མཛོད་དགེ་རྫོང་གིས་དྲོད་ཁང་བསྐྲུན་ཏེ་དགུན་ཁ་བསྐྱལ་བར་འགན་ལེན་བྱས།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-06



      ཕྱུགས་ལས་ནི་མཛོད་དགེ་རྫོང་གི་སྲོལ་རྒྱུན་གྱི་ཐོན་ལས་ཤིག་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོན་ལས་གཙོ་བོའང་ཡིན། ད་ལོ་ནས་བཟུང་ཏའེ་དབྱང་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་ཁྲོད་ཕྱུགས་ཟོག་གི་དྲོད་ཁང་རྣམ་གྲངས་འཛུགས་སྐྲུན་བྱས་ནས་ཕྱུགས་ཟོག་བདེ་འཇགས་ངང་དགུན་ཁ་བསྐྱལ་ཐུབ་པར་འགན་ལེན་བྱས། 
      ཉེ་ཆར་གསར་འགོད་པས་མཛོད་དགེ་རྫོང་གི་བཞག་ལྡོམ་གྲོང་རྡལ་གྱི་མཐའ་བ་གྲོང་ཚོ་རུ་རྒྱུས་ལོན་པ་ལྟར་ན། ཏའེ་དབྱང་གྲོང་ཁྱེར་གྱིས་རོགས་སྐྱོར་བྱས་ནས་བསྐྲུན་པའི་གྲོང་ཚོའི་ཐུན་མོང་གི་དྲོད་ཁང་ལེགས་འགྲུབ་བྱུང་ཡོད་ཅིང་། དྲོད་ཁང་དེའི་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་800ཡོད་པ་དང་། དྲོད་ཁང་ཚང་མ་སོ་ཕག་གིས་བསྐྲུན་ཡོད་ལ། རྣམ་གྲངས་དེར་ཏའེ་དབྱང་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་20བཏང་ཞིང་། གྲོང་མི་ཚོས་མ་དངུལ་སྒོར་ཁྲི་7དང་སྟོང་6བཏང་སྟེ་དྲོད་ཁང་དེ་བསྐྲུན་པ་ཡིན།
      སྔོན་ཆད་དྲོད་ཁང་མེད་ཅིང་དགུན་ཁ་ཁ་བ་ཆེན་པོ་བབས་ཤིང་། ཕྱུགས་ཟོག་ལ་གཟན་རྩྭ་མེད་པས་ཕྱུགས་ཟོག་མང་པོ་འཆི་འགྲོ་བས་ང་ཚོར་གྱོང་རྒུད་ཆེན་པོ་ཐེབས་སྲིད། ད་ལྟ་དྲོད་ཁང་འདི་བསྐྲུན་རྗེས་དགུན་ཁ་ཁ་བ་ཆེན་པོ་བབས་ཀྱང་ཕྱུགས་ཟོག་ལ་གནོད་སྐྱོན་མི་ཐེབས་པས་དྲོད་ཁང་འདི་བསྐྲུན་རྗེས་ང་ཚོར་ཕན་ཐོགས་ཆེན་པོ་ཡོད། ཅེས་བཞག་ལྡོམ་གྲོང་རྡལ་གྱི་མཐའ་བ་གྲོང་ཚོའི་གྲོང་མི་བློ་བཟང་བསྟན་ཆེན་གྱིས་གསར་འགོད་པ་དེ་ལྟར་བཤད། 
      སྔོན་ནས་ད་ལྟའི་བར་མཛོད་དགེ་རྫོང་གི་ཕྱུགས་ཟོག་འཚོ་སྐྱོང་ནི་དབྱར་དགུན་སྟོན་དཔྱིད་སྐབས་སེམས་ཁྲལ་བྱེད་ས་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། དགུན་ཟླ་རིང་མོའི་གྲང་ངར་ཁྲོད་ཕྱུགས་ཟོག་ལ་གཟན་རྩྭ་ཐག་གཅོད་བྱེད་པ་ནི་འབྲོག་པ་མང་ཚོགས་ཀྱི་སེམས་ཁུར་བྱེད་ས་གཙོ་བོ་ཞིག་ཡིན་པས། ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གི་ཕྱུགས་ལས་འཕེལ་རྒྱས་ཀྱི་གནད་དོན་ལ་དམིགས་ཤིང་། ཏའེ་དབྱང་བོད་ཁུལ་རོགས་སྐྱོར་བས་ད་ལོའི་ལོ་སྟོད་དུ་རྫོང་འབྲོག་ལས་ཚན་རྩལ་ཅུས་ལ་ཕྱུགས་ཟོག་གི་དྲོད་ཁང་འཛུགས་སྐྲུན་གྱི་ཐད་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་200བཏང་ཞིང་། ཐང་སྐོར་དང་བྱམས་མེ། དཔལ་སྐྱིད་སོགས་ལ་ཕྱུགས་ཟོག་གི་དྲོད་ཁང་76བསྐྲུན་པ་དང་། ཆོས་རྗེ་ཡུལ་ཚོར་དྲོད་ཁང་80ལྷག་བསྐྲུན། 
     མཛོད་དགེ་རྫོང་གི་ཞིང་འབྲོག་ལས་ཚན་རྩལ་ཅུས་ཀྱི་ལས་བྱེད་མི་སྣ་མའོ་ཧྭ་ཏུང་གིས་གསར་འགོར་པ་ངོ་སྤྲོད་བྱས་པ་ལྟར་ན། 2012ལོར་ཏའེ་དབྱང་བོད་ཁུལ་རོགས་སྐྱོར་ལས་དོན་མགོ་ཚུགས་པ་ནས་བཟུང་། རྫོང་གི་འབྲོག་ཕྱུགས་ལས་ཅུས་ཀྱིས་རྒྱབ་སྐྱོར་འོག་རོང་འབྲོག་ཁུལ་དུ་དྲོད་ཁང་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་བྱས་ཤིང་། འབྲོག་པ་མང་ཚོགས་ཀྱིས་ཕྱུགས་ཟོག་འཚོ་སྐྱོང་ལ་ཕན་འབྲས་བསྐྲུན་པ་མ་ཟད། དཔལ་འབྱོར་གྱི་ཡོང་འབབ་ཀྱང་མཐོ་རུ་ཕྱིན་ཡོད།
      རྒྱུས་ལོན་པ་ལྟར་ན། མིག་སྔར་བཞག་ལྡོམ་གྲོང་རྡལ་གྱི་མཐའ་བ་གྲོང་ཚོའི་ཁྱིམ་ཚང་10ལྷག་གི་དྲོད་ཁང་ཞིབ་བཤེར་རྩིས་ལེན་བྱས་ཡོད་ཅིང་། ད་དུང་དྲོད་ཁང་66འཛུགས་སྐྲུན་བྱེད་བཞིན་ཡོད། མདོར་ན་ད་ལོའི་ཟླ་10པར་དྲོད་ཁང་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ཐུབ་བོ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1