐུད་ནས་སྔོན་མའི་ལས་ཁུངས་སུ་རྩ་འཛུགས་སྒྲིག་བཟོའི་ལས་དོན་བསྒྲུབས་པ་རེད། སྟེར་དབང་གི་གོ་སྐབས་ཤིག་ལ་གུང་གཞོན་ཚོགས་པ་ཆབ་མདོ་ས་ཁུལ་ཨུ་ལྷན་གྱིས་གདན་འདྲེན་ཞུས་ནས་གཏམ་བཤད་འགྲན་བསྡུར་ཞིག་མདོ་འཛིན་བྱས་པ་རེད། དེའི་རྗེས་ཀྱི་ལོ་འགའི་ནང་དུ་ཁོང་གི་མདོ་འཛིན་ལས་ཀའི་ཐད་ཡར་ཐོན་ཆེན་པོ་བྱུང་ཡོད། 2008ལོ་ནས2010ལོའི་བར། བསྟུད་མར་ལོ་གསུམ་ལ་ཆབ་མདོ་ས་ཁུལ་གྱི་དཔྱིད་གསར་དུས་ཆེན་དང་བོད་ལོ་སར་གྱི་མཉམ་འབྲེལ་དགོང་ཚོགས་ལེ་ཚན་གྱི་མདོ་འཛིན་པ་བྱས་པར་མ་ཟད། ཆབ་མདོ་ས་ཁུལ་གྱི་རོལ་དབྱངས་འཁྲབ་སྟོན་ཟློས་གར་ཐོག་མ་སྟེ《གཟི་འོད་འཕྲོས་པའི་ཤར་བོད་མུ་ཏིག》ཅེས་པའི་འཁྲབ་སྟོན་དུ་ཞུགས་ཡོད། 2010ལོའི་ཟླ་བ10པའི་ཚེས23ཉིན། ཆབ་མདོ་ས་ཁུལ་གྱི་འཐུས་ཚབ་ཡིན་པའི་ཆ་ནས་བློ་བཟང་ཚེ་རིང་བོད་ལྗོངས་བརྙན་འཕྲིན་ཁང་དུ་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ60འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཐད་གཏོང་མདོ་འཛིན་ལས་ཀའི་ཁྲོད་དུ་ཞུགས་པ་དང་ཆབས་ཅིག རྟེན་འབྲེལ་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་མཁན་བསྟར་བསྒྲིགས་རུ་ཁག་གི་གནས་ཚུལ་རྒྱའི་སྤྱི་སྐད་ཀྱི་ཐོག་ནས་འགྲེལ་བཤད་རྒྱག་པ་རེད། དོན་དག་འདིའི་སྐོར་གླེང་བའི་ཚེ། བློ་བཟང་ཚེ་རིང་གིས་སེམས་འགུལ་ཐེབས་པའི་ངང་ནས་ཐ་དེ་རིང་ལ་ཡང་ངས་རང་གིས་རང་ལ་ཡིད་ཆེས་དཀའ་མོ་རེད། ང་རང་ལས་ཞོར་མདོ་འཛིན་ལ་དགའ་མཁན་ཞིག་དེ་འདྲའི་ཐད་གཏོང་མདོ་འཛིན་ཆེ་གྲས་ཤིག་ཏུ་ཞུགས་ཐུབ་སོང་ཞེས་བཤད་པ་རེད།

    2011ལོར། བློ་བཟང་ཚེ་རིང་ཆབ་མདོ་ནས་བོད་རང་སྐྱོང་ལྗོངས་ཏང་ཨུའི་ལས་བྱེད་པ་རྒན་པའི་ཅུས་སུ་ལས་གནས་སྤོས། རིག་རྩལ་གྱི་ཡོན་ཏན་ཆེ་བས་མི་རིང་བར་བོད་རང་སྐྱོང་ལྗོངས་ལས་བྱེད་པ་རྒན་པའི་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་ཁག་ཏུ་ཞུགས་པ་རེད། ལོ་དྲུག་གི་རིང་ལ་ལེ་ཚན་མདོ་འཛིན་པ་དང་ཁེར་གླུ་གླུ་བ་ཡིན་པའི་ཆ་ནས་ཁོང་རང་སྔ་ཕྱིར་ལྷ་ས་དང་ལྷོ་ཁ། གཞིས་ཀ་རྩེ། ནག་ཆུ། ཁྲེང་ཏུའུ་སོགས་སུ་རིགས་སྣ་ཚོགས་ཀྱི་འཁྲབ་སྟོན་ཐེངས40ལྷག་ལ་ཞུགས་པ་རེད། 2015ལོར་འཁྲབ་ཁྲིད་པའི་ཡ་གྱལ་ཞིག་ཡིན་པའི་ཆ་ནས་ཁོང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་ལས་བྱེད་པ་རྒན་པའི་འཁྲབ་སྟོན་རུ་བསྟར་གྱི་ལེ་ཚན་སྒྲིག་བཟོ་ལས་ཀའི་ཁྲོད་དུ་ཞུགས་ནས་འཛམ་གླིང་ཡོངས་ལ་བོད་ལྗོངས་ཀྱི་ལས་བྱེད་པ་རྒན་པའི་བརྗིད་ཉམས་ངོམས་སུ་བཅུག་པ་རེད། ཉེ་བའི་ལོ་ཤས་རིང་ལ། ཁོང་གིས་ལས་ཞོར་དུས་ཚོད་དམ་འཛིན་བྱས་ནས་རྩོམ་རིག་འབྲི་བའི་ལས་ལ་གཞོལ། 2012ལོ་དང2015ལོར་ནག་ཆུ་ས་ཁུལ་དཔལ་མགོན་རྫོང་དུ་བཅའ་སྡོད་བྱེད་རིང་《ནོར་སྟེང་བསྡད་པའི་སེམས་ཚོར》དང་《དོ་གེའི་བརྩེ་དུང་》ཞེས་པའི་བརྩམས་ཆོས་བོད་རང་སྐྱོང་ལྗོངས་གཞི་བརྟན་དམངས་ཕན་གཞུང་ལས་ཁང་གིས་པར་སྐྲུན་བྱས་པའི་གྲོང་སྡེར་བཅའ་སྡོད་བྱེད་པའི་དཔེ་ཚོགས་《གྲོང་སྡོད་ཉིན་ཐོ》《ང་རང་གྲོང་སྡེར་བཅའ་སྡོད་བྱེད་པའི་གཏམ་རྒྱུད》ཀྱི་ནང་དུ་བདམ་པ་རེད། སྔ་རྗེས་སུ་ལྷ་སའི་དགོང་དྲོའི་ཚགས་པར་དུ《2012ལོ་ལ་ཕུལ་བ》དང་《ཕ་ཡུལ་གྱི་སྤྲིན་པ》《ལྷ་སའི་ཉི་འོད》སོགས་སྙན་ངག་དང་ལྷུག་རྩོམ8བཀོད་ཡོད། 《བོད་ལྗོངས་ལས་བྱེད་པ་རྒན་པ》ཞེས་པའི་དུས་དེབ་ཏུ《བོད་ལྗོངས་ཀྱི་ལས་བྱེད་པ་རྒན་པའི་གླུ་དབྱངས》དང་《དཔྱིད་འགོ་ཤར་བའི་དུས་ཚིགས་སུ་བྲིས་པ》《མངའ་རིས་ཀྱི་དྲན་ཐོ》《པོ་ཏ་ལའི་དྲན་འཆར》སོགས་ཀྱི་བརྩམས་ཆོས་བཀོད་ཡོད། 2015ལོར་གདན་ཞུས་ལྟར་བོད་ལྗོངས་ཀྱིས་གསར་བཟོ་ཐོག་མར་བྱས་པའི་《ཉི་ཤར་དང་ཉི་ནུབ》ཅེས་པའི་བྲོ་གར་གྱི་རྩོམ་ཡིག་འབྲི་འགན་ཁུར་ནས་ལེགས་གྲུབ་བྱུང་ཡོད། བྲོ་གར་འདི་ནི་བོད་ལྗོངས་བརྙན་འཕྲིན་ཁང་གིས་བཟོས་ཤིང་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པས་འཁྲབ་སྟོན་བྱས་པའི་ཐོག བྲོ་གར་དེ་ཀྲུང་གོའི་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོའི་ཞབས་བྲོ་པའི་མཐུན་ཚོགས་ཀྱིས་ལག་ལེན་མཉམ་བསྟར་བྱས་པའི་ལོ་ཆུང་ཞབས་བྲོའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྒྱབ་སྐྱོར་འཆར་འགོད་ཀྱི་ལས་གཞིའི་གྲས་སུ་ཚུད་ཡོད་པ་རེད།

    སྦྱངས་སྟོབས་ཡོན་ཏན་བརྒྱུད་ནས་རྒྱལ་ཡོངས་བྱ་དགའ་བླངས།

   2012ལོར། ངོ་སྤྲོད་བྱས་པར་བརྒྱུད་རོལ་དབྱངས་ལ་ཆེས་དགའ་བའི་བློ་བཟང་ཚེ་རིང་སྟབས་ལེགས་པ་བོད་ཀྱི་མཐོ་གདངས་གླུ་མ་གྲགས་ཅན་ཡེ་ཤེས་སྒྲོལ་མའི་སློབ་མར་གྱུར། དེའི་རིང་ཁོང་ལ་ངག་འགྱུར་འགུག་ལུགས་དང་བརྩེ་དུང་གཏོང་འཛིན། སྐད་སྒྲ་ཚོད་འཛིན་སོགས་ཕྱོགས་སོ་སོར་དེ་བས་ཆེད་ལས་རང་བཞིན་ལྡན་པའི་སྦྱོང་བརྡར་ཐོབ་ཡོད་པ་རེད།

    2013ལོའི་ཟླ་བ7པར། དགེ་རྒན་ཡེ་ཤེས་སྒྲོལ་མས་འོས་སྦྱོར་བྱས་པར་བརྒྱུད། ཁོང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ལིང་ཞ་ཡཱིན་ཁྲོན་དུ་མངགས་ནས་རྒྱལ་ཡོངས་མང་ཚོགས་རིག་རྩལ་འགྲན་ཚོགས་གལ་ཆེན་གྱི་ཡ་གྱལ་དུ་གྱུར་པའི་ཀྲུང་གོའི་ནུབ་རྒྱུད་དམངས་གླུ་འདུ་ཚོགས་སྐབས་བཅུ་གཅིག་པའི་ཁྲོད་དུ་ཞུགས་པ་རེད། བློ་བཟང་ཚེ་རིང་གིས་ང་རང་རྒྱལ་ཡོངས་རང་བཞིན་གྱི་གླུ་དབྱངས་འགྲན་བསྡུར་ཆེ་གྲས་སུ་ཐེངས་དང་པོར་ཞུགས་པ་ཡིན་ཞིང་། རང་ལ་གདེང་ཚོད་གང་ཡང་མི་འདུག བྱ་དགའ་འཐོབ་རྒྱུའི་རེ་བ་ཡང་གཏན་ནས་བཅངས་མེད། དེ་ནས་དགེ་རྒན་ཡེ་ཤེས་སྒྲོལ་མས་གོ་བསྐོན་སློབ་གསོ་དང་སྐུལ་མ་ཡང་ཡང་བྱས་འོག་ཚོད་ལྟའི་རྣམ་འགྱུར་བཟུང་ནས་ཐེངས་དེའི་འགྲན་བསྡུར་ལ་ཞུགས་པ་ཡིན། གླུ་དབྱངས་འདེམས་པའི་ཐད་ལ་ཡང་དགེ་རྒན་ཡེ་ཤེས་སྒྲོལ་མ་དང་གྲོས་མོལ་བྱས་མཐར་བརྟན་པོར་ཡོང་ཆེད་ཆ་རྒྱུས་ཆེ་བའི་འབའ་ཐང་གི་ཆང་གཞས《ཆང་ལ་ཚེ་རིང་》ཞེས་པ་དེ་བདམས་པ་ཡིན། བསམ་ཡུལ་འདས་པ་རླུང་རྟ་དར་ནས་བྱ་དགའ་ཨང་གཉིས་པ་ཐོབ་སོང་། ཞེས་སེམས་ཀྱི་སྤྲོ་བ་བཞིན་རས་སུ་མངོན་ནས་སྨྱུག་འཛིན་པར་དེ་ལྟར་བཤད་པ་རེད།

    2015ལོར་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་དགེ་རྒན་ཟླ་བ་ཕུན་ཚོགས་ཀྱིས་བློ་བཟང་ཚེ་རིང་གི་སྐད་ངག་དང་འཚམ་པའི་《ཁ་བཏགས་ཀྱི་སྨོན་ལམ》ཞེས་པ་བརྩམས་ནས་སྒྲ་ཕབ་བྱས་པ་རེད།

   2017ལོའི་ཟླ་བ6པར། བོད་རང་སྐྱོང་ལྗོངས་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུས་ཀྱི་མཉམ་ལེན་རུ་ཁག་གིས་བོད་རང་སྐྱོང་ལྗོངས་ཀྱིས་བདུན་གཅིག་ལ་རྟེན་འབྲེལ་ཞུ་བ་དང་ཏང་དྲིན་དྲན་པ་ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་ཞུ་བའི་གླུ་དབྱངས་འགྲན་བསྡུར་ཁྲོད་དུ་ཨང་གཉིས་པའི་བྱ་དགའ་ཐོབ་པ་དང་། དེའི་ཁྲོད་དུ་བློ་བཟང་ཚེ་རིང་གིས་《ཁྲི་ཆུ་ཐེངས་བཞི་བརྒལ་ནས་དམག་རྩལ་ངོམས》ཞེས་པའི་སྐྱེས་པའི་གླུ་དབྱངས་སྣེ་ཁྲིད་བྱེད་མཁན་དང་གྱེར་འདོན་བྱེད་མཁན་གྱི་འགན་ཁུར་བ་རེད།

    ད་ལྟར་བློ་བཟང་ཚེ་རིང་ལས་བྱེད་པ་རྒན་པའི་ལས་དོན་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་སྔར་བཞིན་རང་འཁྲིའི་ལས་དོན་ལ་ལྷག་བསམ་ཆེ་བ་དང་། བོད་ལྗོངས་ཀྱི་ལས་བྱེད་པ་རྒན་པའི་ལས་དོན་ལ་རང་གི་ནུས་ཤུགས་ཡོད་ཚད་ཕུལ་དང་འབུལ་བཞིན་ཡོད་པའི་ཁར། གླུ་དབྱངས་ལེན་པ་དང་མདོ་འཛིན་བྱ་རྒྱུའི་ལས་དོན་ལ་ཡང་བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱས་ཏེ་མི་ཚེའི་འཚོ་བ་ཕུན་སུམ་ཚོགས་པ་ཞིག་རོལ་བཞིན་བཞུགས་སོ།།

    ཁམ་བུ་ཁ་ལ་ཞིམ་བྱུང་།། མེ་ཏོག་མིག་ལ་མཛེས་བྱུང་།། ཁམ་སྡོང་ཁྲ་མོའི་འོག་ལ།། མེ་ཏོག་ཆར་བ་འབབ་བྱུང་།། ཞེས་པའི་འབའ་གཞས་སྙན་མོ་དེས་ནམ་ཡང་ཡུལ་གཞན་དུ་ཡོད་པའི་འབའ་བ་ཚོར་སེམས་འགུལ་ཚད་མེད་ཐེབས་པ་བཞིན། བློ་བཟང་ཚེ་རིང་གིས་ཀྱང་ནམ་ཡང་ང་རང་ནི་གཞས་ཀྱི་ཆོལ་ཁ་ནས་ཡོང་བ་ཡིན། ངའི་རུས་རྒྱུད་ནམ་ཡང་འབའ་ཐང་དུ་ཡོད། ངས་ནམ་ཡང་ཕ་ཡུལ་བདེ་བའི་སྨོན་ལམ་འདེབས་ཀྱི་ཡོད་ཅེས་ཕ་ཡུལ་ལ་འགྱུར་བ་མེད་པའི་དགའ་ཞེན་མཚོན་པའི་སྐད་ཆ་བཤད་དང་འཆད་བཞིན་མཆིས་སོ།། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1